རྔ་བ་ཀུན་བཟང་།
བྱིས་པ་ཚོ་་་་་་སྐུ་ཁམས་བཟང་་་་་་་་ཡུན་རིང་ཞིག་ལ་ཨ་ཆེ་ལས་ཀ་མང་པོ་ཞིག་ལ་མགོ་འཁོར་ནས་ཁྱོད་ཚོ་དང་ལྷན་དུ་ཁ་བརྡ་བྱེེད་པའི་དུས་ཚོད་ཞིག་མ་ཁོམ། ཡིན་ན་ཡང། ཁྱེད་ཚོས་ང་ལ་འཁང་ར་བྱེད་མི་ཉན། ཨ་ཆེའི་སེམས་ན། འུ་ཚོ་ཚང་མའི་རེ་བ་དང་རྨི་ལམ་གཅིག་པས། དེ་རིང་ཆེད་དུ་ཁྱོད་ཚོ་ལ་གཏམ་འགའ་བཤད་ན་འདོད། མ་ཟད། རྒྱུན་དུ་རང་གི་མོས་འདུན་ལྟར་འགྲོ་ཆོག་མཁན་དང་། བསམ་ཆོག་མཁན། ལས་ཆོག་མཁན། དགའ་ཆོག་མཁན་གྱི་བྱིས་པ་རིགས་ཡིན་ན། ཨ་ཆེ་ངའི་གཏམ་ལ་མ་ཉན་ན་ཆོག་གི། རྒྱུ་མཚན་བྱིས་པ་དེ་དག་ལ་རེ་ཆད་དང་དཀའ་སྡུག་ཆེས་ཉུང་ངོ་།
འོ་རེད། ཐོག་མ་ཨ་ཆེ་ངའི་ངོ་སྤྲོད་ཞིག་བྱེད་ན་ང་ཆུང་དུས་ནས་བཟུང་རྟ་ནོར་ལུག་གསུམ་གྱི་རྐང་རྗེས་འགྲིམས་པའི་ཕྱུགས་རྫི་ཆེས་དཀྱུས་མ་ལས། ཀ་ཁ་དབྱངས་སུ་གྱེར་བའི་ཤེས་རིག་གི་ཐང་ཆེན་ཞིག་ལ་གོམ་པ་སྤོས་མ་མྱོང་་ལ། ཁྱོད་ཚོ་ལྟར་བློ་རིག་གསེར་ལྟ་བའི་དུས་ལ་དབྱར་དགུན་སྟོན་དཔྱིད་ཀྱི་ཆར་ཆུ་དང་གྲང་ངར་ཁྲོད་ནས་འདས་སོང་། ངས་ཡིད་ལ་གསལ་བོར་དྲན་ཡོང་བ་ནི་ང་དང་ཨ་མ་གཉིས་ཀྱི་མངར་སྐྱུར་ཁ་གསུམ་གྱི་སྤྲ་ནག་གི་འཚོ་བ་དག་རེད། སྐབས་དེ་དུས་ང་ལོ་བརྒྱད་ཙམ་ཡིན། རེད་དེ་ངེད་ཚང་ལ་སེམས་ཅན་བརྒྱ་དང་སུམ་བཅུ་ཙམ་ཡོད་པས། ང་ཞོགས་པའི་སྐྱ་རེངས་ཤར་མ་ཐག་ནས་མཚན་མོ་མུན་ནག་གི་སྐར་ཆེན་མ་ཤར་བར་དུ་། རྗ་རི་དང་ལུང་རི། བྲག་རི་སོགས་བརྒྱུད་ནས་སེམས་ཅན་དེ་དག་གི་རྗེས་སུ་འགྲོ་དགོས་ལ། སྐབས་ལ་ལར་ངུས་མྱོང་། དུས་རེ་ལ་གླུ་ཡང་ལེན་མྱོང་།
ཡ་མཚན་པ་ཞིག་ལ་ང་དང་སེམས་ཅན་བར་ན་བཅོས་མིན་གྱི་གྲོགས་པོ་དང་གྲོགས་མོའི་འདུ་ཤེས་ཆགས་སོང་བས། ཆ་ཡོད་ཆ་མེད་ཀྱི་ས་སྟོང་ལུང་སྟོང་གང་ལ་འགྲོ་ཡང་ཁེར་རྐྱང་དང་འཇིགས་སྣང་གི་འཚོ་བ་གང་ཡང་མ་ཤར། དྲང་མོ་བཤད་ན། ཁྱོད་ཚོ་ལྟར་ཕ་འཛོམས་མ་འཛོམས་ཀྱི་བྱིས་པ་བཞིན། ཟས་གང་ཞིམ་དང་གོས་གང་ལེགས་གྱོན་ནས་སློབ་གླེང་ཞིག་ལ་འགྲོ་བའི་རྨི་ལམ་ཙམ་ཡང་ང་དང་ང་འདྲ་བའི་བྱིས་པ་དག་གིས་འཁོར་མ་མྱོང་ལ། དེ་ལྟ་བུའི་ཤེས་རིག་གི་ཁྱིམ་གཞི་ངོ་མ་ཞིག་ཡོད་པ་ག་ལ་ཤེས།
བྱིས་པ་ཞིག་གི་མ་འོངས་འཚོ་བའི་ཁྲོད་རྣམ་དག་གི་ཚད་དེ་ཁོ་འཚར་ལོངས་འབྱུང་བའི་ཁྲོད་ཚད་ཇི་ལྟ་བུའི་སྒོ་ནས་དངོས་ཐོག་བདེན་འཚོལ་གྱིས་ཤུགས་རྐྱེན་ཐེབས་པ་དང་། བྱིས་པ་ནར་སོན་རྗེས་ཀྱི་བསམ་གཞིག་གཏོང་སྟངས་དེ་ཡང་ཆུང་དུས་ཀྱི་འཚོ་བ་དང་འབྲེལ་ཆེ། བྱིས་དུས་དང་ནར་སོན་གྱི་ཁྲོད་ནས་ཕ་མ་ཡི་བརྩེ་དུང་མེད་པ་དང་། བག་མེད། ཨུ་ཚུགས། འཇིགས་སྣང་། གཅར་རྡུང་། ཁེར་རྐྱང་སོགས་ཀྱིས་བྱིས་པ་ང་ཚོའི་ཡོད་ཚད་ལ་རྨ་མེད་ཀྱི་ན་ཟུག་ལྕི་མོ་ཞིག་བཟོས་ཡོད་པ་དེ་རིང་ཨ་ཆེ་ངས་ལྷག་ཏུ་ཚོར། བདག་མེད་ཀྱི་བྱིས་པ་ང་ཚོ་ཐོག་མར་སློབ་གྲྭ་་ཞིག་ལ་བཏང་སོང་ཡང་། རིམ་བཞིན་བྱིས་པ་དང་ཁྱིམ་བདག་བར་ལེ་བར་སྟོང་ཕྲག་ཞིག་གི་བསམ་བློའི་རྒྱང་ཐག་རིང་སོང་བས། བྱིས་པའི་བསམ་གཞིག་དང་གཤིས་ལུགས་ལ་འཕེལ་ཁ་རྒྱས་དུས། ཕ་མ་མང་དག་ཞིག་ང་ཚོ་དང་འབྲེལ་མེད་དུ་གྱུར་ནས། གཅེས་ཕྲུག་ལོ་ལོ་་་ཞེས་ཁ་པར་རེ་གཉིས་བཏང་བ་མ་གཏོགས། བྱིས་པ་ང་ཚོ་དང་ང་ཚོའི་བསམ་བློ་ལ་ཞིམ་མངར་གྱི་བྱམས་བརྩེ་དྲོན་མོ་ཞིག་གནང་མཁན་མ་བྱུང་བ་དེ། ཨ་ཆེ་ང་མ་འཆི་འཚོ་བའི་བར་གྱི་སྐྱོ་གདུང་གི་ན་ཟུག་དང་བསུབ་དུ་མེད་པའི་རྨ་ཁ་ཞིག་ཀྱང་ཡིན།
བྱིས་པ་ཚོ། ང་ཚོ་དེང་ཐོག་སློབ་གྲྭར་འགྲོ་སྐབས་ནས་བཟུང་དེ་རིང་བར་དུ་མ་ཤི་གསོན་ཙམ་དང་འཇིག་རྟེན་ན་ཡོད་པ་ཙམ་དང་། སློབ་གླིང་ཞིག་ལ་འགྲོ་བའི་མིང་ཙམ་མ་གཏོགས། ང་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། འདས་མ་ད་གསུམ་གྱི་འཚོ་བ་ལ་བསམ་ཤེས་གནང་མཁན་ཇེ་ཉུང་དུ་འགྲོ་བ་མཐོང་དུས། ཨ་ཆེ་ང་ཅི་བྱ་གཏོལ་མེད་ཏུ་གྱུར་ནས་མིག་ནས་མཆི་མ་ཤོར་བཞིན། བདག་མེད་དུ་ལྷག་པའི་བྱིས་པ་དག་ལ་བརྡ་ཞིག་མི་རྒྱག་ཀ་མེད་བྱུང་ཐལ། འོན་ཀྱང་། ངས་བསྟོད་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་མིག་ཟུང་གིས་ཁྱོད་ཚོ་ལ་ལྟ་བཞིན་བཤད་རྒྱུ་ནི་“་ང་ལ་མཚོན་ན་བྱིས་དུས་ཀྱི་འཚོ་བ་ཉག་ཁའི་དར་ལྕོག་ལྟར་དར་དར་ཏུ་གཡོ་ནས་ཆད་སོང་ལ། ལང་ཚོ་མེ་ཏོག་གི་སྨྱུ་གུ་ཡང་སྔར་ནས་བསྐམས་ཟིན། ད་ནི་འཇིག་རྟེན་གྱི་བྱ་སྤྱོད་ཀུན་ལ་དེ་ཙམ་གྱི་མཉེས་པོ་དང་ཆགས་ཞེན་མི་སྐྱེ་མོད། རེད་དེ་ཁྱོད་ཚོ་ད་དུང་རྐང་ལམ་འདི་ནས་བརྒྱུད་དགོས་པས། ཨ་ཅེ་ངས་སེམས་ཁྲལ་ཆེ་ས་དེ་ཡང་ཁྱོད་ཚོ་ལས་མ་འདས། ཕ་མའི་བྱམས་སྐྱོང་མེད་པ་དང་། གཞན་གྱི་མནར་གཅོད་དང་གཅར་རྡུང་མྱོང་སྐབས་ཁྱོད་ཚོ་ནམ་ཡང་ཨ་ཆེ་ངས་འཚོས་བ་དག་དྲན་དགོས། ཨེ་གོ་ཐལ། ང་ཚོ་ཡང་དང་བསྐྱར་དུ་ཐུག་པའི་སྐལ་བ་མེད་པས། གོང་དུ་བརྗོད་པའི་གནད་དོན་དག་བརྗེད་མི་ཉན་ཡ་་་་ གཅེས་ཕྲུག་ཚོ། ཨ་ཆེ་སེམས་ནས་ཁྱོད་ཚོ་ནམ་ཡང་འབྲལ་མི་སྲིད།
རྔ་བ་ཀུན་བཟང་ནས་༢༠༡༧ །༠༩ །༡༩་ ཉིན་བྲིས།
ཀློག་པ་པོ་ཡོངས་ན་བཀའ་དྲིན་ཆེ་ཞུ།
བྱིས་པ་ཞིག་ལ་མཚོན་ན་ཆེས་གལ་གནད་ཆེ་བ་དེ་ལོ་ཆུང་གི་འཚོ་བ་དང་ཕ་མའི་བྱམས་བརྩེ་གཉིས་ཡིན། དེ་གཉིས་ཡང་དག་ཞིག་མེད་སོང་། ད་གཟོད། ནར་སོན་གྱི་བསམ་བློ་ཧ་ཅང་ཆུང་ལ། གཞན་འོག་ནས་ལངས་དཀའ།
ཨ་ཅེ་དང་། ཨ་ཆེ་གཉིས་ལས་གང་དག་གམ། ལགས།
ཁ་སྐད་དང་ཡིག་སྐད་བར་ནས་ཁྱད་པར་འདུག། རེད་དེ། གང་བྲིས་ན་དག་པ་ཞིག་ཡིན་པ་འདྲ།