ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
ཀ་མད་སུམ་བཅུ་བོད་མིའི་བླ་སྲོག་ལ།།
ཁ་ཙམ་མིན་པར་རྒྱུན་དུ་བེད་སྤྱོད་དགོས།།
གང་བཤད་གང་འབྲི་རང་གི་སྐད་ཡིག་འདི།།
ངོམ་རིན་ཆོག་པ་མཁན་སློབ་ཐུ་མིའི་དྲིན།།
ཅ་ཅོ་མང་བའི་འཛམ་གླིང་སྤྱི་ཚོགས་འདིར།།
ཆ་རྐྱེན་འཛོམས་ནས་རང་གི་སྐད་ཡིག་ལ།།
ཇ་སྙིགས་ལྟ་བུར་ངོས་འཛིན་གནང་མཁན་མང་།།
ཉ་དང་ཉུང་མ་མ་ནོར་ཐུགས་རྗེས་གཟིགས།།
ལྟོ་གོས་འཚོལ་སྒྲུབ་དབྱིན་ཡིག་མཁོ་ཆེ་ཡང་།།
ཐ་མའི་མདུན་ལམ་རང་གི་སྐད་ཡིག་བཟང་།།
དུས་རབས་ཉེར་གཅིག་འཛམ་གླིང་སྤྱི་ཚོགས་འདྲེས།།
ནམ་ཞིག་མི་རིགས་སྐད་ཡིག་རིག་གཞུང་བཅས།།
དཔེ་གསར་གོས་དང་ཐོན་གསར་དངོས་པོའི་རྗེས།།
ཕ་མེས་རིག་གཞུང་རྒྱབ་བསྐྱུར་གསར་བརྗེའི་ལམ།།
བོང་བ་གསེར་གཟིགས་མིན་ན་དགའ་བསུ་ཡོད།།
མ་འཕྱུགས་མ་ནོར་རང་གི་རིག་གཞུང་སྲུངས།།
རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་ཡི།།
ཚ་གདུང་སེལ་བའི་བཀའ་སློབ་བདུད་རྩི་ལས།།
ཛ་དྲག་སྐྱོབ་ཕྱིར་དབུ་ལམ་གསལ་སྟོན་མཛད།།
ཝ་སྤྱང་དམར་པོ་ཆོས་མེད་ཀླ་ཀློ་ཡིས།།
ཞི་བདེའི་ལམ་སྟོན་དབུ་ལམ་ལོག་པར་དཔྱད།།
བཟོད་པར་དཀའ་བའི་རྒྱ་ཡིས་མནར་གཅོད་འོག །
འུ་ཐུག་ཐབས་ཟད་བོད་མིའི་རང་བསྲེགས་བརྩམས།།
ཡིད་བརྟན་མེད་པའི་གུང་ཁྲན་ཆབ་སྲིད་འདི།།
རང་གཞན་གཉིས་ཕུང་སྙིང་རྗེའི་ཡུལ་ལས་འདས།།
ལོ་རྒྱུས་བཙན་པོ་བསུབ་མེད་དེབ་ཐེར་འཁོད།།
ཤ་ཚ་ཡོད་ན་ཕ་མེས་རིག་གཞུང་སྲུངས།།
སངས་རྒྱས་བསྟན་པ་ངོ་སྤྲོད་བོད་ཡིག་དྲིན།།
ཧ་ཅང་འཁྲུལ་ནས་གཞན་གྱི་སྐད་ཡིག་ལ།།
ཨ་གསར་མ་གནང་རང་གི་སྐད་ཡིག་སྦྱོངས།།
་་་་་ཀ་མད་སུམ་བཅུ་རེད་དམ། སུམ་ཅུ་རེད། ལགས།