སྤོབས་པ་མཐའ་ཡས།
ངམ་ནག་རྒྱ་མཚོ་ཁྲོས་པའི་རྣམ་འགྱུར་གཅིག་གིས།།
གླིང་ཕྲན་ཧྥི་ལི་པིན་གྱི་མཚོ་ཁུགས་དེ་རུ།།
ཚེ་སྲོག་སྟོང་ཕྲག་མང་པོ་ཁྱུར་མིད་བྱས་པར།།
སྐྱོ་ཞིང་དུང་བའི་གདུང་སེམས་མཉམ་སྐྱེད་ཞུའོ།།
རང་བྱུང་སྲིད་པའི་རྒྱལ་མོའི་འགུལ་སྐྱོད་ཅིག་གིས།།
འཇིགས་རུང་འབྱུང་བ་འཁྲུགས་པའི་དགྲ་གཤེད་ལངས་ཏེ།།
ཁྲི་ཕྲག་སྲོག་གི་ཟུངས་ཐག་དུས་གཅིག་བཅད་པ།།
ཀྱེ་མ་འཇིག་རྟེན་ཁམས་འདིར་ཡིད་བརྟན་མི་འདུག །
ལུས་སྲོག་མཚོ་ཡིས་བསྣུབས་པའི་སྤུན་ཟླ་ཁྲི་ཕྲག །
འདྲིས་ཤིང་འགྲོགས་པའི་སྐྱེ་བོ་གཅིག་ཀྱང་མེད་མོད།།
བསམ་བློ་ནང་དུ་བཀུགས་པའི་མྱོང་ཚོར་ཞིག་ལ།།
ཁྱོད་ཚོའི་ན་ཟུག་ང་ཡི་སེམས་ཀྱིས་ཚོར་ཡོད།།
ཆ་རྐྱེན་ཁ་སྟབས་འདི་ལས་བཟང་ཙམ་ཡོད་ན།།
ཆག་སྒོ་བྱུང་བའི་ཡུལ་དེར་དངོས་སུ་སོང་ནས།།
སྲོག་དང་མུག་སྐྱོབ་དང་བླངས་ལས་ཤིག་བྱེད་འདོད།།
ནད་གཡོག་རོ་སྐྱེལ་ཕན་པའི་རོགས་ཤིག་བྱེད་འདོད།།
སྐྱིད་སྡུག་རེས་སུ་མྱོང་བ་ཉིན་མཚན་འཁོར་སྐྱོད།།
ཤི་གསོན་སྲིད་པའི་བཀོད་སྒྲིག་མི་ཚེའི་སྤྱི་ཁྲིམས།།
བརྩེ་བའི་སེམས་པ་འདི་ལ་རྒྱལ་མཚམས་མེད་པས།།
ཁྱོད་དང་ང་ཚོའི་ཟེར་བའི་ཁྱད་པར་མི་འདུག །
སྙིང་ལ་སྐྱོ་བའི་རླུང་གིས་སྐྱོད་པའི་འགྲོས་ཀྱིས།།
མིག་ལས་མཆི་མའི་རླབས་ལ་རྒྱུན་ཆད་མེད་པས།།
མ་བཅོས་ཐོལ་ཀྱིས་བཞུར་བའི་ཚིག་ཕྲེང་འདི་ཙམ་།།
དུང་བའི་སེམས་ཀྱི་ཉམས་འགྱུར་མཚོན་པ་ཙམ་ཡིན།།
འགྲོ་བ་མི་ཡི་རིགས་ཀྱི་སྤུན་ཟླ་ཚང་མས།།
གཅེས་པའི་སྲོག་འདིའི་རྒྱུ་བ་མ་འགག་བར་དུ།།
མཛེས་པའི་ཁྱིམ་གཞི་འདི་ལ་གཅེས་སྐྱོང་གནང་རོགས།།
བརྩེ་བའི་སྤུན་ཟླའི་ཚོགས་ལ་མཐུན་སྒྲིལ་གནང་རོགས།།
ཧྥི་ལི་ཕིན་དུ་མཚོ་རླུང་གི་འཇིགས་པ་ཆེན་པོ་ཧའེ་ཡན་དུ་འབོད་པ་བྱུང་ནས་བདུན་ཕྲག་གཅིག་འགོར་བའི་ཉིན་བྲིས།
བྱམས་པའི་ཚིག་གིས་བྱུག་བྱུག་མིན་པར།
ཡངས་པའི་ཕྱག་གི་སྒོ་མོ་ཕྱེས་ནས།
སྐབས་བབ་ནུབ་ཕྱོགས་རོགས་ཚོགས་བརྒྱུད་ནས།
སྒོར་རྡོག་རེ་བཟུང་དེར་སྦྱིན་ཆོག་ག།
སྤོབས་པས་གསར་འགྱུར་མཁོ་སྤྲོད་བྱས་པ་ཐུགས་རྗེ་ཆེ། ཧྥི་ལི་ཕིན་དུ་ད་སྔ་མི་གྲངས་༣༤༢༢ཤི་ཚར་བ་རེད། འོན་ཀྱང་ད་དུང་གྲངས་ཀའི་ནང་དུ་མ་ཐེབས་པ་ཡོད་སྲིད་པ་རེད། ཁ་སྔོན་གསར་འགྱུར་ནང་དུ་མི་གྲངས་སྟོང་ཕྲག་བཅོ་ལྔ་ལས་བརྒལ་བ་བཤད་འདུག་མོད། ད་ཆ་དེ་ཙམ་རེད་མི་འདུག དབྱིན་སྐད་དུ་ Typhoon ཆར་རླུང་འདྲེས་མ།
འདི་ལྟ་བུ་ཆར་རླུང་ཤུགས་དྲག་པོ་ཞིག་བོད་ཀྱི་ས་ཁུལ་དུ་བྱུང་མྱོང་མེད་པ་རེད། རླུང་ཚུབས་འདི་ནམ་ཡིན་ཀྱང་རྒྱ་མཚོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ས་རེད། དེ་མིན་ང་ཚོའི་བོད་ཀྱི་ས་ཁུལ་དུ་མཚོ་སྔོན་པོའི་འགྲམ་ལ་འདི་དང་ཆ་འདྲ་བ་འོང་སྲིད་པ་རེད།།
སྐྱོ་སེམས་བཞུར་བའི་ངག་གི་ཆབ་རྒྱུན།
སྙན་དང་མ་སྙན་སྙན་པའི་ཤག་སྒྲ།
ཤི་གསོན་རེ་བ་སྟེར་བའི་སྐྱེས་བོ།།
ལག་པ་སྟོང་བ་ཡིན་རུང་མི་སྐྱོན།
ཡག་པོ་བྲིས་འདུག