ཡོང་ཁུངས། བོད་ཀྱི་དུས་བབ།
རྒྱ་ནག་གཞུང་གིས་ཧོང་ཀོང་སྐོར་ལ་ཡིག་ཆ་དཀར་པོ་ཟེར་བ་ཞིག་འདོན་སྤེལ་བྱས་ཏེ་ཧོང་ཀོང་གི་རང་སྐྱོང་གནས་བབ་དང་མང་ཚོགས་ཀྱི་རང་དབང་སོགས་ལ་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཧོང་ཀོང་སྐོར་ལ་ཡིག་འབྲུ་ ༢༣༠༠ ཅན་གྱི་ཡིག་ཆ་དཀར་པོ་ཟེར་བ་ཞིག་འདོན་སྤེལ་ཁྱབ་བསྒྲགས་བྱས་ཏེ། རྒྱ་གཞུང་གིས་ཧོང་ཀོང་ནང་སྔར་ལྷག་དམ་དྲག་དང་དབང་བསྒྱུར་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་འཁོད་ཡོད་ཅིང་། འདི་ནི་༡༩༩༧ ལོའི་ཟླ་༧ པའི་ཚེས་༡ ཉིན་དབྱིན་ཡུལ་གྱིས་རྒྱ་གཞུང་ལ་ཧོང་ཀོང་རྩིས་སྤྲོད་བྱས་རྗེས་ཀྱི་ཡིག་ཆ་དཀར་པོ་ཐོག་མ་དེ་ཆགས་ཡོད་འདུག
ཡིག་ཆ་དེར་དོན་ཚན་ ༥ ཡོད་ཅིང་། དོན་ཚན་དང་པོ། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་དོན་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་། གཉིས་པ། ཧོང་ཀོང་གི་རང་སྐྱོང་གནས་བབ། གསུམ་པ། ཧོང་ཀོང་ནང་གྲུབ་འབྲས་གང་ཐོན། བཞི་པ། ཧོང་ཀོང་གི་འཕེལ་རྒྱས། ལྔ་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་གོ་དོན་དང་ལག་བསྟར་བྱེད་ཕྱོགས་སོགས་ཡིན་འདུག ཡིག་ཆ་དེ་ཁྱབ་བསྒྲགས་བྱས་མ་ཐག་ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་གི་ཤེས་ཡོན་ཅན་དང་ཕྱི་རྒྱལ་ཁག་ཏུ་སྡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་རྒྱ་གཞུང་གྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་ཡོད།
ཡིག་ཆ་དེའི་ནང་རང་སྲིད་རང་སྐྱོང་སྐོར་ལ། “ཀོང་ཧོང་ལ་རང་སྲིད་རང་སྐྱོང་གི་གནས་བབ་གང་འདྲ་སྤྲོད་མིན་ནི་རྒྱ་ནག་གཞུང་ལ་རག་ལས་ཡོད་སྟབས། རྒྱ་ནག་གཞུང་ལ་ཧོང་ཀོང་གི་ཁྲིམས་ལུགས་ལ་བཅོས་བསྒྱུར་གཏོང་རྒྱུའི་བདག་དབང་ཆ་ཚང་ཡོད།” ཅེས་དང་། “རྒྱ་ནག་དབུས་གཞུང་ལ་ཧོང་ཀོང་གཙོས་རྒྱལ་ནང་གི་ས་གནས་སྲིད་གཞུང་ལ་དབང་བསྒྱུར་བྱེད་རྒྱུའི་དབང་ཚད་ཡོད་པ་མ་ཟད། རྒྱ་ནག་གི་མགོ་ཁྲིད་ཚོར་ཧོང་ཀོང་ལ་ཐད་ཀར་སྟངས་འཛིན་དང་། ཧོང་ཀོང་གི་ལམ་ལུགས་ལ་བཅོས་བསྒྱུར་གཏོང་རྒྱུའི་བདག་དབང་ཡོད་སྟབས། མ་འོངས་པར་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་ཏན་ཏན་འགྱུར་བ་ཡོང་རྒྱུ་ཡིན།” ཞེས་སོགས་འཁོད་ཡོད་འདུག
ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་སྐོར་ལ། “ཧོང་ཀོང་ནང་གཞི་རྩའི་ཁྲིམས་ལུགས་ཇི་ལྟར་བཟོ་མིན་ནི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་ཐག་གཅོད་བྱས་ཏེ་ལག་བསྟར་བྱེད་དགོས་སྟབས། མ་འོངས་པར་ཧོང་ཀོང་གི་ཁྲིམས་ལུགས་དག་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན།” ཞེས་འཁོད་འདུག
འདིའི་ཐད་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་དགེ་རྒན་ཆེན་མོ་བ་ཅང་ (Jiang Shigong) ཡིས། “རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱི་འབྲེལ་དང་རྒྱལ་སྲུང་འབྲེལ་ལམ་སྐོར་ལ་ཐེ་ཇུས་བྱེད་བཞིན་ཡོད་པ་ཙམ་མ་ཟད། ད་ལྟ་ཧོང་ཀོང་གི་འཛིན་སྐྱོང་གནད་དོན་ལའང་ཐེ་ཇུས་བྱ་རྒྱུའི་ཁྲིམས་ལུགས་བཟོ་བཞིན་འདུག” ཅེས་བརྗོད་འདུག
ཧོང་ཀོང་གི་མ་འཁྱོག་དྲང་ཐིག་དུས་དེབ་ ( Open Magazine) ཀྱི་གཙོ་འགན་རྩོམ་སྒྲིག་པ་ཙེ་ཡང་མེ་ (Tsai Yung-mei) ཡིས། “ཏིང་ཞོ་ཕིན་གྱིས་ལོ་ཧོང་ཀོང་གི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་དེར་མ་འོངས་པའི་ལོ་ངོ་ ༥༠ རིང་བཅོས་བསྒྱུར་གང་ཡང་གཏོང་རྒྱུ་མིན་ཞེས་ཁས་ལེན་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གིས་ཧོང་ཀོང་འཛིན་སྐྱོང་བྱ་རྒྱུའི་ཚད་མཐོའི་རང་སྐྱོང་ལྗོངས་ཀྱི་གནས་བབ་དེ་འཕྲོག་བཞིན་འདུག” ཅེས་བརྗོད་འདུག
ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་ཡིག་ཆ་དཀར་པོ་འདོན་སྤེལ་བྱས་པ་དེ་ནི། རྒྱ་ནག་གི་དབང་ཤུགས་ཧོང་ཀོང་ནང་ཇེ་ཆེར་གཏོང་རྒྱུའི་སྲིད་ཇུས་ཤིག་ཆགས་ཡོད་སྟབས། མ་འོངས་པར་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུག
ཡིག་ཆ་དཀར་པོ་འདི་ནི་རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༢༥ འཁོར་བའི་ཉིན་མོར་ཧོང་ཀོང་ནང་མི་མང་གཉིས་འབུམ་ལྷག་གིས་དུས་དྲན་སྲུང་གཙི་དང་འབྲེལ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། འབྱུང་འགྱུར་ཕྱི་ཟླ་༧ ཚེས་༡ ཉིན་རྒྱ་ནག་གིས་ཧོང་ཀོང་དབྱིན་ཇིའི་ལག་ནས་རྩིས་ལེན་བྱས་ཏེ་ལོ་ངོ་ ༡༧ འཁོར་བའི་ཉིན་མོ་སླེབས་ལ་ཉེ་བ་བཅས་དང་བསྟུན་ཏེ་བཏོན་པ་ཞིག་ཡིན་འདུག
ཡིག་ཆ་དེའི་དོན་ཚན་གཉིས་པར་ནང་གསེས་གཉིས་ཡོད་ཅིང་ནང་གསེས་དང་པོའི་ནང་། རྒྱ་ནག་གི་མགོ་ཁྲིད་ཚོར་རྒྱ་ནག་གི་ཁྲིམས་ལུགས་དང་མཐུན་པ་ཧོང་ཀོང་འཛིན་སྐྱོང་དང་། ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས། ཁྲིམས་ལུགས་གཏན་འབེབས་བྱེད་ཕྱོགས་སོགས་ཀྱི་དབང་ཚད་ཞིབ་འགོད་དང་། དོན་ཚན་གཉིས་པའི་ནང་གསེས་གཉིས་པའི་ནང་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པར་ཀོང་ཧོང་ནང་ཚད་མཐོའི་རང་སྐྱོང་ལྗོངས་ལག་བསྟར་ཐུབ་ཐབས་དང་། ཧོང་ཀོང་གི་སྤྱི་ཁྱབ་པ་བསྐོ་བཞག་བྱེད་ཕྱོགས་སོགས་འགྲེལ་བཤད་བརྒྱབ་ཡོད་ཅིང་། དོན་ཚན་བཞི་པར་ནང་གསེས་བཞི་ཡོད་པ་ལས་ནང་གསེས་དང་པོའི་ནང་རྒྱ་གཞུང་གིས་ཧོང་ཀོང་གི་དཀའ་ངལ་ལ་གདོང་ལེན་དང་རྒྱབ་སྐྱོར་བྱ་ཕྱོགས་དང་། གཉིས་པ། ཧོང་ཀོང་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཏུ་བསྒྱུར་ཐབས། གསུམ་པ། རྒྱ་ནག་དང་ཧོང་ཀོང་བར་དོན་འབྲས་སྨིན་པའི་མཉམ་ལས་བྱས་ཏེ་རྒྱལ་ཁབ་འཛུགས་སྐྲུན་བྱ་ཕྱོགས། བཞི་པ། རྒྱ་གཞུང་གིས་ཧོང་ཀོང་ལ་ཟས་ལམ་གོས་གསུམ་གྱི་འཚོ་བའི་མཐུན་རྐྱེན་སྐྲུན་ཕྱོགས་སོགས་ཡིན་འདུག
དོན་ཚན་ལྔ་པར་ནང་གསེས་ལྔ་དབྱེ་ཡོད་པ་ལས། དང་པོ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཐིལ་ཕྱིན་གོ་རྟོགས་ཐུབ་ཐབས་སྐོར་དང་། གཉིས་པ། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་དང་མཐུན་པ་ཧོང་ཀོང་འཛིན་སྐྱོང་བྱེད་ཐབས། གསུམ་པ། ཧོང་ཀོང་མི་མང་ཚོས་རྒྱ་ནག་གཞུང་ལ་ལྷག་བསམ་རྣམ་དག་བྱེད་དགོས་པ། བཞི་པ། ཇི་ལྟར་བྱས་ཏེ་ཧོང་ཧོང་གི་སྤྱི་ཁྱབ་བསྐོ་བཞག་བྱེད་མིན། ལྔ་པ། རྒྱ་ནག་གཞུང་དང་ཧོང་ཀོང་བར་མཉམ་ལས་བྱ་ཕྱོགས་སོགས་ཡིན་འདུག
གསར་འགོད་པ། དོན་གྲུབ།
http://kagyuoffice.org/wp-content/uploads/2014/06/Condolance-Letter-tib.jpg
འདི་ནི་མ་འོངས་པའི་དབུ་མའི་ལམ་རེད། རྒྱ་ནག་དམར་པོ་འོག་ནས་ཅི་ལྟར་ཆོལ་གསུམ་བོད་མི་ཚད་མཐོའི་རང་སྐྱོང་ཞིག་རག་གམ། ལམ་དབུ་མ་ཟེར་བ་འདི་མ་འོངས་བ་བོད་མི་ཚོ་སྡུག་བསྔལ་གཞི་ཞིག་རེད། དེ་ལས་བོད་རང་བཙན་བརྩོད་ན་དགའ་རེད། རྒྱ་གུང་ཁྲན་ལ་གང་འདྲ་བྱེས་ནས་ཡིད་ཆེས་སླེབས་ཐུབ་བམ།
་་་་་་ ཡིག་ཆ་དེར་དོན་ཚན་ ༥ ཡོད་ཅིང་། དོན་ཚན་དང་པོ། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་དོན་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་། གཉིས་པ། ཧོང་ཀོང་གི་རང་སྐྱོང་གནས་བབ། གསུམ་པ། ཧོང་ཀོང་ནང་གྲུབ་འབྲས་གང་ཐོན། བཞི་པ། ཧོང་ཀོང་གི་འཕེལ་རྒྱས། ལྔ་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་གོ་དོན་དང་ལག་བསྟར་བྱེད་ཕྱོགས་སོགས་ཡིན་འདུག ་་་་་་
་་་་་་་ དོན་ཚན་ལྔ་པར་ནང་གསེས་ལྔ་དབྱེ་ཡོད་པ་ལས། དང་པོ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཐིལ་ཕྱིན་གོ་རྟོགས་ཐུབ་ཐབས་སྐོར་དང་། གཉིས་པ། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་དང་མཐུན་པ་ཧོང་ཀོང་འཛིན་སྐྱོང་བྱེད་ཐབས། གསུམ་པ། ཧོང་ཀོང་མི་མང་ཚོས་རྒྱ་ནག་གཞུང་ལ་ལྷག་བསམ་རྣམ་དག་བྱེད་དགོས་པ། བཞི་པ། ཇི་ལྟར་བྱས་ཏེ་ཧོང་ཧོང་གི་སྤྱི་ཁྱབ་བསྐོ་བཞག་བྱེད་མིན། ལྔ་པ། རྒྱ་ནག་གཞུང་དང་ཧོང་ཀོང་བར་མཉམ་ལས་བྱ་ཕྱོགས་སོགས་ཡིན་འདུག ་་་་་་་
སྔོན་ཆད་རྡ་ས་ནས་བོད་དོན་ཐད་དུ་དགྱ་གཞུང་ལ་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སམ། ཡང་ན་ཧོང་ཀོང་ལས་ཆེས་ཚད་མཐོ་བའི་རང་དབང་ཞིག་གི་དགོས་འདུན་བརྗོད་བསྡད་པ་རེད། དོན་དངོས་སུ་དགྱ་ནག་གཅིག་གམ་རང་དང་མི་རིགས་གཅིག་པའི་ཧོང་ཀོང་ལ་ཡང་དགྱ་གཞུང་གིས་སྟངས་འཛིན་འདི་འདྲ་བྱེད་ཀྱིན་ཡོད་པས། དགྱ་ནག་ལ་རེ་ལྟོས་ཆེན་པོའི་དབང་དུ་གྱར་པའི་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་རྒྱུ་མེད་པ་ནི་རིགས་པས་རྗེས་སུ་དཔོག་ནུས་པ་ཞིག་རེད་སྙམ།
ཧོང་ཀོང་ཐད་སྤེལ་བའི་ཡིག་ཆ་དཀར་པོ་ཟེར་བ་འདིར་བགྲོ་གླེང་མང་ཙམ་གནང་ཐུབ་ན་བོད་མི་ཚོར་བློ་བསྐྱེད་འབྱུང་བར་ཕན་ཐོགས་ཡོད་ངེས་རེད། ཚང་མས་ཧོང་ཀོང་གི་མེ་ལོང་ནང་དུ་བོད་ཀྱི་འདས་མ་ད་གསུམ་བཞག་ནས་ཚོད་ལྟ་ཞིག་གནང་རོགས།