~~~ རྔ་བ་ཚེ་རིང་སྐྱིད།
༡ ༽
དགུན་གཞུང་གི་ལྷགས་གྲང་བར་ནས་ཁྱོད་ཀྱི་རྒྱུ་འབྲས་ཀྱི་བློ་མིག་ཚེས།
ང་ཚོའི་སེམས་ཁོང་གི་ཉི་མ་དེ་ཡང་རྟག་ཏུ་འཚེར་བྱུང་།
འོན་ཀྱང་། ཨ་ཅེ་ལགས།
ཁྱེད་ཀྱི་མགོ་ཐོག་ཏུ་སྨག་རུབ་པ་དེས།
འུ་ཚང་དང་འདྲ་བའི་ཁྱིམ་ཚང་མང་པོ་ཞིག་གི་གོ་ཁ་དྲོ་མྱོང་ངམ།
ང་ཚོའི་གནས་ལུགས་ཀྱི་རྟ་ཕོ་བསྐྱར་ཏུ་ཅིབས་ཤིང་།
ལས་སྐལ་གྱི་བདེ་སྡུག་སླར་ཡང་མཐོང་དུས།
ཁྱེད་ཀྱི་དཔའ་སྙིང་དང་ཡིད་ཆེས་ཀྱིས་བརྟས་པའི་འཛུམ་དཀར་ལྷང་ངེར་བཀྲ།
ཁྱེད་ཀྱི་རིགས་ཞེན་གྱི་སེམས་རྩ་ཕྲ་མོ་དེ་ཡང་གསལ་ལེར་མངོན།
ཨ་ཅེ་ལགས། ཁྱེད་ཀྱིས་ད་དུང་ཧ་གོ་ཡོད་དམ།
ལོ་ངོ་གསུམ་གྱི་ཡར་སྔོན་གྱི་དེ་རིང་ཁྱེད་ཀྱི་མདུན་ལྗོངས་ནག་ཐོམ་མེར།
དུས་རབས་ཀྱི་ལྕགས་སྒྲོག་དེ་ལུས་སུ་ལྕི་མགོ་བརྩམས།
སྤྱིར་ན། དཀའ་སྡུག་གི་ལོ་ཟླར་འཕྲད་ཚེ།
ང་ཚོས་ཁྱོད་དང་མཉམ་དུ་དཀའ་སྡུག་ལ་གདོང་གཏད་དགོས་མོད།
རེ་སྒུག་གི་མིག་ཟུང་རྒྱང་དུ་དྲངས་པ་ལས། ང་ཚོས་ཅི་ཞིག་བྱེད་ཐུབ།
ཁ་རོག་གེར་མུན་ནག་གི་ལོ་ཟླར་ལྐོག་ཉན་བྱེད་པ་ལས། ང་ཚོས་ཅི་ཡང་བསྒྲུབས་མ་ཐུབ།
རེད་ཡ། ཨ་ཅེ་ལགས།
ཁྱེད་ཀྱིས་སེམས་རང་དབང་ན་ཡོད་པ་ང་ཚོས་ཤེས་ན་ཡང་།
འོན་ཀྱང་ཁྱེད་ཀྱི་འགྲོ་འདུག་རང་དབང་མི་འདུག་པས།
ནག་སྣུམ་གྱི་སྐྲ་ལོ་དང་དཔའ་མོའི་གདངས་དབྱངས་ལ་འཇལ་ཆེད།
ང་ཚོས། རེ་སྒུག་གི་གསོལ་འདེབས་ཁྲོད་ནས།
ཁྱེད་ལ་སྐྱབས་འཇུག་ཞུས་མོང་།
ང་ཚོས་ལྷན་འཛོམས་ཀྱི་རེ་སྨོན་བར་ནས།
ཁྱེད་ཀྱི་སྐྱེས་ལྷ་གཉན་རྒོད་ལ་(བྲག་དཀར)བསང་ཆེན་གཏོང་མྱོང་།
དེ་བས། ཨ་ཅེ་ལགས།
སྔོན་ཆད་བཞིན་མགོ་འཕངས་གནམ་ལ་གཏོད་དང་།
ང་ཚོས་ཁྱེད་དང་འཇལ་བའི་ཉིན་མོ་བསུ།
ལྟོས་དང་། ཡུལ་མི་སྤུན་ཟླ་རྣམས་ཀྱང་ཁྱེད་རང་བསུ་རུ་བསླེབས་འདུག
ཐག་རིང་གི་ཨ་ཞང་དང་ཨ་ནེ། ཕུ་ནུ་མིང་སྲིང་། གཉེན་ཉེ་དུ་ཡོད་ཚད་ཁྱེད་རིང་བསུ་རུ་ཕེབས་འདུག
ད་དུང་། རྒྱང་རིང་གི་མགྲོན་པོོའི་ཁ་གཡང་ཁྱེར་ཡོང་ཡོད།
རྟེན་འབྲེལ་གྱི་ཁ་བཏགས་བཟུང་ནས་བསླེབས་འདུག་པ་མ་ཡིན་ནམ།
དེ་རིང་ས་སྲོས་ཀྱི་འཆར་སྒོ་ཡོད། འབྲོང་གི་གཞས་ཁྱིམ་ཡང་ཡོད།
ཨ་ཅེ་ལགས། ག་ལེར་ཕེབས་རོགས།
ཁ་བཏགས་དཀར་པོ་ནི་རྟག་བརྟན་གྱི་བརྩེ་བ་ཡིན།
ཁ་བཏགས་དཀར་པོ་ནི་ལྷོད་མེད་ཀྱི་མཐུན་སྒྲིལ་ཡིན།
ཁ་བཏགས་དཀར་པོ་ནི་ཕ་བུ་ལྷན་འཛོམས་ཀྱི་ཉིན་མོ་ཡིན།
༢ ༽
ཁྱེད་ཀྱི་སྐྲ་ལོ། ལོ་ངོ་གསུམ་གྱི་དྲང་བདེན་ལ་བརྗེས།
ཁྱེད་ཀྱི་སྐྲ་ལོ། ལོ་ཟླའི་འགྲོས་ཀྱིས་བཅད།
མདོར་ན། སྐྲ་ལོ་རླུང་ལ་ཁུར་ཉིན་ནས་བཟུང་།
ཁྱེད་ཀྱི་ཁེར་རྐྱང་དང་མུན་ནག་གི་དུས་ལ་ཆད་པ་མ་བྱུང་མོད།
ཡབ་ཆེན་གྱི་བྱམས་སྐྱོང་དང་། ཐུགས་ཁུར་བྱས་པའི།
བཞིན་གྱི་གཉེར་མ་དང་ཕུ་བོའི་ཞབས་རྗེས་དག
ཁྱེད་ཀྱིས། སྔར་ནས་རྟོགས་ཡོད་པར་ཡིད་ཆེས་ཡོད།
ཁྱེད་ཀྱི་སྐྲ་ལོ་ཚིག་པའི་ཉིན་དེ་བཟུང་།
དུས་ཚོད་དང་གནམ་གཤིས་འགྱུར་ཡང་།
རྨ་འབྲི་རྫ་གསུམ་སྔར་བཞིན་གནས་ཡོད་དེ།
གངས་རིར་མདུན་ལྗོངས་ཀྱང་གསར་བ་ཞིག་ཆགས་ངེས་ལ།
དཔའ་བོའི་རྡོ་རིང་སྔར་བཞིན་རྒས་མེད་དུ་མངོན་སྲིད།
ལོ་ངོ་གསུམ་གྱི་གྱེས་བྲལ་དང་རྨ་ཁས་ཅི་སྐྱོན།
ཨ་ཅེ་ལགས། ག་ལེར་ཕེབས་དང་།
དེ་རིང་ཁྱེད་དང་འཇལ་བའི་ཉིན་མོ་བསུ།
༣ ༽
ཨ་ཅེ་ལགས།
ཁྱེད་རང་གང་དུ་ཆས་པ་ང་ཚོས་ཤེས་ཡོད།
ཁྱེད་རིང་ཇི་ལྟར་འོངས་པ་ང་ཚོས་ཤེས་ཡོད།
དེ་བས། ཁྱེད་ཀྱི་འགྲོ་ལམ་རེ་རེ་ན་གསོན་ཤུགས་རེ་རེར་མངོན།
ཁྱེད་ཀྱི་དམིགས་འབེབས་ཆེ་ལ་སེམས་པ་བཟང་།
དེ་རིང་ཁྱོད་ཅི་འདྲའི་སྙིང་དུ་སྡུག་པ་ལ་ཨང་།
ང་ཚོ་དགའ་བའི་མིག་ཆུས་ཁྱེད་རང་བརླན་འདོད་ཆེ་ན་ཡང་།
ཁ་བའི་བདེ་སྡུག་ལུས་སུ་ཅིབས་པའི་ཁྱེད་རང་འཇལ་ཐུབ་པ་དེས།
ང་ཚོས་ཡོད་ཚད་ལ་བཟོད་སྒོམ་བྱེད་ཐུབ་ལ།
ང་ཚོས་ཡོད་ཚད་ལ་སྙིང་སྟོབས་སྐྱེས་ནས་ཡོད།
ཨ་ཅེ་ལགས། ཁྱེད་རང་འཕྲད་པས།
འགྲིམ་འགྲུལ་གྱི་འདུ་འཛི་དང་། མི་ཚོགས་ཀྱི་འཚིང་ཁ།
འབྲོག་ཁྱིའི་ཟུག་སྐད་སོགས་ཀྱི་ཅི་འདྲའི་སྙིང་དུ་སྡུག་ཅིང་།
རྣ་བར་སྙན་པ་ལ་ཨང་།
དེ་རིང་གངས་རའི་སྐར་རྒྱན་གྱི་ཚུལ་དུ་ཁྱེད་རང་བསུ།
དེ་རིང་ངའི་སྙིང་ཉེ་བའི་ཨ་ཅེ་བསུ།
ཁྱེད་དང་ཁྱེད་ཀྱི་སྐྲ་ལོ་བསུ།
༢༠༡༦.༡༢.༤ མཚན་མོར།