གངས་དཀར་སེམས།
བདེ་སྐྱིད་ཐོག་མ་བོད་ནས་ཡོང་དུས་གཙོ་བོ་བྱ་སྤུའི་ཉལ་ཆས་སྟབས་བདེ་ཞིག་འཁྱེར་ནས་ཡོད་འདུག་ལ། གཞན་སྤྱི་མཚུངས་ལྟར་རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་འདོད་ཀྱི་དད་སེམས་བརྟན་པོ་ཞིག་དང་། སེམས་ཤུགས་ཁོ་ནར་བརྟེན་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར། དར་གཞོན་གྱི་ལོ་ཚད་སླེབས་དུས་ཁྱོ་ག་ཅིག་དང་ཐུག ཕྲུ་གུ་གཅིག་ཆག་ཀྱང་མངལ་ནས་ཤོར། དེའང་མོའི་མི་ཚེའི་ནང་གི་ཁྱོ་ག་ཐོག་མ་དང་མཐའ་མ་དེ་རེད་འདུག སྐབས་དེར་ཆང་སའང་ཕ་ཡུལ་ལྟར་བག་མ་གཏོང་ལེན་འདྲ་ཅིའང་མ་བྱུང་བར་མཉམ་དུ་བསྡད། ཁོ་གཉིས་ཀ་ལ་དམིགས་བསལ་གྱི་འཇོན་ནུས་མེད་སྟབས་རྡ་སར་ཟ་ཁང་ཆུང་ངུ་ཞིག་བཟུང་འདུག ངས་ཨ་ཅེ་བདེ་སྐྱིད་ཀྱང་ཟ་ཁང་དེར་ངོ་ཤེས་བྱུང་།
ང་ནི་གཞན་གྱི་འདས་སོང་གཙོས་ཉམས་མྱོང་ཡོངས་ཤེས་འདོད་ཆེན་པོ་ཡོད་མཁན་ཡིན་སྟབས། ཨ་ཅེ་བདེ་སྐྱིད་ངེད་གཉིས་ཀྱང་ངོ་ཤེས་ཙམ་ནས་ཅུང་རྒྱུས་ལོན་པ། དེ་ནས་ཕན་ཚུན་ཁ་བརྡ་སྣ་ཚོགས་བྱེད་རྒྱུར་དགའ་སྣང་ཆག སྤྱིར་ན་ཨ་ཅེ་བདེ་སྐྱིད་ནི་གཙོ་བོ་གསང་བ་ཚུད་རང་གཞན་སུ་ཡིན་རུང་དེའི་སྐོར་ལབ་གླེང་རྩ་བ་ནས་མི་བྱེད་མཁན་ཞིག་ཡིན། ངས་མོའི་སྐོར་ཤེས་རྟོགས་བྱུང་བའི་གནས་ཚུལ་ཏོག་ཙམ་དེའང་ངེད་གཉིས་ངོ་ཤེས་གྱུར་ནས་ལོ་གཉིས་ལྷག་ཙམ་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན།
ཉིན་ཞིག་ཨ་ཅེ་བདེ་སྐྱིད་ཧ་ཅང་དགའ་སྣང་དང་བཅས་མོ་ལ་ཕྲུ་གུ་འཁོར་ཡོད་ཚུལ་ཟེར་བྱུང་། ངས་ཀྱང་མོ་ལ་དེ་མུར་བཀྲ་ཤིས་རྟེན་འབྲེལ་སྦྲགས་སྨོན་ཚིག་འགའ་ཞུས། སྐབས་དེར་མོའི་ངོ་ལ་གཡོལ་ཐབས་མེད་པའི་འཛུམ་མདང་ཁེངས་ནས་སྔར་ལས་ལྷག་པའི་སྒོ་ནས་ཟ་ཁང་དུ་སླེབས་པའི་མགྲོན་པོ་རྣམས་ལ་སྣེ་ལེན་བཟང་མོ་བྱེད་ཀྱི་འདུག དེ་རྗེས་ངའང་ལས་གནས་ནས་ས་གཞན་ཞིག་ལ་བཏང་བྱུང་བས་ཨ་ཅེ་བདེ་སྐྱིད་ངེད་གཉིས་དམིགས་བསལ་འབྲེལ་མཐུད་མེད་པར་རྒྱུན་རིང་སོང་། ང་མོ་དང་སླར་ཐུག་དུས་མོ་དང་ཁྱོ་ག་གཉིས་རི་གྲོང་ནས་གྲོང་ཁྱེར་དུ་སྤོས་ཟིན་པ་མ་ཟད། གཞུང་ལམ་ཟུར་ཞིག་ལ་ཙག་ཙིག་ཚོང་ཁང་ཞིག་ཀྱང་བཙུགས་ནས་བསྡད་འདུག ངེད་གཉིས་སླར་ཐུག་ཉིན་མོར་མོས་ང་ལ་སྔར་ལས་ལྷག་པའི་སྒོ་ནས་ང་ལ་སེམས་ཉེ་མདོག་སྟོན་གྱི་འདུག་ལ། ངའི་ལག་པ་ནས་འཇུས་ཏེ་མོའི་ནང་ལ་ཇ་འཐུང་ས་འགྲོ་ཟེར་བྱུང་། ངའང་དགའ་སྣང་དང་བཅས་ཨ་ཅེའི་ནང་དུ་སོང་། དེར་ཁང་མིག་ཆུང་ངུ་ཉིས་ཅན་རེད་འདུག་ལ་སྦུགས་ལ་སྐྱེས་པ་འགས་རྒྱན་རྩེད་བག་ཁང་ཞིག་ཏུ་བསྡད་འདུག ཨ་ཅེས་ཟེར་ན་དེ་ནི་ཁྱོ་གས་ནང་དུ་ངོ་ཤེས་གྲོགས་པོ་འདྲ་བསྡུས་ཏེ་རྒྱན་རྩེད་སྐབས་ནང་ནས་ཁོ་ཚོར་ཟས་སྤྲོད་རྒྱུ་དང་། དངུལ་ལོགས་སུ་བསགས་ནས་ཡོང་འབབ་ཏོག་ཙམ་རག་ཐབས་རེད་ཟེར། ངས་དེ་སྔོན་གྱི་དྲན་སོས་པ་ལྟར་མོ་ལ་མངལ་འཁོར་ཡོད་པས་ཕྲུ་གུ་སྐོར་དྲིས། དེ་མ་ཐག་ཨ་ཅེ་བདེ་སྐྱིད་ལམ་སེང་མིག་གཉིས་ནང་མཆི་མས་ཁེངས། ལག་མགོ་གཉིས་ཀྱི་ངོ་གདོང་བཀབས་ཏེ་སར་མར་བསྡད་སོང་། ངས་འགྲིག་མ་སོང་བསམ་བཞིན་དེ་མུར་ཨ་ཅེའི་འཁྲིས་སུ་བཅར་དགོངས་དག ཨ་ཅེ་་་ངས་ཤེས་མ་སོང་་་། ངས་ཁྱེད་ལ་སེམས་སྡུག་བསླངས་སོང་། དགོངས་དག ཅེས་པར་ཨ་ཅེས་ལག་གཉིས་ཀས་མིག་ཆུ་ཕྱི་བཞིན་མགོ་བོ་སྒུར་ཞིང་མོ་དང་ཁྱོ་ག་གཉིས་དེ་སྔོན་གྱི་ཟ་ཁང་ཆུང་ངུར་བསྡད་དུས་མངལ་འཁོར་ཞིང་། སྐབས་དེར་དགུན་ཁ་ཡིན་དུས་མོས་རྟག་པར་ཟ་ཁང་གི་ཕོར་པ་སོགས་སྣོད་ཡོངས་རྫོགས་འཁྲུ་དགོས་པ་མ་ཚད། སྔ་ལང་ཕྱི་ཉལ་གྱིས་ཟ་ཁང་དང་ཁྱིམ་ལས་གཉིས་ཀར་བྲེལ་བ་ཆེ། ཕྲུ་གུ་འཁོར་ནས་ཟླ་བ་ཁ་གྲངས་འཁོར་མཚམས་རྗེས་སུ་ཉིན་ཞིག་གློ་བུར་དུ་གྲོད་པར་ཟུགས་གཟེར་རྒྱག་ཅིང་ཁྱོ་གས་མོ་སྨན་ཁང་དུ་ཛ་དྲག་གིས་བསྐྱེལ། སྨན་པས་ཁྱོད་ཀྱི་ཕྲུ་གུ་ཤོར་ཚར་འདུག སོ་སོར་མངལ་འཁོར་ཡོད་པ་ཤེས་བཞིན་དུ་གཟབ་གཟབ་མ་བྱས་པས་ལེན་རེད། སྨན་པས་ད་དུང་ཟུར་དུ་ལང་བསྡད་པའི་ཁྱོ་གར་ཁྱོད་ཀྱིས་མོ་ལ་ཕྲུ་གུ་འཁོར་ཡོད་པ་ཤེས་བཞིན་དུ་མོ་ལ་ལས་ཀ་མང་པོ་དེ་འདྲ་ལས་བཅུགས། ད་དུང་དགུན་ཁར་ཆུ་གྲང་མོར་ལག་པ་མང་པོ་འཆང་བཅུགས་འདུག ཧུན། ཞེས་སྨན་པས་མགོ་བོ་ཕྲེད་ལ་གཡུག་བཞིན་ཨ་ཅེའི་བདེ་སྐྱིད་ཀྱི་ཁྱོ་གར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བཏན་སོང་ཟེར། ཨ་ཅེས་སྨན་པའི་སྐད་ཆ་དེ་དག་གོ་རྗེས་བཟོད་མ་ཐུབ་པར་དེ་མུར་ངུ་འབོད་བྱས་འདུག སྨན་པས་ཨ་ཅེ་བདེ་སྐྱིད་དར་གཞོན་གྱི་ལོ་ཚད་ལ་ཕྲུ་གུ་ཐོག་མ་འདི་ཤོར་བ་མ་ཚད། མ་འོངས་པར་སླར་ཕྲུ་གུ་འཁོར་རྒྱུ་མེད་པའི་སྐོར་བཤད་པ་དེས་ཨ་ཅེ་བདེ་སྐྱིད་ཀྱི་སེམས་ལ་སྡུག་ཐོག་སྡུག་བརྩེགས་བྱས། མོས་སྐབས་དེར་མི་ཚེར་ཞེན་པ་གཏིང་ནས་ལོག་བྱུང་ཟེར།
འོན་ཀྱང་དེ་རྗེས་ཁྱོ་བོས་མོ་ལ་སེམས་གསོ་དང་བཅས་མ་འོངས་པར་ཁོས་ཨ་ཅེ་བདེ་སྐྱིད་དང་མཉམ་མི་ཚེ་མཐའ་བསྐྱེལ་རྒྱུའི་དམ་བཅའ་ཡང་ཡང་བྱས་པར་བརྟེན། ཨ་ཅེ་བདེ་སྐྱིད་ཀྱིས་སོ་སོའི་དར་གཞོན་སྐབས་སྡུག་རུས་ཀྱིས་ཕྲུ་གུ་དེ་སྐྱེས་ནས་འཇིག་རྟེན་པ་སྤྱི་མཚུངས་ལྟར་ཉམས་ཆུང་གི་འཚོ་བ་བསྐྱེལ་དགོས་བསམ་ཡང་སྡུག་ངལ་ནི་འཇིག་རྟེན་མིའི་ལས་དབང་དངོས་ཡིན་པའི་དཔེ་ལྟར་གྱུར་འདུག ངས་ཨ་ཅེའི་སྐད་ཆ་དེ་དག་གོ་མ་ཐག་སེམས་གསོའི་ཚུལ་གྱིས། ཨ་ཅེ། ད་གནས་ཚུལ་དེ་དག་བྱུང་ནི་ཚར་བ་རེད། སེམས་སྡུག་བྱེད་སྡོད་ནའང་ཅིའང་མི་ཕན། མ་འོངས་པར་གཟུགས་པོར་གཅེས་སྐྱོང་ཡག་པོ་བྱ་ན་འགྲིག་འགྲོ་གི་རེད་བཅས་བཤད་ཁུལ་ཡིན། འོན་ཀྱང་ངས་ཀྱང་ཨ་ཅེར་སེམས་གསོ་བྱེད་བསམ་པའི་སྐད་ཆ་དེ་མཇུག་མཐུད་མ་ཐུབ་པར་དེ་མུར་ལུས། ཨ་ཅེས་ང་ལ་བལྟས་ཏེ་ང་ལ་སེམས་གསོ་བྱེད་པར་ཡག་བྱུང་། དབུགས་རིང་གཏོང་བཞིན་གེ་ཡོད་མ་རེད། ངས་ཀྱང་དེ་འདྲ་བསམ་བློ་མི་གཏོང་ཁག་མེད་རེད། འོན་ཀྱང་ཅི་ཡིན་ན་མི་ཤེས། ང་ཁྱོད་དང་སྤུན་མཆེད་ནི་མི་འགྲོ ཕ་ཡུལ་གཅིག་པའང་མ་རེད་དེ་ཁྱོད་ཐུག་དུས་ང་ག་དུས་ཡིན་ཡང་སེམས་ཧ་ཅང་ཉེ་པོ་འདྲ་ཡོང་གི་འདུག ཁྱོད་ནི་བུ་མོ་སེམས་བཟང་མ་ཞིག་མཐོང་གི་ཡོད་སོགས་ཟེར་བྱུང་། ངས་དེ་མུར་གོ་སྐབས་དེ་བཟུང་ཨ་ཅེ་སྡུག་བསྔལ་གྱི་ཕྱོགས་ནས་ཁ་ཕྱིར་འཁོར་ཆེད། ང་སེམས་བཟང་མ་ཞིག་ཡིན་པ་དེ་ངོ་མ་དོན་དངོས་རེད། ཨ་ཅེ་ཁྱོད་རང་ཙམ་ག་ལ་ཚད། ང་ལ་བསྟོད་ར་དེ་འདྲ་བཏང་མཁན་མང་པོ་ཡོད། ཧ་ཧ ཞེས་ངོ་ནས་ངུ་མ་དགོད་ཀྱི་རྣམ་འགྱུར་ཞིག་ཤོར་ནས་མོ་ལ་བལྟས་སྡོད་པས། ཨ་ཅེ་བདེ་སྐྱིད་ཀྱང་ང་ལ་བལྟས་ཏེ་མིག་གཉིས་ཕྱི་བཞིན་འཛུམ་ཏོག་ཙམ་སྟོན་སོང་།
ད་འདིར་ཨ་ཅེའི་ཁྱོ་ག་དེའི་སྐོར་ཏོག་ཙམ་མི་བཤད་རང་བཤད་རེད། ང་ཚོ་ཐོག་མར་ཐུག་དུས་ང་ནི་ཨ་ཅེ་བདེ་སྐྱིད་ཀྱི་ཁྱོ་ག་དེའི་རྣམ་པ་ལ་ཧ་ལས་པ་བྱུང་། ཁོ་ནི་གཟུགས་སྟོབས་ཆེ་ལ་བོད་ལུགས་ལྟར་མི་བག་ཆགས་པོ་དེ་འདྲ་ཞིག་རེད། འུར་ཚོད་དང་བཅས་ཏོག་ཙམ་བཤད་ན་ཁོའི་ཁ་མིག་དབང་པོ་ལྔ་ཆགས་ལུགས་ཡག་པོ། གཟུགས་སྟོབས་ཆེའང་རན་པ། གལ་ཏེ་གློག་བརྙན་འདྲ་འཁྲབ་བཅུག་ན་རྒྱལ་པོ་དང་དཔོན་པོ། དཔའ་བོ་དང་མི་བློ་གྲོས་ཅན་ལྟ་བུའི་ངོ་བོ་ལས་རྐུ་མ་དང་ཇག་པ། ཁྲམ་པ་དང་གཡོ་རྫུས་ཅན་དེ་འདྲའི་རིགས་ཀྱི་ངོ་བོ་ནི་རྩ་བ་ནས་ལེན་པོ་མེད་པའི་མི་ཞིག་རེད། ཁོའི་བཟོ་ལྟ་ལེགས་ཚུལ་ལ་བལྟས་ན་མོ་བརྒྱ་སེམས་པ་ཤོར་བ་འདྲ་ཡིན་མིན་མི་ཤེས་ཏེ་བུད་མེད་ཚོགས་ཤིག་གི་མིག་དབང་ཅིག་ཅུར་དུ་འཕྲོག་འགྲོ་བར་ཐེ་ཚོམས་དགོས་དོན་མི་འདུག དེ་སྔོན་ཟ་ཁང་དེར་ཐུག་དུས་ཁོ་ནི་མི་བཟང་མདོག་གཅིག་དང་། ཨ་ཅེ་བདེ་སྐྱིད་དང་འདྲ་བ་སུ་དང་ཐུག་ནའང་སྐད་ཆ་མང་པོ་མི་བཤད་མཁན་ཞིག་རེད། མདོར་ན་ཁོ་ནི་ཚང་མའི་ཁ་ནས་བཤད་སྲོལ་ལྟར་མི་ཧ་ཅང་རྫིག་པོ་སྟེར་བཟོ་དོད་པོ་ཞིག་རེད། གཞན་ཨ་ཅེ་བདེ་སྐྱིད་ནི་མཛེས་མ་འདྲ་མིན་ཡང་། གཅིག་མཚུངས་ཀྱི་གཟུགས་སྟོབས་ཆེ་ཞིང་རྒྱུན་དུ་ནས་ཉམས་ཆུང་ཡ་རབ་ཀྱི་ཚུལ་དུ་ཡོད་དུས་ཕྱི་ཚུལ་དུ་མཐོང་སྣང་ལ་ཁོ་དང་མི་འཚམས་རྒྱུ་ཅིའང་མེད་པ་ལྟ་བུ་ཞིག་རེད།
ཨ་ཆེ་བདེ་སྐྱིད་ཕ་ཡུལ་ཡོད་དུས་ཡུལ་མ་འབྲོག་གི་གྲོང་གསེབ་ཅིག་དུ་ཕ་མ་གཉིས་ལ་བུ་མོ་བཞི་དང་བུ་གཅིག་བཅས་བུ་རྒྱུད་ལྔ་བྱུང་བའི་ནང་གི་གཉིས་པ་དེ་རེད་འདུག མོ་ཆེན་པོ་ཆག་རྗེས་ཕ་མ་སྤུ་མཆེད་ཚོས་མོ་ཡུལ་གཞན་ཞིག་ལ་མནའ་མ་སྟེར་རྒྱུ་གཏན་འཁེལ་བའི་སྐོར་མོས་གཞན་བརྒྱུད་ཤེས་འདུག དེ་ནས་སེམས་ཐག་བཅད་དེ་ཉི་མ་ལྷ་སར་བྲོས་བྱོལ་དུ་འགྲོ་རྒྱུ་བཟོས། སྐབས་དེར་ཨ་ཕའི་ས་ནས་རྒྱ་སྒོར་ལྔ་བརྒྱ་བརྐུས་པ་དང་། ལུས་ལ་གྱོན་གོས་ཤུན་གཅིག ཉལ་ཆས་སྟབས་བདེ་ཞིག་དང་། གཅེན་མོའི་བྱུ་རུ་དམར་ཆུང་གཉིས་བཅས་འཁྱེར་རྒྱུ་རག་འདུག ཉིན་དེར་མོ་རི་སྨད་གཞུང་ལམ་ཟུར་དུ་སོང་ནས་རླངས་འཁོར་སྒུག་ནས་རག དེའང་ཁ་ལོ་བ་རིགས་གཅིག་པ་ཨག་ཚོམས་ཅན་ཞིག་རེད་འདུག་ལ། ཁོས་བདེ་སྐྱིད་ལ་གྲོས་བསྡུར་ལྷུག་པོ་མེད་པར་སྒོར་མོ་སུམ་བརྒྱ་མ་སྤྲད་ན་རྩ་བ་ནས་མི་འཁྱེར་ཟེར། སྐབས་དེར་ས་རུབ་ན་ཉེ་ཞིང་ལྷ་སར་ཉི་མ་མང་པོ་འགོར་རྒྱུ་ཡིན་པས་བདེ་སྐྱིད་ལ་སེར་སྣ་ཏོག་ཙམ་བྱུང་ཡང་དེ་བཞིན་སྒོར་མོ་སྦྱིན་ནས་སོང་། དེའང་མོ་རང་ལམ་འགྲོ་རྒྱུགས་པ་ཞིག་ལ་རླངས་འཁོར་ཁ་ལོ་བའི་འཁྲིས་ལ་བསྡད་རྒྱུ་བྱུང་བ་ལས་ཐོག་ཁེབས་སུ་བསྡད་མི་དགོས་པ་ནི་ཧ་ཅང་ལེགས་འདུག་པ་དེ་ནི་ཁ་ལོ་བས་མོ་ལ་ཆེ་མཐོང་སྤྲད་ཁུལ་གྱི་སྐད་ཆ་མང་པོའི་ནང་གི་ཆ་ཤས་ཤིག་རེད། ཉི་མ་འགའི་རྗེས་སུ་ལྷ་སར་བདེ་བར་འབྱོར། ལྷ་སར་སླེབས་ཉིན་མོར་བདེ་སྐྱིད་ལ་འགྲོ་ས་བསྡད་ས་ཅིའང་མེད་སྟབས་ཁ་ལོ་བའི་ལམ་སྟོན་འོག་ལྷ་སའི་སྐྱིད་ཆུ་འགྲམ་གྱི་ཀུ་རུ་ཟམ་པའི་ཉེ་འདབས་སུ་བོད་ཁམས་ཤོ་རྟ་ལྷོ་གསུམ་ནས་འདུས་པའི་ཚོང་པ་སོགས་ཅི་རིགས་འདུས་སྡོད་ཡོད་སར་སོང་ནས་གནས་ཚང་ཞིག་ཨེ་རག་བལྟས། དེའང་ས་མ་རུམ་ཙམ་གྱི་དུས་ཡིན་པས་བདེ་སྐྱིད་ཀྱིས་མོའི་སྟབས་བདེའི་རྡོག་འཕྲིས་ཁོ་ནའམ་ཉལ་ཆས་དེ་འཁྱེར་ཏེ་ར་བསྐོར་ནང་ཡར་འཛུལ། དེ་མ་ཐག་སྒོ་ཆེན་ཟུར་གྱི་ཁང་མིག་གཅིག་ནང་ལ་སྐད་ཆ་དྲིས། ཁང་པའི་ནང་བོད་གོས་གྱོན་པའི་ཨ་ཅེ་དར་མ་ཞིག་དང་ཕྲུ་གུ་གཉིས་འདུག་ལ་བདེ་སྐྱིད་ཀྱི་གནས་སྟངས་ཤེས་རྗེས་ཨ་ཅེས་བུ་མོ་སྙིང་རྗེ། ལྷ་སར་སླེམས་ཙམ་ཡིན་ན་མི་ཡུལ་ལུང་པར་ཡར་རྒྱུགས་མར་རྒྱུགས་མང་པོ་མ་བྱེད། ད་སའང་རུབ་ཚར་འདུག དོ་ནུབ་ངའི་ནང་ལ་སྡོད། ཁྱོ་ག་ཕྱིར་སླེབས་སོང་ན་ངས་ཞུ་བ་འཐེན་ནས་ཐབས་ཤེས་བྱ་ཆོག ཡིན་ཡང་བུ་མོ་ཁྱོད་ཕ་གའི་གདན་ཁྲིར་ཉལ་མ་གཏོགས་དམིགས་བསལ་ཁང་སྟོང་མེད། ང་དང་ཁྱོ་ག་གཉིས་ལྷ་སར་སླེབས་ནས་ལོ་བཅུ་ལྷག་སོང་། དེའི་རིང་ཁྱོ་གས་ཕྱི་ལ་སོང་ནས་ཨར་ལས་དང་མཚམས་རེར་ཚོང་ཙག་ཙིག་འདྲ་ཨེ་འཇོན་ལྟ་གི་ཡོད། ཨ་ཅེས་བདེ་སྐྱིད་ལ་ཇ་ཐང་ཕོར་གང་དང་ཁ་ཟས་ཏོག་ཙམ་སྒྲོག་རྩེར་བཞག་པ་དེ་སྟེར་ནས་ཁ་བརྡ་དེ་འདྲ་བྱས། ཉལ་ཁར་ཨ་ཅེ་དེས་མོ་དང་ཕྲུ་གུ་གཉིས། བདེ་སྐྱིད་བཅས་ལ་ཐུག་པ་བག་ཐུག་ཞིམ་པོ་ཞིག་ཀྱང་བསྐོལ་ནས་སྟེར་བས་ལམ་བར་གྱི་དཀའ་ངལ་སོགས་སེལ་ཏེ་གཉིད་ལམ་སྐྱིད་པོའི་ཁམས་སུ་ཐིམས། མཚན་མོ་དེར་ཨ་ཅེ་དེའི་ཁྱོ་ག་ཕྱིར་འཁོར་མ་བྱུང་། ཕྱི་ཉིན་ཞོགས་པ་ཨ་ཅེས་མངགས་ཆ་ལྟར་བདེ་སྐྱིད་གཞན་དང་འགྲོགས་ཏེ་ཇོ་ཁང་དུ་ཆོས་མཇལ་སྦྲགས་ཕ་ཡུལ་གཅིག་པ་འདྲ་ཨེ་ཐུག་བསམ་ནས་སོང། སྟབས་ལེགས་པ་ཞིག་ལ་མོའི་ཕ་ཡུལ་གཅིག་པ་མི་རྒན་ཞིག་དང་བར་བསྐོར་ལམ་ནས་འཕྲད་ཅིང་ཁོས་བདེ་སྐྱིད་ལ་ཟ་ཁང་དུ་ལས་ཀ་ཞིག་འཚོལ་རྒྱུ་བཟོས་འདུག དེ་ནས་ཨ་ཅེ་བདེ་སྐྱིད་ཀྱིས་དུས་ཡུན་ནང་ལས་གླར་བརྟེན་སོ་སོས་ཁང་ཆུང་ཞིག་གླས་ཐུབ་པ་བྱུང་། མོས་ཟེར་ན་ངོ་ཤེས་སེམས་བཟང་ཅན་གྱི་རྒན་པ་དེས་མོ་ལ་སྙིང་རྗེ་ཁོ་ནར་སྒོམ་ནས་ངོ་ཤེས་ཕྱུག་བདག་མ་བུ་གཉིས་ལས་མེད་པའི་ཁྱིམ་ཚང་ཞིག་ཏུ་མནའ་མ་སྟེར་ཐབས་ཨེ་རག་ཀྱང་ལྟ་བཞིན་ཡོད་འདུག འོན་ཀྱང་ཨ་ཅེ་བདེ་སྐྱིད་ཀྱིས་ལྷ་སར་རྒྱུན་རིང་བསྡད་ཀྱང་ཉིན་ཞིག་ཕ་ཡུལ་ནས་ཤེས་སོང་ན་སླར་མོ་བཙན་གྱིས་ཕྱིར་འཁྲིད་དེ་གཞན་ལ་མནའ་མ་སྟེར་གྱི་རེད་དྲན་ཞོར་དེ་བས་རྒྱ་གར་ལ་འགྲོ་འདོད་ཆེན་པོ་སྐྱེས།
དེ་བཞིན་རྒད་པོ་དེ་དང་བདེ་སྐྱིད་ཀྱི་ཁང་བདག་ཚུད་ཚང་མས་མོོ་ལ་ཡིད་ཆེས་བློ་འཁེལ་གྱིས་རྒྱ་གར་སོང་ན་བཟང་ལུགས། བོད་ས་མི་མགོ་ནག་གི་མགོན་སྐྱབས་གཅིག་པུར་རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་ན་མི་ཚེའི་འདོད་དོན་གྲུབ་ལུགས། བོད་མིའི་རེ་བ་ཡོངས་རྫོགས་ཕྱི་རྒྱལ་ཁབ་ལ་ཡོད་ལུགས་སོགས་དུས་བསྟུན་ནམ་བྱུང་ལ་བདེ་སྐྱིད་ལ་བཤད་ཀྱི་ཡོད་པས་ཨ་ཅེའི་རེ་བ་སྔར་ལས་སྲ་བརྟན་དུ་སོང་། ཟས་ཁང་དུ་ལས་ཀ་བྱས་འབྲས་སུ་སྦྱིན་བདག་ཀྱང་ཡིད་མགུ་ནས་མོ་ལ་དངུལ་མང་ཙམ་སྤྲད་བྱུང་། ཡིན་ཡང་དེ་རྗེས་བདེ་སྐྱིད་ཀྱིས་ཁང་བདག་དང་གྲོས་འཆམ་བྱུང་ཚུལ་ལྟར་རྒྱ་གར་ལ་འཁྲིད་མཁན་ཞིག་ཨེ་རག་ལྟ་ཞོར་ད་དུང་ལམ་བར་གྱི་འགྲོ་སོང་སྒོར་མོ་མང་ཙམ་བསགས་དགོས་སྙམ། རྒྱ་གར་དུ་འགྲོ་རན་དུས་ཁང་བདག་དེས་ཁང་གླའང་མ་ལེན། དེས་བདེ་སྐྱིད་ལ་སེམས་འགུལ་དཔག་མེད་ཐེབས། ཉིན་དེའི་ས་རུབ་མཚམས་ཁང་བདག་གིས་བདེ་སྐྱིད་བར་བསྐོར་ལམ་ཟུར་གྱི་ཟ་ཁང་གཞན་ཞིག་ཏུ་སོང་ལ། དེར་རྒྱ་གར་འཁྲིད་མཁན་དར་གཞོན་ཞིག་འདུག་པར་ཕན་ཚུན་ངོ་སྤརོད་སྦྲགས་ཉིན་གཉིས་རྗེས་སུ་མོ་རང་ཚུད་མི་གྲངས་བཅུགཉིས་བལ་བོད་ས་མཚམས་འགྲམ་དུ་འཁྲིད་རྒྱུ་དང་། དེར་སླེབས་རྗེས་ཅ་དངོས་དབོར་བསྐྱེལ་བྱེད་མཁན་གྱི་ཁ་ལོ་བ་དང་ཁ་འཆམ་ནས་མི་བཅུ་གཉིས་དེ་རྒྱ་གར་དུ་སྐྱོན་མེད་བསྐྱེལ་རྒྱུ་ཡིན་སྐོར་བཤད། དེའི་ཐོག་ཁང་བདག་གིས་ཀྱང་གྲོགས་པོ་དེར་ཡིད་ཆེས་བློ་འགེལ་ཆོག་ལུགས་གཏམ་པས་དེ་ལུགས་བྱ་རྒྱུ་བྱས།
མཚན་མོ་དེར་ཨ་ཅེ་བདེ་སྐྱིད་ལག་ཏུ་དངུལ་ཏོག་ཙམ་དེ་འཁྱེར་ནས་བར་བསྐོར་དུ་ཆོས་མཇལ་མཐའ་བ་དེ་བྱས། ཇོ་བོའི་སྐུ་མདུན་དུ་སྨོན་ལམ་མ་ལུས་འདེབས། ཕྱིར་ལོག་རྗེས་བྱུ་རུ་དམར་ཆུང་ཆ་གཅིག་ཡོད་པ་དེ་སེར་སྣ་ཆེན་པོས་ཁང་བདག་ལ་སྤྲད་དེ་སེམས་འགུལ་ཆེན་པོས། ཨ་ཇོ་ལགས། ཁྱེད་ཀྱིས་ང་བུ་མོ་ཐབས་ཆག་ང་ལ་བྱམས་དང་སྙིང་རྗེ་སྒོམ་ནས་ཁང་གླ་མི་དགོས་པ་གནང་བ་མ་ཟད། རྒྱུན་དུ་ང་ལ་ལྟོ་གོས་སོགས་ལྟ་རྟོགས་གང་ཐུབ་གནང་། དེས་མ་ཚད་གལ་ཏེ་ང་ལྷ་སར་བསྡད་ཀྱང་མི་བཟང་པོ་དེ་འདྲར་མནའ་མ་ཡོང་ཆེད་ངོ་སྤྲོད་གནང་རྒྱུ་ཚུད་མི་ཚེའི་འགྲོ་སྟངས་དང་བཅས་པར་ཐུགས་འཁུར་མཛད། ཁྱེད་ནི་གུས་མོ་དང་ཤ་ཁྲག་གི་འབྲེལ་བ་མེད་ཀྱང་ཕ་མ་སྤུན་མཆེད་ལས་ལྷག གལ་ཏེ་ང་རྒྱ་གར་བདེ་བར་འབྱོར་ན་ངས་ཁྱེད་གཙོས་སེམས་བཟང་ཅན་ཚོར་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་སྐྱབས་མཇུག་སྨོན་ལམ་ཞུ་ཐུབ་པ་བྱ་ངེས་ཡིན། ཞེས་ངག་འདར་བཞིན་ཨ་ཇོ་ཁང་བདག་མདུན་དུ་ངུས་ནས་བཤད། ཁང་བདག་གིས་ཁྱོད་བུ་མོ་བཟང་མོ་ཡིན། རྒྱ་གར་དུ་འབྱོར་སོང་ན་ངའི་ངོ་ཤེས་འདི་དང་དེའི་ཁྱིམ་ལ་སོང་ནས་ངས་མངགས་ཆ་བྱུང་ཚུལ་ཤོད་ལ། ཁོ་ཚོས་ཀྱང་ཁྱོད་ལ་རོགས་རམ་གང་ཐུབ་ཅི་ནུས་ཡོང་བའི་རེ་བ་ཡོད་སོགས་གསུངས།
དེ་རྗེས་མལ་འགྲོ་བ་ཚོར་ས་མཚམས་སུ་རླང་འཁོར་བརྗེ་བསྒྱུར་སྐབས་ལམ་བར་གྱི་ཞིབ་གཤེར་པས་མཐོང་བའི་རྔང་འཚབ་མང་ཙམ་བྱུང་འདུག་ཀྱང་མཐར་སྐྱོན་མེད་སྒོ་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་འབྱོར་ཐུབ་པ་བྱུང་འདུག
བདེ་སྐྱིད་དང་རོགས་པ་གཞན་ཚོར་རྒྱལ་བ་ཡིད་བཞིན་ནོར་བུ་དལ་གྱིས་མཇལ་བའི་དུས་བྱུང་བ་མ་ཟད། སོ་སོའི་འགྲོ་སར་སོང་ནས་ཨ་ཅེ་བདེ་སྐྱིད་དང་གཞན་འགའ་དར་མའི་སློབ་གྲྭར་སོང་། དེར་ཕ་ཡུལ་གཅིག་པ་ཚེ་རིང་དང་ངོ་ཤེས་ནས་དགའ་རོགས་ཆག་རྗེས་ཁོ་རང་གཉིས་ཀ་ལོ་ཚད་སླེབས་པའི་དར་གཞོན་ཡིན་སྟབས་སློབ་གྲྭར་བརྒྱུན་མཐུད་བསྡད་བསམ་པ་མེད་དུས་རྡ་སར་ཟ་ཁང་ཆུང་ཆུང་ཞིག་བཟུང་རྒྱུ་རག དེའང་ཟས་ཁང་སྒོ་ཕྱེ་དུས་འགྲོ་སོང་དངུལ་དག་ནི་ཁྱོ་གའི་ངོ་ཤེས་གྲོགས་ཉེ་ནས་རོགས་སྐྱོར་དང་། ཕོན་ཆེ་ནི་ཨ་ཅེ་བདེ་སྐྱིད་ཀྱིས་རྗེས་ནས་འབྲེལ་བ་བྱུང་བའི་ཕྱི་རྒྱལ་ཡོད་མཁན་གྱི་སྤུན་ཉེ་ཡིས་བཏང་བྱུང་ཟེར། དེ་རྗེས་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོས་ཏེ་ཚོང་ཁང་གཉེར་ནས་ལྷིང་འཇགས་བག་འཕེལ་གྱི་འཚོ་བ་ཞིག་བསྐྱེལ་རྒྱུ་བྱུང་འདུག འོན་ཀྱང་ཨ་ཅེ་བདེ་སྐྱིད་ལ་ཕྲུ་གུ་འཁོར་འདུག་པ་དེར་གོད་ཆགས་བྱུང་བར་བརྟེན། ཨ་ཅེ་བདེ་སྐྱིད་ཀྱི་ལུས་སེམས་གཉིས་ལ་བསུབ་ཏུ་མེད་པའི་རྨ་ཁ་སྡུག་ཆགས་ཤིག་བཟོས་འདུག མོས་ཟེར་ན་ཕྲུ་གུ་ཤོར་རྗེས་ཟས་བཅུད་ལ་རོ་མི་ཚོར་ཞིང་། མཚན་མོར་གཉིད་ཀྱང་མ་ཁུག་ནས་ཡུན་རིང་སོང་། དུས་མཚུངས་མོས་ཁྱོ་བོ་མཉམ་ཕན་ཚུན་ལྟ་ཤེས་བསྡུན་མཁས་ཀྱིས་མི་ཚེ་བརྒྱུད་མཐུད་བྱས།
དེ་ནས་ཉིན་ཞིག་ཁྱོ་བོས་རྒྱུན་རིང་རྒྱ་གར་བསྡད་ན་མ་འོངས་པའི་མདུན་ལམ་མེད་ཚུལ་སོགས་བཤད་ཅིང་། ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་ཐུབ་ཐབས་ཕྱིར་སྤུན་ཉེ་གྲོགས་འབྲེལ་བྱས་ནས་དངུལ་ཏོག་ཙམ་གཡར་འདུག མ་དངུལ་དེའི་སྒང་ཁོ་རང་གཉིས་ནས་ལོ་མང་སྡུག་དཀའ་ལས་བརྒྱབས་ཏེ་མགྲོན་ཆུང་ཆེན་པོས་བསགས་བཞག་པའི་དངུལ་སྣོན་ན་མདང་ཙམ་བྱུང་ཟེར། ཨ་ཅེ་བདེ་སྐྱིད་ཀྱང་ཁྱོ་བོའི་གྲོས་འགོ་ཧ་ཅང་ཡག་པོ་མཐོང་ཞིང་། དེ་ལུགས་ཡོང་ཐབས་བྱ་རྒྱུ་བྱས། མཇུག་ཏུ་ཉིན་ཞིག་ཁྱོ་བོ་དགའ་ཐག་ཆོད་དེ་བཤད་རྒྱུར། ཕྱི་རྒྱལ་གཏོང་མཁན་ཞིག་དང་གྲོས་འགོ་འཆམ་པ་མ་ཟད། མི་རིང་བའི་རྗེས་ཕྱི་རྒྱལ་ལ་གཏོང་རྒྱུ་བྱས་འདུག ཡིན་ཡང་ཁོས་ཟེར་ན་ད་ཐེངས་གཉིས་ཀ་འགྲོ་མི་ཐུབ་ཚུལ་བཤད་རྗེས་ཨ་ཅེ་བདེ་སྐྱིད་ལ་བལྟས་ནས་མོའི་སྐད་ཆར་སྒུག་བྱུང་ཟེར། ཨ་ཅེས་སྐབས་དེར་མོ་རང་ཁྱོ་ག་ཁ་བྲལ་འདོད་རྩ་བ་ནས་མེད་ལུགས། མ་འོངས་པར་མི་ཚེ་ཇི་ཡོད་སྐྱིད་སྡུག་མཉམ་མྱོང་བྱ་ནས་བསྡད་འདོད་ཚུལ། གལ་ཏེ་ཕྱི་རྒྱལ་ཞིག་ལ་འགྲོ་རྒྱུ་རག་ཀྱང་ངེས་པར་དུ་མཉམ་དུ་འགྲོ་ན་མ་གཏོགས་སེམས་སྡུག་ཆེ་ལུགས་སོགས་མང་པོ་ཞིག་སེམས་ལ་འཁོར་འདུག་ཀྱང་། དུས་དེར་ཨ་ཅེ་བདེ་སྐྱིད་ཀྱིས་བསམ་བློ་ཅུང་བཏང་མཐར་ཁྱེད་ཕྱི་རྒྱལ་དུ་སྔོན་དུ་སླེབས་སོང་ན་ལས་ཀ་ཧུར་ཐག་ལོས་གང་མགྱོགས་ངའང་ཕར་འཐེན་ཐབས་བྱོས། ངེད་གཉིས་དབར་གྱི་དམ་བཅའ་དེ་རྡོ་ལ་རི་མོ་བརྐོས་པ་སེམས་ལ་བཟུང་། ངས་ཀྱང་ཁྱེད་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་བཅས་བཤད་འདུག ཁྱེད་ཀྱིས་གསུངས་པ་ལྟར་ངའི་གཟུགས་པོའང་ཡག་པོ་མེད་སྟབས་ཕྱི་རྒྱལ་ལ་ཐོག་མ་ང་སོང་ཡང་ལས་ཀ་ཤུགས་ལས་ཡག་པོ་ལས་ཐུབ་མིན་ལ་སོང་། ཁྱེད་ཀྱིས་སྡུག་རུས་བརྒྱབ་ནས་དངུལ་བསགས་ཐུབ་ན་དེ་ནས་ངེད་གཉིས་ཀྱི་བུ་ལོན་གཡར་བཞག་པ་དེ་དག་མཇལ་ཐུབ་ཅིང་། ང་ཕར་འཐེན་ཐུབ་པ་སྨོན་ལམ་ཡོད། ཅེས་ཁྱོ་བོའི་འཆར་གཞིར་མོས་མཐུན་གཙང་མ་བྱས་འདུག
དོན་དག་ཡོངས་བསམ་བཞིན་ལྷུན་གྲུབ་བྱུང་ཞིང་ཁྱོ་ག་དཀའ་ངལ་མེད་པའི་སྒོ་ནས་ཕྱི་རྒྱལ་ཞིག་ལ་འགྲོ་བའི་ཉིན་མོར། གནམ་ཐང་དུ་བོད་མི་གཞན་འགའ་ཡང་འདུག་སྟབས་ཚང་མས་ཕན་ཚུན་སྐེ་ལ་ཁ་དར་གཡོག་ནས་གྱེས་བྲལ་བྱས། ཨ་ཅེ་བདེ་སྐྱིད་ཀྱིས་གཞན་དེ་དག་ནང་བཞིན་ཁྱོ་ག་ལ་ཕན་ཚུན་འཐམ་ནས་འོ་སྦྱར་མ་ཕོད། མིག་ནང་གི་མཆི་མ་རྫོགས་མཐའ་མེད་པ་དེ་ཕྱི་ཙམ་ཕྱི་ཙམ་བྱས་ནས་བསྡད། མོས་ཁྱོ་གའི་ལག་གཉིས་ནས་དམ་དུ་བཟུང་བཟོད་མ་ཐུབ་ངུ་ངག་ཅུང་ཡང་ཤོར། ང་གང་མགྱོགས་ཕར་འཐེན་ཐབས་བྱོས་ཨང་། ཁྱེད་མེད་ན་ང་གཅིག་པུར་འཚོ་ཐབས་མེད་པ་ཡིད་ལ་ཟུངས། ཅེས་གཏམ་པོ་ཡང་ཡང་བྱས། འོན་ཀྱང་ཁྱོ་བོས་དེ་མུར་ཨ་ཅེ་བདེ་སྐྱིད་ལ་ཐེངས་འགར་ཤུགས་ཀྱིས་འཐམ་ཏེ། ང་ལ་སེམས་འཁུར་རྩ་བ་ནས་མི་དགོས། ཁྱོད་ཀྱིས་འཚོ་བ་ཡག་པོ་བཟོས་ནས་ང་སྒུག་སྡོད་དང་། ངས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཁྱོད་གང་མགྱོགས་ཕར་འཐེན་ཆོག་ཅེས་བཤད་འདུག་པ་སྐད་ཆ་དེ་དག་ད་དུང་ཡང་མོའི་རྣ་བའི་ཟུར་དུ་གྲགས་ཡོང་གི་འདུག་ཟེར།
ཁྱོ་ག་ཕྱི་རྒྱལ་ལ་འགྲོ་རྒྱུ་བྱུང་བ་དེ་དགའ་དགོས་པའི་བྱ་བཟང་ཞིག་ངོས་འཛིན་བྱས་འདུག་ཀྱང་། ཁོ་རང་གཉིས་རྒྱ་གར་སླེབས་ནས་བཟུང་བག་ཁང་ཟ་ཁང་ནས་བྱུང་བའི་དངུལ་ཡོད་ཚད། དེའི་ཐོག་ཁྱོ་ཤུག་གཉིས་ཀྱི་ངོ་ཤེས་སྤུན་ཉེ་ལུས་ལེན་ཚད་ས་ནས་གཡར་བའི་སྒོར་མོ་ཚུད། བདེ་སྐྱིད་ཀྱིས་ཁྱིམ་ནས་རྐུ་འཁྱེར་བྱས་པའི་བྱུ་རུ་མཚར་ཏོག་དམར་ཆུང་གཉིས་དེའང་བཙོང་ནས་དངུལ་ལ་བརྗེས་དགོས་བྱུང་འདུག ཨ་ཅེས་དེའི་སྐོར་བཤད་དུས་ཧ་ཅང་བློ་ཕམ་དང་བཅས། དམིགས་བསལ་དུ་བྱུ་རུ་དེ་གཉིས་ཧ་ལས་པ་སྤུས་དག་རེད། དེ་ཨ་མས་གཅེན་མོ་མནའ་མ་སོང་དུས་སྟེར་བའི་ལག་རྟགས་ལྟ་བུ་ཡིན་ལུགས་ཟེར་བྱུང་།
ཁྱོ་ག་ཕྱི་རྒྱལ་སོང་རྗེས་བདེ་སྐྱིད་ཀྱིས་ཚོང་ཁང་ནང་ཉིན་ལྟར་ཧུར་ཐག་གིས་སྒོ་ཕྱེས་ཏེ་ཁང་གླ་དང་ལྟོ་གོས་མདང་ཙམ་བྱུང་ཞིང་། ཁྱོ་གས་ཀྱང་རིམ་གྱིས་དངུལ་བསྐུར་ནས་བུ་ལོན་བསྒྲུབ་མཇལ་དང་བདེ་སྐྱིད་ཀྱི་འཚོ་བར་ཁ་གསབ་ཡོང་ཐབས་བྱས་འདུག ཡིན་ཡང་དཔལ་འབྱོར་གྱི་དཀའ་ངལ་ཆེ་ས་ད་དུང་གནས་མུས་གཙོ་བོ་བུ་ལོན་གཙང་མཇལ་དགོས་པ་དེ་རེད། བུད་མེད་དར་གཞོན་ཁྱོ་ག་ཡོད་ཀྱང་གཡུག་ས་མའི་ངོ་བོ་སྐྱུར་མོ་ལུས་བསྡད་པས་ལུས་སེམས་གཉིས་ལ་དཀའ་ངལ་དཔག་ཏུ་མེད་པ་རེད་འདུག
ཉི་མ་ལོ་ལས་རིང་བའི་རེ་སྒུག་གི་དུས་ཚོད་ནང་བདེ་སྐྱིད་ཀྱིས་བློ་སེམས་གཅིག་གིས་ཉིན་ལྟར་ཚོང་ཁང་དུ་སོང་རྗེས་ཕྱིར་ཁྱིམ་དུ་སླེབས་པའི་མཚན་མོར་ག་དུས་ཡིན་ཡང་སྟོན་པ་དང་སྒྲོལ་མ་ཉེར་གཅིག་གི་སྐུ་ཐང་མདུན་དུ། མོ་རང་དང་ཁྱོ་ག་གཉིས་གང་མགྱོགས་འཕྲད་ཐུབ་པའི་སྨོན་ལམ་བརྒྱགས་ཀྱི་ཡོད་འདུག མཚམས་རེར་ཁྱོ་བོའི་སྐད་འཕྲིན་ནང་གི་སེམས་གསོའི་ཚུལ་གྱི་དམ་བཅའ་ཁོ་ནར་ཡང་ནས་བསྐྱར་དུ་ཉན་ནས་ལོ་དང་ཟླ་བ་སོང་རྗེས་ཀྱི་ཉིན་ཞིག ཨ་ཅེ་བདེ་སྐྱིད་ཀྱིས་ངོ་ཤེས་ས་ནས་མོའི་ཁྱོ་བོ་ཕྱི་རྒྱལ་དུ་བུད་མེད་གཞན་ཞིག་དང་ཧ་ཅང་འཆམ་པོ་ཡོད་པ་མ་ཟད། རྟག་ཏུ་མཉམ་འགྲོ་མཉམ་འདུག་ཡིན་ལུགས་སོགས་གོ་འདུག མོས་དེའི་སྐོར་གྱི་སྐད་ཆ་དེ་དག་མང་དུ་འགྲོ་བཞིན་ཡོད་པ་བདེན་ཡང་ཁྱོ་གའི་དམ་བཅའ་དག་ཡིད་ལ་དྲན་ནས་ཐེ་ཚོམ་ཙམ་ཡང་བྱས་མེད་ཟེར། འོན་ཀྱང་མཐར་ཉིན་ཞིག་ངོ་ཤེས་རྙིང་པ་ཞིག་མོ་ཡོད་སར་ཡོང་ནས་ཁྱོ་ག་དང་བུད་མེད་དེ་གཉིས་བག་མ་གཏོང་ལེན་སམ་ཆང་ས་བརྒྱབས་ཡོད་པ་མ་ཟད། ཐུགས་སྤྲོ་བཏང་ཉིན་མོའི་པར་རིས་དང་བརྙན་ཐུང་ཡང་མང་པོ་མིག་བཏོན་བྱས་འདུག སྐབས་དེར་ཨ་ཅེ་བདེ་སྐྱིད་སོ་སོའི་མིག་ལ་ཡིད་ཆེས་མེད་པ་ལྟར་གྱུར། དེ་མུར་ཕ་ཡུལ་གཅིག་པ་དེ་ཚོང་ཁང་གི་ཕྱི་ལ་ཕུད་དེ་ཚོང་སྒོ་བརྒྱབ་རྗེས་ནང་དུ་སོང་ནས་ཁྱོ་ག་དང་སྐད་འཕྲིན་དུ་བརྙན་ཐོག་འབྲེལ་བ་བྱས། དུས་ཡུན་འགོར་རྗེས་ཁྱོ་གས་དེ་སྔོན་གྱི་ཁེས་ལེན་དམ་བཅའ་ཡོངས་གཅིག་ཅར་དུ་བསྐྱུར་ནས་མིག་གཉིས་འཕུར་བཞིན་བདེ་སྐྱིད་ལ་དགོངས་དག་ཐུགས་བརྟེན་ཞུས་འདུག ཁོས་ཁོ་རང་ལའང་ཐབས་ཤེས་གཞན་མེད་པས་མ་ཟད་བདེ་སྐྱིད་ཕར་འཐེན་པར་དཀའ་ངལ་ཆེན་པོ་ཡོད་ལུགས། ཁོ་རང་གཅིག་པུར་ཁེར་རྐྱང་གིས་མི་ཚེ་བསྐྱེལ་རྒྱུ་དཀའ་ཁག་ཆེ་ལུགས། ད་ལྟའི་ཁོའི་ཆུང་མ་དེའང་གཞན་ངོ་ཤེས་གྲོགས་པོ་བརྒྱུད་ཁོ་ལ་ངོ་སྤྲོད་དང་ཨུ་ཚུགས་བྱས་ལུགས་སོགས་ཅི་ཡིན་ཆ་མ་འཚལ་བའི་སྐད་ཆ་མང་པོ་ཞིག་ངུ་བཤད་ཚུལ་དུ་བྱས་འདུག ཨ་ཅེ་བདེ་སྐྱིད་ཀྱི་མོའི་ཁྱོ་གའི་ངུ་བཤད་ལྟ་བུ་ཆུ་ཚོད་གཉིས་ཙམ་མ་ཟིན་བྱས་པ་དག་ཞིབ་ཕྲར་ཉན་རྗེས་མཐར། ད་འགྲིག་སོང་། རྙོགས་བཤད་མང་པོ་བྱས་ཀྱང་ཕན་ཐོགས་མེད། ངས་ཅིའང་བཤད་ཤེས་ཀྱི་མིན་འདུག ཁྱོད་མ་འོངས་པར་བདེ་སྐྱད་ཡོང་བ་ཤོག ཅེས་ཚིག་འགའ་བཤད་རྗེས་དེ་མུར་ཁྱོ་གའི་སྐད་འཕྲིན་ནག་བསུབས་བཏང་འདུག
དེ་རྗེས་བདེ་སྐྱིད་ཀྱིས་ཚོང་ཁང་དེ་བརྒྱུན་མཐུད་མ་ཐུབ་པར་གཞན་ལ་ཚོང་བསྒྱུར་བྱས། མོ་རང་ལས་མེད་ཀྱི་ནང་ལ་བསྡད། མཚམས་རེར་མོ་རང་སྡུག་གིས་མ་བཟོད་པར་ཨ་ནེ་བྱ་དགོས་མིན་འགྲོའང་བསམ་མྱོང་འདུག ནང་ལ་བསྡད་དུས་ངུ་རྒྱུ་དང་ཕྱི་ལ་སོང་ན་མི་ཚང་མའི་མོའི་རྒྱབ་ལ་མཛུབ་མོ་བཙུགས་ནས་འཕྱ་དམོད་བྱེད་པའི་སོམ་ཉི། མཚམས་རེར་གནམ་གྱི་ཉི་མའང་ནག་པོ་མཐོང་བའི་ཉི་མ་ལོ་ལས་རིང་བས་ཨ་ཅེ་བདེ་སྐྱིད་ཀྱི་གཟུགས་ཕུང་སྔར་ལས་སྐམ་ལ་རིད་པ་དབུགས་ཁམ་གང་ཙམ་གྱིས་གསོན་རེ་བྲལ་བ་ལྟར་ལུས། དེ་རྗེས་མོའི་ཐག་རིང་ལ་ཡོད་པའི་སྤུན་ཉེ་ཚ་བོས་མོའི་གནས་སྟངས་སྐོར་ཤེས་རྗེས་ཁྱོ་ག་དེར་ཁོང་ཁྲོའི་སྐད་ཆ་མང་དག་བཤད་རྗེས་ཁོས་ཐབས་ཤེས་བཏང་ནས་མཐར་ཨ་ཅེ་བདེ་སྐྱིད་ཀྱང་ཁོ་རང་ཡོད་སའི་ཕྱི་རྒྱལ་གཞན་ཞིག་ལ་འཐེན་ཐུབ་པ་བཟོས་འདུག
མཐར་ཚ་བོའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཨ་ཅེ་བདེ་སྐྱིད་ཀྱང་ཕྱི་རྒྱལ་དུ་སླེབས་ཐུབ་པ་བྱུང་འདུག་ཀྱང་ཡུལ་སྐད་མི་ཤེས་སྟབས་མ་འོངས་པའི་མི་ཚེ་ལའང་ཕུག་རེ་དེ་ཙམ་མེད་ཅིང་། སྤུན་མཆེད་དེའི་ནང་ལ་བསྡད་དེ་ཚ་བོའི་ཕྱི་གླིང་བའི་བཟའ་ཟླ་མོར་ཞབས་ཞུ་སྒྲུབ་པ་དང་། ནང་ལས་ཚང་མ་བྱེད་ཀྱི་ཡོད་པ་མ་ཟད། ཚ་བོའི་ཕྲུ་གུ་བུ་ཆུང་ཞིག་ཡོད་འདུག་པ་དེར་བྱམས་དང་སྙིང་རྗེས་གཅེས་སྐྱོང་ཧ་ལས་པ་བྱེད་སྲོལ་ཆག་འདུག ཡིན་ཡང་ཚ་པོས་ཐེངས་ཤིག་འཛེམས་ཟོན་མེད་པར་ཨ་ཅེ་བདེ་སྐྱིད་ད་ལྟ་ལོ་ཆེན་པོ་མིན་པའི་མ་འོངས་པར་བཟའ་ཚང་བསྒྲིག་ནས་ཁྱིམ་གཞི་སྐྱོང་ན་བཟང་ཚུལ། དེ་བས་ཁོས་ཁོ་རང་གི་གྲོགས་པོ་བློས་ཐུབ་ཅིང་། བདེ་སྐྱིད་ལས་ལོ་ཅུང་ཆེ་ཡང་མི་གཞི་ཧ་ཅང་བཟང་ལུགས་དེར་ཨ་ཅེ་བདེ་སྐྱིད་ངོ་སྤྲོད་བྱ་རྒྱུ་ཡིན་ལུགས་བཤད། འོན་ཀྱང་ཨ་བདེ་སྐྱིད་མོ་རང་གི་མིག་སྔར་འཚོ་བར་ཡིད་ཚིམས་ནས་བསྡད་པ་མ་ཟད། མོས་སྐབས་རེར་དེ་སྔོན་ཟས་ཏོག་ཙམ་བཟོ་ཤེས་པར་བརྟེན་ནས། ཚ་བོ་དང་མཉམ་གཟའ་མཇུག་དུས་སྟོན་དང་བསྟུན་མོ་མོ་བཙོང་བས་ཡོངས་འབབ་ཧ་ཅང་ཡག་པོ་བྱུང་འདུག་པར་ཚ་བོའི་བཟའ་ཟླ་མོ་ཕྱི་གླིང་མ་དེས་ཀྱང་བསྟོད་བསྔགས་ཡང་ཡང་བཏང་འདུག ཨ་ཅེས་ཟེར་ན་སྐབས་དེར་བོད་པ་གཞན་ལྟར་སྤྱི་མཚུངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མི་འགྲོ་འདུག་ལྟར་ཡིན་ཟེར་ན་འུར་ཆེ་དྲག་སྲིད་ཀྱང་། མོ་ལ་མཚོན་ན་མ་འོངས་པར་ཁྱོ་ག་འཚོལ་རྒྱུར་ཞེན་པ་གཏིང་ནས་ལོག་སོང་བ་མ་ཟད། མིག་སྔར་ལྟར་འཚོ་བ་བསྐྱེལ་རྒྱུ་དེ་ནི་ངོ་མ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་སྟངས་དཀྱུས་མ་ཡིད་ཚིམས་པ་ཞིག་ཡིན་ཞེས་ང་ལ་ཟེར་མྱོང་ཡོད།
ལོ་ཟླ་དུས་མའི་རྗེས་བཀྲ་མ་ཤིས་པའི་ཉིན་ཞིག ངས་ངོ་ཤེས་བརྒྱུད་གློ་བུར་དུ་ཨ་ཅེ་བདེ་སྐྱིད་སྨན་ཁང་དུ་གྲོངས་འདུག་ཟེར་བའི་གཏམ་ངན་ཞིག་ཐོས། རྒྱུས་ཡོད་དེས་བཤད་ན་ཨ་ཅེ་བདེ་སྐྱིད་ལ་སྔར་ནས་རྒྱུན་རིང་ཕོར་བ་ན་ཚ་ཡོད་མུས་དེ་མཇུག་ཏུ་ཞིབ་དཔྱད་མ་ཐུབ་སྟབས་སྐྲན་ནད་དུ་གྱུར་ནས་འདས་པ་དང་། རྒྱུན་དུ་ནས་ཏོག་ཙམ་བདེ་མིན་འདྲ་བྱུང་ན་གཞན་ལ་བཤད་ཀྱི་མེད་ཅིང་། སྨན་པར་བརྟེན་གཏུག་དེ་བས་བྱེད་སྲོལ་མེད་པས་དར་གཞོན་གྱི་ལོ་ནས་ཨ་ཅེ་བདེ་སྐྱིད་ཕྱི་མིའི་ལམ་དུ་ཕེབས་སོང་འདུག ངའི་སེམས་ནང་གཅིག་ནི་ཨ་ཅེ་བདེ་སྐྱིད་འཇིག་རྟེན་འདི་ནས་ཁ་བྲལ་སྔ་སོང་འདུག་བསམ་པའི་འགྱོད་སེམས་དང་། གཉིས་ནི་ཅི་ཡིན་ན་ངས་ཀྱང་མི་ཤེས། ངའི་སེམས་སྦུགས་ཤིག་ན་ཨ་ཅེ་བདེ་སྐྱིད་ཀྱིས་མོའི་ཚ་བོའི་ཁ་ལ་ཉན་ནས་ཕྱི་གླིང་བ་དེ་དང་མཉམ་དུ་མ་བསྡད་པ་གང་ཡིན་ནམ་བསམ་པ་ཤུགས་ཆེར་བྱུང་། ཨ་ཅེ་བདེ་སྐྱིད་ངོ་ཤེས་ཚད་བོད་པ་ཚོས་གཅིག་གཅིག་གཉིས་གཉིས་ཀྱིས་མོ་ནི་བུད་མེད་ཡ་རབ་སྤྱོད་བཟང་ཅན་ཞིག་དང་ལས་རྒྱུ་འབྲས་་ཚུལ་བཞིན་སྲུང་ནས་ཆོས་སེམས་ཡག་པོ་ཡོད་མཁན། རྒྱུན་དུ་གཞན་སུ་འདྲ་ཞིག་ཡིན་ཡང་ཁ་དགྲ་སྣ་དགྲ་ཙམ་ཡང་བསགས་མ་མྱོང་བའི་བཟང་མོ་ཞིག་རེད་ཟེར། འོན་ཀྱང་ངའི་སེམས་སྦུགས་ན་ཨ་ཅེ་བདེ་སྐྱིད་ཀྱི་དོན་དངོས་མཁྲེགས་བཟུང་གི་གཤིས་ཀ་དེར་འགོག་མི་ཐུབ་པའི་འཁང་ར་ལྟ་བུ་ཞིག་ཚོར་ཡོང་གི་འདུག་ལ། དེ་བས་ཀྱང་སེམས་ལ་ཁོང་ཁྲོ་དང་ཞེ་སྡང་བསླང་མཁན་གྱི་ཁྱོ་ག་འདྲ་ཆགས་པོ་དེའི་རྟག་ཏུ་གཞན་ལ་འཛུམ་མུལ་མུལ་ཡིན་ཡང་དོན་དངོས་གདུག་རྩུབ་ཅན་ལྟ་བུའི་ངོ་གདོང་དེ་ཡང་ནས་སྐྱབར་དུ་མིག་ངོར་ཤར་ཡོང་གི་འདུག་གོ