རིག་འབྱུང་དོན་གྲུབ་བཀྲ་ཤིས།
ངས་སློབ་ཆུང་འཛིན་རིམ་ལྔ་བ་བར་དུ། རྨ་ལྷོ་སོག་རྫོང་ན་ཡོད་པའི་བྲག་དམར་སློབ་ཆུང་དུ་སློབ་སྦྱོང་བྱས། དེའི་རྗེས་སུ། ཨ་ཕས་ང་དོར་ཉིན་སློབ་ཆུང་དུ་བསྐྱལ། དོར་ཉིན་སློབ་ཆུང་ནི། སེ་བཟའ་དང་སྙིང་ལོ། ཨ་རོལ་ཟེར་བའི་སྡེ་བ་གསུམ་གྱི་དཀྱིལ་ན་ཡོད། ང་སྐྱེ་སའི་སྡེ་བ་དེའི་མིང་ལ་ཉིན་ཟེར་ཞིང་། དེ་ནས་དོར་ཉིན་སློབ་ཆུང་བར་དུ། ཉུང་མཐར་ཡང་རྐང་པ་བརྒྱབ་ན་སྐར་མ་ཉི་ཤུ་ཙམ་འགོར། དེ་ཡང་། ང་སྐྱེས་སའི་སྡེ་བ་ནས། ཐོག་མར་ལུང་བ་ཆུང་ཆུང་ཞིག་གི་མཐིལ་ལ་བབས། དེ་ནས་རི་ངོས་ཅུང་གཟར་པོ་ཞིག་ལ་ཡར་འཛེགས། རི་ངོས་ཀྱི་ཞིང་ཁ་འགའ་འཕྲེད་ཀྱིས་བཅད་ན་ད་གཟོད་དོར་ཉིན་སློབ་ཆུང་དུ་སླེབས་ཐུབ།
དོར་ཉིན་སློབ་ཆུང་དུ་ཞུགས་རྗེས། ཐོག་མའི་ཟླ་ངོ་གཅིག་གཉིས་ཀྱི་རིང་ལ་ང་ཧ་ཅང་བསུན། ངས་བྲག་དམར་སློབ་ཆུང་དང་དེར་ཡོད་པའི་རང་གི་སློབ་གྲོགས་ཚོ་ཤིན་ཏུ་དྲན། ད་དུང་། དོར་ཉིན་སློབ་ཆུང་གི་འཛིན་རིམ་དྲུག་པ་འདོན་རྒྱུར་བསུན་སྣང་རྟག་ཏུ་སྐྱེས། དེར་བརྟེན། ངས་རང་གི་ཨ་མར་ཡང་ཡང་བསུན་པོ་བཟོས། ཨ་མ་ཅུང་ཙམ་ཨུ་ཐུག་པ་ཡིན་ནམ་གང་ལྟར། ཨ་ཕར་ཁ་པར་བཏང་ནས། “ཞི་ལི་ཡུལ་ནས་འདུག་འདོད་བྱེད་ཀྱི་མི་འདུག ཞི་ལི་ཕྱིར་སོག་པོར་འཁྲིད་རྒྱུགས།”ལབ་པ་ཡིན་ཟེར། འོན་ཀྱང་། ཨ་ཕས་དེ་ལ་ཡ་ལན་སྤྲད་མི་འདུག ཡ་ལན་མ་སྤྲད་པའི་རྒྱུ་མཚན་ངས་ཨ་ཕ་ལ་ཐད་ཀར་འདྲི་མ་ཕོད། གང་ལྟར། ངས་སློབ་ཆུང་འཛིན་རིམ་དྲུག་པ་དེ་དོར་ཉིན་སློབ་ཆུང་དུ་འདོན་དགོས་ཐུག
དོར་ཉིན་སློབ་ཆུང་དང་ཐག་ཉེ་ཤོས་ཀྱི་སྡེ་བ་དེ་སེ་བཟའ་སྡེ་བ་ཡིན། སེ་བཟའ་སྡེ་བའི་ནང་ནས། ཨ་ཅེ་འཚེ་མོ་མཁར་གྱི་ཁྱིམ་དེ་དོར་ཉིན་སློབ་ཆུང་གི་ཞོལ་རང་དུ་ཡོད། ཨ་ཅེ་འཚེ་མོ་མཁར་ངའི་ཨ་ཕའི་སྲིང་མོ་ཆེ་བ་དེ་ཡིན། བོད་རང་གི་རིགས་རུས་ཆོ་འབྲང་གི་འགྲོ་སྟངས་ལྟར་ན། མོ་ངའི་ཨ་ནེ་ཡིན། འོན་ཀྱང་། ང་ཚོས་མོ་ལ་ཨ་ཅེ་འཚེ་མོ་མཁར་ཟེར་ནས་འབོད། མོ་ནི་དོར་ཉིན་དཔོན་པོའི་མནའ་མ་ཡང་ཡིན། མོ་ངའི་ཨ་ཕའི་སྲིང་མོ་ཡིན་པ་དང་དོར་ཉིན་སློབ་གྲྭ་དེ་ངའི་སྡེ་བ་དང་ཅུང་ཁ་ཐག་རིང་པའི་རྒྱུ་མཚན་གྱི་དབང་གིས། ང་རྟག་ཏུ་ཁོང་ཚང་ལ་ཉིན་གུང་ཟ་མ་ཟ་བར་འགྲོ་གི་ཡོད། ཁོང་ཚང་རྒྱུ་འབྱོར་ཞན་ན་ཡང་ཁ་སྐྱིད་རྒྱག་མཁན་ཞིག་ཡིན། ཉིན་གུང་ཕལ་ཆེ་བར་ཀོ་རེ་དང་མཉམ་དུ་ཞོད་ཁོག་དང་སྔོ་ཚལ་གང་རུང་ཞིག་བཟའ་འཐུང་བྱེད་རྒྱུ་ཡོད། ཨ་ཅེ་འཚེ་མོ་མཁར་གྱིས་ང་ལ་བྱམས་པོ་བྱེད་པ་མ་ཟད། ངའི་སློབ་སྦྱོང་གི་གྲུབ་འབྲས་ལ་མོ་དམིགས་བསལ་གྱིས་དགའ། མཚམས་མཚམས་སུ། མོས “ངེད་ཚང་གི་ཉིན་གྱི་ཞི་ལི་སློབ་སྦྱོང་ལ་ངར་”ཟེར་ནས་གཞན་ལ་ངོམ་སོ་ཡང་ཅུང་ཙམ་བྱེད།
དེ་ནི་ཕལ་ཆེར་དགུན་ཁའི་ཞོགས་པ་ཞིག་ཡིན། ངས་ཧ་ཅང་གསལ་བོ་ཞིག་མི་དྲན། ཞོགས་པ་དེར་ཉི་འོད་གསལ་ཞིང་གྲང་རླུང་ཡང་མོ་ཞིག་ལྡང་བཞིན་འདུག ཞོགས་པའི་ཚོགས་ཐུན་གཉིས་པ་གྲོལ་རྗེས། ང་ཚོ་སློབ་གྲོགས་འགས་འཛིན་ཁང་རྒྱབ་ན་ཉི་མར་དྲོ་བཞིན་ཡོད། ཉི་འོད་གསལ་ན་ཡང་ཉི་མར་དྲོད་དེ་ཙམ་མི་འདུག སྐབས་དེ་འདྲ་ཞིག་ཏུ། སློབ་གྲྭའི་སྒོ་རྭའི་ནང་ནས་སློབ་མ་ཞིག་གིས། “ཨ་ཁུ་པད་མ་འབུམ་ཚང་མེ་ཤོར་ཐ་”ཟེར་ནས་སྐད་བརྒྱབ་སོང་། ང་ཚོ་རང་གི་རྣ་ལ་ཅུང་ཙམ་ཡིད་མ་ཆེས་བའི་ཚུལ་གྱིས་སྐད་རྒྱག་མཁན་གྱི་སློབ་མ་དེའི་ཕྱོགས་སུ་བལྟས། སློབ་མ་མང་པོ་ཞིག་སློབ་གྲྭའི་རྒྱལ་སྒོའི་ཕྱི་ལོག་ཏུ་རྒྱུགས་བཞིན་འདུག ང་ཡང་སློབ་གྲྭའི་སྒོ་ཆེན་གྱི་ཕྱི་ལ་བུད།
ཨ་ཅེ་འཚེ་མོ་མཁར་ཚང་གི་ལ་ཁའི་རྩག་ཁང་དེ་མེ་ལ་ཤོར་འདུག ལ་ཁའི་རྩག་ཁང་དེ་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཡོང་གིན་འདུག སྡེ་མི་མང་པོ་སྔ་ས་ནས་སླེབས་འདུག་པ་མ་ཟད་སྡེ་མི་ཚོས་ལ་ཁར་བྲེལ་བྲེལ་འཚུབ་འཚུབ་ངང་ས་སྐྱེལ་བཞིན་འདུག ད་དུང་། ལ་ཁའི་ཐོག་ན་གསར་བུ་གསར་མོ་འགས་དུ་བ་འཕྱུར་སའི་རྩ་ཕུང་དེ་ཚོའི་ཐོག་ལ་ས་བྱོལ་བཞིན་འདུག དུ་བ་མ་གཏོགས་མེ་ལྕེ་ཆེན་པོ་ལོངས་ཐུབ་མེད་པ་འདྲ། ང་འདི་ལྟར་ཧད་ནས་ཡོད་པའི་སྐབས་དེར། ངའི་འགྲམ་གྱི་གྲོགས་པོ་སངས་རྒྱས་འབུམ་གྱིས། “དོན་གྲུབ་བཀྲ་ཤིས། ཁྱོད་རོགས་བྱེད་དུ་འགྲོ་གི་མིན་ནམ། ཁྱེད་གི་ཨ་ཅེ་ཚང་ལ་མེ་ཤོར་ན།”ལབ་སོང་། ངས་ཁོང་གི་སྐད་ཆར་ལན་གང་ཡང་མ་སྤྲད། ངའི་སེམས་སུ། ང་འགྲོ་དགོས་སམ་མི་དགོས་། གལ་སྲིད་ང་ཕྱིན་ན་ཚོགས་ཐུན་རྗེས་མ་དེ་ཤོར། དེ་ཤོར་ན་དགེ་རྒན་གྱི་བཀའ་བཀྱོན་གཟེད་དགོས། མ་ཕྱིན་ན་ཨ་ཅེ་འཚེ་མོ་མཁར་ལ་ངོ་ཚ། ངས་འདི་ལྟར་ཁོག་རྩིས་ཆུང་ཆུང་ཞིག་རྒྱག་བཞིན་པའི་སྐབས་སུ། ཚོགས་ཐུན་རྗེས་མའི་ཚོགས་བརྡ་བརྒྱབ་སོང་། ངས་སེམས་ལ་གནོང་ཞིག་འཁྱེར་བཞིན་སློབ་གྲོགས་ཚོའི་མཉམ་དུ་ཕྱིར་འཛིན་ཁང་ལ་ལོག
ཉིན་གུང་སློབ་གྲྭ་གྲོལ་རྗེས། ང་སྔར་བཞིན་ཨ་ཅེ་འཚེ་མོ་མཁར་ཚང་ལ་ཟ་མ་ཟ་རུ་ཕྱིན། ཁོང་ཚང་གི་སྒོ་ནང་ནས་ཡར་འཛུལ་བ་དང་། ཁྱམས་ཤ་ན་ད་གིན་རོགས་བྱེད་དུ་ཡོང་མཁན་གྱི་སྡེ་མི་རྣམས་ཀྱིས་གུང་ཇ་འཐུང་བཞིན་འདུག དེའི་ཁྲོད་དུ། ངའི་ཨ་ཅེ་དང་ངའི་ཨ་ཁུ། ཨ་ཁུའི་ཆུང་མ་བཅས་ཀྱང་འདུག ཁོང་ཚོས་ང་ལ་བལྟ་ཙམ་མ་གཏོགས་ཅི་ཡང་ལབ་མ་སོང་། ཁྱམས་ཤ་ནས་ཧུབ་ཁང་ནང་ལ་འཛུལ་སའི་འགྲམ་གྱི་ཀ་བ་དེའི་འཁྲིས་ན་ཨ་ཅེ་འཚེ་མོ་མཁར་གྱིས་ལག་ཏུ་ཇ་དེམ་ཞིག་བཟུང་འདུག མོ་ཡིས་ང་མཐོང་བ་དང་ཇ་དེམ་དེ་ས་ལ་བཞག་སོང་། མོའི་གདོང་མདོག་ཀྱང་འགྱུར་སོང་། ང་གདན་གྱི་སྟེང་ལ་བསྡད་ནས་ཇ་ཕོར་ཞིག་ལ་ལག་པ་སྙོབ་གྲབས་བྱེད་སྐབས། མོ་ངའི་འགྲམ་ལ་ཡོང་ནས། “རང་གི་ཨ་ཅེའི་ཁང་པ་མེ་ཤོར་ན་ཡང་། ཁྱོས་ལྟད་མོ་བལྟས་ནས་འདུག་ཕོད་དམ། ཁྱོད་རང་གི་སློབ་གྲོགས་ཚོར་ངོ་མི་ཚའམ།”ཟེར་བཞིན་ཕར་ཕྱིན་སོང་། ངས་མོའི་གདོང་ལ་བལྟ་མ་ཕོད་ལ་མོའི་སྐད་ཆར་ལན་ཡང་སྤྲོད་མ་ཐུབ། ཐ་ན་འགྲམ་གྱི་སྡེ་མི་གཞན་པ་ཚོའི་གདོང་ལ་མིག་ཟུར་ཙམ་ཡང་འཕེན་མ་ཕོད། ངས་མགོ་སྒུར་ནས་སྣ་འཚུབ་རེ་བྱེད་བཞིན་ཇ་འཐུང་བཞིན་བསྡད་པ་ཡིན། ད་དུང་། ངའི་ངོ་གདོང་ཚ་ལམ་མེར་གྱུར་ཅིང་ཐོད་པའི་ངོས་ནས་རྔུལ་ཆུའི་ཐིགས་པ་འགའ་ཐུར་དུ་ཟགས་བཞིན་པའི་ཚོར་སྣང་བྱུང་།
དེའི་ཕྱི་ཉིན་ནས། ང་ཨ་ཅེ་འཚེ་མོ་མཁར་ཚང་ལ་ཉིན་གུང་ཟ་མ་ཟ་རུ་འགྲོ་རྒྱུ་ཇེ་ཉུང་ལ་ཕྱིན། རྒྱུ་མཚན། ངའི་སེམས་ན་ངོ་ཚ་དང་གནོང་ཞིག་ཡོད་པ་དེས་ཡིན། ངས་རང་གི་སེམས་ཀྱི་ངོ་ཚ་དང་གནོང་དེ་གཞན་ལ་ཡང་མ་བཤད། བཤད་རྒྱུའི་སྤོབས་པ་ཡང་མ་རྙེད། འོན་ཀྱང་། ཨ་ཅེ་འཚེ་མོ་མཁར་སེམས་ལ་དྲན་ཐེངས་རེར། ལོ་ངོ་བཅུ་དྲུག་སྔོན་གྱི་འདས་དོན་དེ་ཡང་ངའི་སེམས་ལ་འཁོར་ནས་ཡོང་།
(ཟུར་མཆན།
རྩག་ཁང་། ཁང་པའི་ཐོག་ཁར་ཡོད་པའི་སྔོ་རྩ་འཇོག་སའི་ཁང་ཆུང་གི་མིང་།
ཨ་ཁུ་པད་མ་འབུམ། ཨ་ཅེ་འཚེ་མོ་མཁར་གྱི་ཁྱོ་ཀ)
ཡག་གི བཀླགས་ནས་བུད་སོང་ང་།
ཨ་རོ། ང་འདི་ལྟར་ཧད་ནས་ཡོད་པའི་སྐབས་ཟེར་བ་དེའི་རྣམ་པ་ནི་ཅིག་ཅིག་བསྡུ་རྒྱུ་བོ་མང་དྲག་སོང་བ་མ་རེད་དམ། དེ་མིན། ཁྱེད་(གི་)ཨ་ཅེ་ཚང་གི་མི་ཟེར་ནོ་རེད། ཁྱེད་ཁའི་ཨ་ཅེ་ཚང་ཟེར་ནི་རེད། དེ་ནི་ཁྱེད་ཚང་ཡིན་པ་གང་ཞིག་ལ་ཁ་མགོ་ཁ་ཁ་ཡིན་པའི་དོན་རེད། ཀ་འདྲ་ཞིག་གི་སྒྲ་ཡང་ཡོད་ས་ཡོད་ཐལ། ཡིན་ན་ཡང་། ཁ་དེ་ཏག་ཏག་ལ་བསྡད་ཡོད་པའི་བསམ་བློ་འཁོར་ཡོད།
དེ་ནས་ངས་ཁྱོད་ལ་
ང་རྒྱ་ཕྲུག་སྐྲག་ཤོར་ཟིག་ལ་རིག་ནས་ཧད་ཡོད་པའི་སྐབས་དེར་ཟེར་ན་ག་འདྲ་འདུག། ཧ་ཧ། ཨ་ཅེ་ཚེ་མོ་མིན་འགྲོ། ཡང་ན་མཚེ་མོ་མིན་འགྲོ། འཚེ་མོ་ཡིན་པར་མི་འདོད། ཡ་ཡ། ད་མང་པོ་མང་པོ་ཟིག་མི་བཤད། དེང་སང་གི་མྱིའི་སྣང་བ་མཐོ་ནི་རེད། ཁ་མ་བཙུམ་ན་ཁ་དཀྱིལ་ལ་རྒྱག་རྒྱུ་ཟེར་ནི་རེད། ད་ངས་འབྲི་མཚམས་འཇོག་གི་ཡིན།
འདས་དོན་སྙིང་ལ་རྗེ་བོ་ཞིག་ཕྱིར་དྲན་བྱས་ནས་བྲིས་པ་སྙན་སོང།
གནམ་འདིས་ཁབ་བཙགས་འབུག་བཙགས་རེ་མ་བྱས་ན་འགྲིག་གི་མེད་པ་འདི་ཅི་རེད།
དེ་ནས། ཁྱེད་གི་ཟེར་དང་ཁྱེད་ཁའི་ཟེར ཡང་ན་ཁྱེད་ཀ་ཟེར་མིན་གསུམ་ནི། སྒྲ་བླངས་ནས་ཐག་བཅད་ན་མ་གཏོགས་དོར་ཉིན་གི་ཁ་སྐད་རང་ལ་ང་དེ་ཙམ་ཆ་རྒྱུས་མེད།
རྨ་ལྷོ་སོག་རྫོང་གི་བྲག་དམར་སློབ་གྲྭའི་ལོ་རིམ་ལྔ་བ་བར་དུ་སློབ་སྦྱོང་བྱས་མྱོང་བའི་ཁྱེད་ཀྱི་གཏམ་རྒྱུད་ཀྱི་མགོ་བརྩམས་དུས།ང་རང་ཀྱང་བྱིས་སྣབས་ལུད་དུས་སུ་འགྲིམས་མྱོང་བའི་མ་ཡུམ་བྲག་དམར་སློབ་གྲྭ་དེ་དྲན།དེ་རིང་ཁྱེད་ཀྱི་ང་ལ་ཕྱིར་དྲན་ཐེངས་གཅིག་ཕྱིན་སོང་།ཁ་དྲོ།སྒྲུང་གཏམ་ཡག་ཐལ།སོག་མདའ་ནས།
དྲན་ཐོ་འདི་ཧ་ཅང་སྙན་པོ་བྱུང་སོང་བས་ཁྱོད་ལ་ཐུགས་རྗེ་ཞུ།
ཡུན་རིང་མ་མཇལ་གྲོགས་པོ་ཞིག་གིས།