གནས་ཚུལ་མཁོ་གཏོང་བ། འཇམ་དབྱངས་དཀར་པོ།
སྤྱི་ལོ་༡༩༥༩ ལོར་བོད་རང་བཙན་ཤོར་ནས་ད་བར་ལོ་ངོ་༥༤ རིང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་སུམ་ཅུའི་དུས་དྲན་བྱས་དང་བྱེད་མུས་ལྟར། སྤྱི་ལོ་༢༠༡༣ ཟླ་༣ ཚེས་༡༠ ཡི་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀའི་ཐོག་ཨི་ཧྥ་ལྕགས་སྡོང་གི་མདུན་དུ་ཧྥ་རན་སིའི་བོད་ཀྱི་དོན་གཅོད་དྲུང་ཆེ་ཚེ་རིང་དོན་གྲུབ་མཆོག་དང་། མདོ་སྨད་སྤྱི་འཐུས་ཟུར་བ་ཆབ་བྲག་ལྷ་མོ་སྐྱབས། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ། དགེ་འདུན་པ། བོད་རིགས་སུམ་བརྒྱར་ཉེ་བ་དང་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་བཞི་བརྒྱར་ཉེ་བས་སུམ་ཅུའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་བྱས་རྗེས། ཧྥ་རན་སིའི་དོན་གཅོད་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་བཀའ་ཤག་གི་རྗེས་དྲན་ཡིག་ཆ་སྒྲོག་སྦྱངས་གནང་རྗེས།
ཧྥ་རན་སའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཧྥ་རན་སིའི་གཞུང་དང་མི་མང་གཉིས་ནམ་ཡིན་ཡང་དོན་མི་མང་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་མི་གསོད་ཁྲག་སྦྱོར་མཚམས་འཇོག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་མོལ་གྱིས་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པ་སོགས་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བས་རྒྱ་མི་རིགས་རྣམས་ཀྱིས་བོད་ཀྱི་དྲང་བདེན་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ། རྒྱ་ནག་གཞུང་གིས་ངེས་པར་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་སོགས་ཀྱི་གཏམ་བཤད་གྲུབ་རྗེས། བོད་རང་དབང་སློབ་ཕྲུག་ཚོགས་པས་བཀོད་སྒྲིག་བྱས་པ་ལྟར། རྒྱ་དམར་གཞུང་གིས་རྒྱལ་ཁབ་གཞན་ལ་དཔལ་འབྱོར་གྱིས་བསླུ་བྲིད་བྱེད་ཚུལ་དང་། བོད་ནང་གི་རང་དབང་རྩོད་ལེན་པ་རྣམས་ལ་མནར་གཅོད་ཇི་ལྟར་གཏོང་ཚུལ་བཅས་ཀྱི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱས་རྗེས། ཚད་མེད་ཡོན་ཏན་བཏོན་ཏེ་མཛད་སྒྲོ་གྲོལ་རྗེས། མི་མང་རྣམས་ཀྱིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་གསར་འགྱུར་རང་དབང་། ཆོས་དད་རང་དབང་། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ། པཎ་ཆེན་ཆུང་སྲིད་གཙོས་བཙོན་པ་རྣམས་གློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་བྱེད་བཞིན་རྒྱ་དམར་གཞུང་ཚབ་ཁང་གི་མདུན་དུ་བསྐྱོད།
དེར་ཧྥ་རན་སིའི་ཉེན་རྟོག་རླངས་འཁོར་བཅུ་ཕྲག་ཙམ་དང་གྲ་སྒྲིག་ཨང་གསར་ཡིན་པའི་ཉེན་རྟོག་པ་མང་པོས་གཞུང་ལམ་བཀག་རྐྱེན། ས་གནས་དེ་ག་རང་ནས་སྐད་འབོད་བྱེད་བཞིན་དགུང་མོའི་ཆུ་ཚོད་ ༧ དང་ཕྱེད་ཀ་ཙམ་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་རྒྱལ་ལོའི་ཁ་གཡང་སྒྲོག་བཞིན་སུམ་དུས་རྗེས་དྲན་མཇུག་སྒྲིལ། ད་ལོར་ཧྥ་རན་སིའི་བོད་མི་ཕལ་ཆེ་བ་བྷེལ་ཇམ་དུ་སུམ་དུས་རྗེས་དྲན་དུ་བསྐྱོད་ཡོད་པ་བཅས་ཀྱི་གནས་ཚུལ་དུ།
སུམ་ཅུ་མ་རེད། གསུམ་བཅུ་རེད། དོ་སྣང་བྱེད་རོགས། གྲངས་ཀ་སུམ་ཅུ་དང་འདིའི་དོན་མི་འདྲ།
བཙན་པོའི་རུས་རྐང་ཅན་གྱི་མགོ་ནག་བོད་མི། །
ས་ཕྱོགས་གང་ན་འཚོ་ཡང་ཁྱད་པ་མེད་པར། །
ལས་འགུལ་ཆེ་མ་ཆུང་གསུམ་ཧུར་ཐག་གནང་བར། །
འདྲེ་ངས་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུའོ། །