སྤོབས་པ་མཐའ་ཡས།
ཀ་དག་རིག་པ་ཟང་ཐལ་འོད་ཀྱི་སྐུ།།
ཁ་བའི་ལྗོངས་སུ་སྙིང་རྗེའི་ཟློས་གར་བསྒྱུར།།
ག་བུར་སྨན་ལྟར་གདུང་བའི་ནད་སེལ་མཁན།།
ང་ཡི་སློབ་དཔོན་ཁྱོད་ལ་འགྲན་ཟླ་བྲལ།།
ཅ་ཅོའི་སྐད་དང་ཡི་གེ་འབྲི་ཀློག་ནས།།
ཆ་ལུགས་ཆས་གོས་ཅི་ལྟར་གྱོན་སྟངས་དང་།།
ཇ་ཟས་འཚོ་བ་རང་མགོ་ཐོན་ཐབས་བཅས།།
ཉ་ཉོག་བྱིས་པ་མང་པོར་ཁྱོད་ཀྱིས་བསླབས།།
ཏ་ཐ་ག་ཏའི་བསྟན་པའི་སྦྱིན་བདག་ཆེ།།
ཐ་སྙད་རིག་གནས་སློབ་པའི་རོགས་སྐྱོར་བ།།
ད་ལྟའི་སློབ་ཚན་སྦྱོང་བའི་ལམ་སྟོན་མཁན།།
ན་ཚ་རྒྱང་དུ་བསྐྲོད་པ་སྨན་གྱི་བླ།།
པ་ཚབ་ཉི་མ་གྲགས་པ་ཇི་བཞིན་དུ།།
ཕ་སྐད་དང་ནི་གཞན་སྐད་མང་དུ་མཁྱེན།།
བ་གླང་ལྟ་བུའི་མདོ་ཁམས་བླུན་པོ་ཚོར།།
མ་བཞིན་བརྩེ་བའི་བཀའ་དྲིན་བསམ་མི་ཁྱབ།།
ཙ་མི་ལོ་ཙཱའི་རྣམ་ཐར་དང་མཚུངས་པར།།
ཚ་གྲང་དང་དུ་བླངས་ནས་ཐོས་བསམ་བྱས།།
ཛ་སག་ཐའི་ཇིའི་ཆོ་ལོ་ངོམ་པ་ཡི།།
ཝ་སྐྱེས་སེང་ལྤགས་གྱོན་དང་ཁྱོད་མི་མཚུངས།།
ཞྭ་མོའི་ཁ་ཏོག་རྩོད་པའི་ཕྱོགས་ལྷུང་མེད།།
ཟ་འདོད་འགུལ་འཚེར་དག་དང་མི་མཚུངས་ལ།།
འ་འུར་གྲགས་པ་བསྒྲགས་ལ་མི་དགྱེས་པ།།
ཡ་རབ་དམ་པའི་མགོན་ཁྱོད་ཡི་གར་འོངས།།
ར་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་དུ།།
ལྭ་བ་པ་ཉིད་སླར་ཡང་འཁྲུངས་པ་བཞིན།།
ཤ་ཚ་སྙིང་རྗེ་ཅན་གྱི་བླ་མ་ཁྱོད།།
ས་ཐོབ་སེམས་དཔའི་དཔེ་མཚོན་ངོ་མ་ཡིན།།
ཧ་ཅང་ཟབ་པའི་ཐུགས་ཀྱི་ཏི་ལ་ཀ།།
ཨ་ཏི་ཡོ་གའི་ཟབ་དོན་སྙིང་པོའི་ལམ།།
ཧ་ཤང་རྒན་པོའི་བླུན་སྒོམ་ལས་འདས་པས།
ཨ་དོན་སྐྱེ་མེད་རྟོགས་པ་ཁྱེད་ལ་བསྔགས།།
ཨ་དཀོན་རིན་པོ་ཆེ་མཆོག
ཨ་མའི་ནུས་རིན་ཕུལ་མཁན་བླ་སྤྲུལ་དཔེ་མེད་ཁྱེད། །
དཀོན་མཆོག་དཔང་བཙུགས་ལས་དོན་ཕ་མཐར་སྐྱོང་མཁས་པ། །
རིན་ཆེན་གླིང་དུ་རིན་མེད་སློབ་ཡོན་གང་མང་གནང་། །
པོ་ཏ་ལ་ཡི་གྲུ་འཛིན་གཉིས་པ་བོད་ལྗོངས་ནས། །
ཆེ་མཆོག་ཁྱེད་དང་བློ་བུར་གྱེས་པ་སེམས་ཕངས་ཆེ། །
དོན་གྱིས་དབུ་མའི་དཔའ་བོ་ཁོང་ལ་གུས་བཏུད་ཞུ།
ཁ་ཡི་དབུ་མ་ཙམ་མིན་ཕྱག་ལེན་གྱིས།།
བོད་རྒྱའི་དབུ་མའི་དབར་ནས་བོད་འཕྲུག་ལ།།
བོད་ཀྱི་རིག་གཞུང་ཆོས་དང་ཟང་ཟིང་གིས།།
ཐབས་མཁས་ཐུགས་རྗེས་བསྐྱངས་པའི་རྣམ་ཐར་ལ།།
དགའ་གུས་སྙིང་ནས་མྱ་ངན་གུས་བཏུད་ཞུ།།
ཀ་དག་ལྟ་བ་སྟོན་པའི་བླ་མའང་ཁྱེད།།
ཁ་ཙམ་མིན་པའི་སྦྱིན་བདག་ཆེན་མོའང་ཁྱེ།།
ག་ས་གང་དུ་ཕེབས་པའི་ཕོ་ཉའང་ཁྱེད།།
ང་ཅག་གངས་ཅན་ཡོངས་ཀྱི་ཁྱེད་ལ་བསྟོད།།
ཨ་མིང་ཁྱེད་ལ་སྙིང་ནས་གུས་འདུད་ཞུ། ཧ་ཅང་གངས་ཅན་འགྲོ་བ་བསྐྱངས་པའི་ལན། ས་ལས་རིང་དུ་བྲལ་བའི་གནས་ཚུལ་འདི། ཤ་ཟ་གཤན་པ་འདྲ་བར་རྟག་ཏུ་ཁྲོ།
ཁ་ནས་ཡག་སྡུག་གླེང་བ་ཁ་ཡི་ཁྲལ།
དགོས་དུས་མེད་པར་གྱུར་པ་བོད་ཀྱི་ཁྲལ།
ཡ་རབས་རྗེས་སུ་དྲན་པ་ཡ་རབས་གཤིས།
དཀོན་ཅོག་མ་ཐོས་མེད་ཐོས་དཀོན་མཆོག་མཁྱེན།
ཨ་དཀོན་མ་རེད། ཨ་ཀོང་རེད།
བྱ་དགའ་དང་ཉེས་ཆད།
སློབ་དཔོན་ཨ་དཀོན་རིན་པོ་ཆེ་མཆོག་གིས་ངའི་ཕ་ཡུལ་དུ་ཁྱིམ་ཚང་ཞིག་ཏུ་ཞག་བཞུགས་མཛད། ཁྱིམ་ཚང་ཅུང་ཕྱུག་གྲས་ལྟ་བུ་ཡིན་སྟབས་སྣེ་ལེན་གཟབ་རྒྱས་བྱས། ཨ་དཀོན་རིན་པོ་ཆེ་གླུ་དང་བྲོ་ལ་ཐུགས་མཉེས་པོ་ཡོད་ཚུལ་ཐོས་མྱོང་བས་དགོང་མོའི་གསོལ་ཚིགས་ཀྱི་སྐབས་སུ་གླུ་བླངས།
སྐབས་དེར་ཁྱིམ་ཚང་དེར་ལས་ཀ་བྱེད་མཁན་བུ་མོ་ཞིག་དང་། ཁྱིམ་ཚང་དེའི་གཉེན་ཉེར་གཏོགས་པའི་བུ་མོ་ཞིག་ཡོད་པ་དེ་གཉིས་ལ་གླུ་ལེན་བཅུག གཉེན་ཉེ་བུ་མོ་དེས་རྒྱ་གླུ་ཞིག་བླངས། མོའི་སྐྱེས་གཟུགས་དང་སྐད་ངག་གང་ཐད་ནས་གླུ་བྲོ་གཟིགས་འབུལ་ཞུ་མཁན་ཞིག་གི་ཚུགས་ཀ་ཡོད། ལས་ཀ་བྱེད་མཁན་བུ་མོ་དེར་སྐད་ངག་སྙན་མོ་ཞིག་གང་ཡང་མེད་ཐོག་གླུ་ལེན་པར་བྱང་ཆ་ཡང་མེད། ཡིན་ན་ཡང་། མོས་བོད་གླུ་ཐབས་ཆག་ཅིག་བླངས། མོས་གླུ་ལེན་པའི་ཚུགས་ཀར་ཚུགས་ཀར་བལྟས་ནས་དེར་ཡོད་ཕལ་ཆེ་བ་གད་མོ་ཤོར།
ཨ་དཀོན་རིན་པོ་ཆེའི་ལས་ཀ་བྱེད་མཁན་བུ་མོ་དེར་བསྟོད་བསྔགས་མཛད། ཁྱིམ་ཚང་དེའི་ཉེ་འབྲེལ་བུ་མོ་རྒྱ་གླུ་ལེན་མཁན་དེར་གཟིགས་ནས་གླུ་དེ་འདྲ་བླངས་ན་བྱ་དགའ་མེད་པའི་སྟེང་ན་ཉེས་ཆད་ཀྱང་གཅོད་སྲིད་གསུངས་ནས་ཐུགས་མཉེས་པོ་མ་མཛད། བུ་མོ་དེ་ཁ་སྐྱེངས་པོ་བཟོས།
སྤོབས་པ་མཐའ་ཡས་མཆོག
ཁྱེད་ཀྱིས་ཀ་འཕྲེང་གིས་རང་གི་བླ་མར་བསྟོད་བསྔགས་ཞུས་པ་ལེགས། མིང་ཚིག་འགའ་ཤས་ལ་ཁ་སྐད་ཀྱི་ཤན་ཞུགས་པ་མཐོང་། དེ་དག་ནི།
་
ཉ་ཉོག་བྱིས་པ་མང་པོར་ཁྱོད་ཀྱིས་བསླབས།། ཉ་ཉོག་ལ་ངའི་ཁ་སྐད་དུ། རྙག་རྙོག་ཟེར། དེ་ཡང་རྙོག་ལས་འཕྲོས་སོ།
ཏ་ཐ་ག་ཏའི་བསྟན་པའི་སྦྱིན་བདག་ཆེ།། ཏ་ཐཱ་ག་ཏའི་ ཞེས་དགོས།
ཐ་སྙད་རིག་གནས་སློབ་པའི་རོགས་སྐྱོར་བ།། རོགས་སྐྱོར་བ།། ཞེས་པར་གྲོགས་སྐྱོར་པ། ཞེས་དགོས། དེ་ཡང་གྲོགས་བྱས་ཏེ། སྐྱོར་མཁན་ལ་གྲོགས་སྐྱོར་པ། ཞེས་བདག་སྒྲ་ལ་པ་ཉིད་ཐོབ་པ་རིག་གཞུང་སྐད་ལ་ཉི་ཟླ་ལྟར་གྲགས་ཆེ།
ཞྭ་མོའི་ཁ་ཏོག་རྩོད་པའི་ཕྱོགས་ལྷུང་མེད།། ཁ་ཏོག་ཅེས་པར་ཏོག་ལྟར་ཞེས་དགོས། ཏོག་ལ་ཁ་ཏོག་ཅེས་དི་རིང་མ་གཏོགས་མཐོང་མེད། གཅིག་ན། ཁྱེད་ཀྱི་ཁ་སྐད་དུ། དེ་འདྲ་ཡིན་གྲང་།
ཙ་མི་ལོ་ཙཱའི་རྣམ་ཐར་དང་མཚུངས་པར།། ཙ་མི་ལོ་ཙ་སུ་ཡིན་ནམ། ཁོང་གིས་བསྒྱུར་པའི་དཔེ་ཆ་གང་དང་གང་མཆིས་གསུང་རྒྱུ་ཡོད་དམ།
མཁས་དབང་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
ཁྱེད་ཀྱིས་བརྒལ་བའི་ཉ་ཉོག་ནི་མདོ་ཁམས་ཀྱི་ཡུལ་གྱི་ཁ་སྐད་ཅིག་སྟེ་བྱིས་པ་ལ་འཇུག་པས་ངས་བཅོས་ཐབས་མི་འདུག
ཏ་ཐཱ་ག་ཏ་ནི་བཅོས་ཡོད།
ཙ་མི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཚན་ཁ་ཤས་ཤིག་བསྟན་འགྱུར་ན་ཡོད་བསམ། རེ་རེ་ནས་དྲན་མ་སོང་། ཁོང་ནི་བོད་ཀྱི་མི་རྒྱ་གར་དུ་ཆས་པའི་ཁྲོད་ཀྱི་སྐད་གྲགས་དང་བྱས་རྗེས་ཆེ་ཤོས་ཤིག་ཡིན་འདུག ཁོང་གིས་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མཛད་མྱོང་བས་སོ།།
སྤོབས་པ་མཐའ་ཡས་མཆོག
ཁྱེད་ཀྱིས་ཀ་འཕྲེང་གིས་རང་གི་བླ་མར་བསྟོད་བསྔགས་ཞུས་པ་ལེགས། མིང་ཚིག་འགའ་ཤས་ལ་ཁ་སྐད་ཀྱི་ཤན་ཞུགས་པ་མཐོང་། དེ་དག་ནི།
་
ཉ་ཉོག་བྱིས་པ་མང་པོར་ཁྱོད་ཀྱིས་བསླབས།། ཉ་ཉོག་ལ་ངའི་ཁ་སྐད་དུ། རྙག་རྙོག་ཟེར། དེ་ཡང་རྙོག་ལས་འཕྲོས་སོ།
ཏ་ཐ་ག་ཏའི་བསྟན་པའི་སྦྱིན་བདག་ཆེ།། ཏ་ཐཱ་ག་ཏའི་ ཞེས་དགོས།
ཐ་སྙད་རིག་གནས་སློབ་པའི་རོགས་སྐྱོར་བ།། རོགས་སྐྱོར་བ།། ཞེས་པར་གྲོགས་སྐྱོར་པ། ཞེས་དགོས། དེ་ཡང་གྲོགས་བྱས་ཏེ། སྐྱོར་མཁན་ལ་གྲོགས་སྐྱོར་པ། ཞེས་བདག་སྒྲ་ལ་པ་ཉིད་ཐོབ་པ་རིག་གཞུང་སྐད་ལ་ཉི་ཟླ་ལྟར་གྲགས་ཆེ།
ཞྭ་མོའི་ཁ་ཏོག་རྩོད་པའི་ཕྱོགས་ལྷུང་མེད།། ཁ་ཏོག་ཅེས་པར་ཏོག་ལྟར་ཞེས་དགོས། ཏོག་ལ་ཁ་ཏོག་ཅེས་དི་རིང་མ་གཏོགས་མཐོང་མེད། གཅིག་ན། ཁྱེད་ཀྱི་ཁ་སྐད་དུ། དེ་འདྲ་ཡིན་གྲང་།
ཡ་རབ་དམ་པའི་མགོན་ཁྱོད་ཡི་གར་འོངས།། ཡ་རབ་ཅེས་པར་ཡ་རབས་ཞེས་དགོས།
ཙ་མི་ལོ་ཙཱའི་རྣམ་ཐར་དང་མཚུངས་པར།། ཙ་མི་ལོ་ཙ་སུ་ཡིན་ནམ། ཁོང་གིས་བསྒྱུར་པའི་དཔེ་ཆ་གང་དང་གང་མཆིས་གསུང་རྒྱུ་ཡོད་དམ།
དང་པོ། ལོ་རྒྱུས་དང་སྐྱེས་བུ།
ཉིན་འདི་དག་ནང་བོད་མིའི་སྐད་འཕྲིན་ཐམས་ཅད་ཨ་དཀོན་ལགས་ཀྱི་པར་དང་གནས་ཚུལ་ཐན་ཐུན་གྱིས་གང་ནས། གློ་བུར་དུ་ཨ་དཀོན་ལགས་ཀྱི་མཛད་རྗེས་གནམ་ལ་སྤུར་གྱིན་འདུག དྲང་མོར་བཤད་ན། རང་ཅག་ནི་མ་གཞི་ནས་འདི་ལྟ་སྟེ། མི་རིགས་ལ་དངོས་ཕན་མངའ་བའི་མི་སྣ་གང་ཞིག་འཇིག་རྟེན་མི་ཡུལ་དུ་བདེ་བར་འཚོ་དུས་དྲིན་གསོ་དང་གཅེས་སྐྱོང་མི་ཤེས་ལ། གང་ཉིད་གཞན་དུ་གྲོངས་རྗེས་ད་གཟོད་རླབས་ཆེན་དང་བླ་མེད་ཡིན་པའི་ཟོལ་གྱིས་ཕངས་སེམས་ཀྱི་ཤུགས་རིང་ཅི་ཡང་འཐེན།
དེ་ནི་རང་རེའི་ལོ་རྒྱུས་ཁྲོད་གནའ་ནས་ད་བར་བསྐྱངས་པའི་སྣང་ཚུལ་འབའ་ཞིག་སྟེ། སུས་ཀྱང་སྐྱེས་བུ་ཆེན་པོ་རེ་རེ་སྐུ་དངོས་སུ་འཚོ་སྐབས། དངོས་བརྒྱུད་གང་རུང་ནས་མི་དགེ་བ་དང་མི་ལེགས་པའི་སྨད་པ་དང་ངན་སྐྱོན་ཁོ་ན་བཙལ་ཞིང་། དེ་དག་རེ་རེ་མི་ཡུལ་དུ་སྡོད་ས་མེད་པར་གཏུགས་ཏེ་མཐར་གཞན་དུ་དྭངས་རྗེས། ད་གཟོད་གང་གི་ཕྱི་ནང་གསང་གསུམ་གྱི་ཁྱད་ཡོན་གླེང་བའི་ལུགས་སྲོལ་རྒྱུན་སྐྱོང་བར་བྱེད།
དེ་བས། བདག་ནི་སྔར་བཞིན“ཕྱི་ལ་མི་སྐྲག་ནང་ལ་སྐྲག”(རང་རྩོམ་སྔ་མ་ཞིག་གི་མིང)པའི་ངེས་ཤེས་ལས་འདའ་མེད་ལ། ཕྱི་ཡི་གཡོ་ཐབས་བས་ཀྱང་ནང་གི་གདུག་རྩུབ་ལ་ཞེ་ཐག་པ་ལས་ཞེད་སྣང་སྐྱེ་ཡི་ཡོད། དེར་བརྟེན། ཕྱི་ནང་ངན་འབྲེལ་གྱི་ལས་ནི་ལྷག་ཏུ་འཇིགས་ཏེ། སྔར་བྱུང་བའི་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་གུང་ཐང་བསྟན་པའི་དབང་ཕྱུག ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་འདས་རྐྱེན་ཡིན་ཡང་འདྲ་ལ། ད་རེབ་ཀྱི་ཨ་དཀོན་ལགས་ཀྱི་གྲོངས་རྐྱེན་ཡིན་ཡང་འདྲ། བསམས་ཤིང་བསམ་ན་ནང་གི་གདུག་རྩུབ་རྐྱང་བས་བྱུང་བ་ཞིག་ཀྱང་མིན་ཤག་འདུག་སྟེ། འདི་ལ་ད་དུང་ཕྱི་ཡི་རྒྱུ་རྐྱེན་གཞན་ཡང་ཨེ་ཡོད་འདོད། འོན་ཀྱང་། ང་ཚོས་ནི་གནད་དོན་འདི་དག་གི་ཕྱི་རོལ་གྱི་ཆེས་རགས་པ་ཙམ་པོ་ལས་མཐོང་གི་མེད་སྟབས། ནང་གི་གནད་དོན་དངོས་ནི་ང་ཚོས་ཐོས་པ་ལྟ་བུ་ཡིན་སྲིད་པའི་ངེས་པ་བྲལ།
ཡིན་ཡང་། རང་གཞན་ཀུན་ཀྱིས་ཀྱང་ཕྱི་རོལ་གྱི་གསར་འགྱུར་ཙམ་པོར་བལྟས་ཏེ་ཚོད་དཔག་བྱེད་བཞིན་ཡོད་པས། ཚོད་དཔག་ལ་ནི་བློ་ཚིམས་པོ་གང་ཡང་གཏད་ཀྱི་མེད་མོད། རྗེས་དཔག་གིས་མི་མངོན་པའི་གནད་དོན་དབྱེ་ཆོག་པ་མ་ཟད། མངོན་སུམ་གྱི་རྟགས་སྣ་ཚོགས་ལས་ཕག་གི་དོན་དག་འགའ་རེར་ཡང་བསམ་གཞིག་གཏོང་ཆོག་གི་ཡོད།
ཁྱད་པར་དུ་ཨ་དཀོན་ལགས་ནི་དཔལ་འབྱོར་འབོར་ཆེན་གྱི་ལས་དོན་གཉེར་མཁན་ཞིག་ཡིན་པའི་ངོས་ནས། སྒོར་མོའི་གནད་དོན་གྱི་ཉོག་དྲྭ་ནི་ཏན་ཏན་མང་པོ་ཡོད་སྲིད་པ་རེད། དེ་བས་ཀྱང་། ལོ་འདི་དག་ནང་བོད་མི་ཚོའི་སེམས་ཁམས་ལ་སྒོར་མོའི་བྱིན་རླབས་དང་གཟི་བརྗིད་སྔར་བས་མཐོན་པོར་ཕྱིན་ཡོད་པའི་སྒང་འདིར། སྒོར་མོ་ནི་བོད་མི་མང་མང་གི“དཀོན་མཆོག་བཞི་བ”ལྟ་བུར་ཆགས་ཡོད། དེའི་སྟབས་ཀྱིས་སྒོར་མོའི་སྲོག་ཆགས་ཀྱི་བསམ་སྤྱོད་རྣམས་ནི་རང་དགར་ཚོད་འཛིན་ཐུབ་པ་ཞིག་མིན་ལ། སྒོར་མོའི་སྨྱོ་ནད་ཐེབས་པའི་རིགས་ཀྱང་སྤྱིར་བཏང་གི་སྨྱོན་པ་ཞིག་དང་གཏན་ནས་མི་འདྲ། རྐྱེན་དེས། སྒོར་མོ་དང་འབྲེལ་བའི་གནད་དོན་ནི་ཆེས་འདར་ཡོམ་དང་དངངས་སྐྲག་སྐྱེ་དགོས་པའི་རིགས་སུ་འཇོག
གཉིས་པ། སྤྱི་ཚོགས་དང་མི་སྒེར།
སྤྱི་ཚོགས་དང་མི་སྒེར་ནི་དེ་ལས་དེ་བྱུང་དང་དེ་ལ་དེར་བརྟེན་ཡང་རེད། མི་སྒེར་མ་གྲུབ་པའི་གཞི་ལ་སྤྱི་ཚོགས་གནས་མི་སྲིད་ཅིང་། སྤྱི་ཚོགས་གནས་པའི་ཡུལ་ལ་མི་སྒེར་ཡང་མེད་མི་སྲིད། རེད་དེ། མི་སྒེར་གྱི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་གཉིས་ཀ་ཧྲིལ་གྱིས་གཅིག་ཏུ་བསྡུས་ཤིང་བསྡོམས་ན་དེ་ཡང་ཞིབ་ཆ་མ་ཐོན་པ་ཞིག་རེད། ད་རེབ་བོད་མི་ཚོས་ཨ་དཀོན་འཁོར་བཅས་བཀྲོངས་མཁན་གྱི་ལག་དམར་ཚོའི་སྟེང་ལ་ཁོང་ཁྲོ་དང་དམོད་མོ་སྣ་ཚོགས་འཕེན་གྱིན་ཡོད་པ་ནི་སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་པ་རེད། སྤྱི་ཚོགས་ཤིག་གི་ཤེས་རིག་འཕེལ་རྒྱས་དང་དཔལ་འབྱོར་གསོག་སྤེལ་གྱི་ཆར་བལྟས་ན། ཨ་དཀོན་ལགས་ནི་ལོ་མང་བོའི་རིང་ཧྥེ་གླིང་གི་མཐའ་མཚམས་ནས་བོད་ནང་ལ་ཐུག་པར། དབུལ་བོ་མང་བོའི་སྡོང་གྲོགས་དང་སློབ་མ་མང་བོའི་སློབ་ཡོན་གྱི་རྒྱབ་རྟེན་ལྟ་བུར་གྱུར་ཡོད། དེའི་སྟབས་ཀྱིས། ཁོང་ཉིད་གློ་བུར་དུ་བཀྲོངས་པ་ནི་སྤྱི་ཚོགས་ཤིག་གི་ཆ་ནས་ཤིན་ཏུ་མ་རུང་བའི་ལྟས་ངན་དང་ཕམ་ཉེས། ཡིད་གདུང་དང་རླུང་རྟ་མར་འགྲོའི་དུས་ཤིག་རེད། ཡང་ན། ཁོང་ནི་ད་ལྟའི་བོད་མིའི་སྤྱི་ཚོགས་དང་འབྲལ་ཐབས་མེད་པའི་གནད་ཡོད་མི་སྣ་ཞིག་ཀྱང་རེད། ཆ་དེའི་སྤྱི་ཚོགས་ཀྱི་ངོས་ནས་ད་རེབ་ཀྱི་མི་གསོད་དོན་རྐྱེན་འདིར་བོད་མི་ཡོངས་ཀྱིས་དོ་ཁུར་བྱེད་རི་བ་རེད།
འོན་ཀྱང་། ང་ཚོས་མཐོང་བ་ནི་ཨ་དཀོན་ལགས་དང་སྤྱི་ཚོགས་བར་གྱི་འབྲེལ་མཚམས་དེ་རེད། གཞན་ཁོང་གི་ལྟག་རྒྱབ་ཀྱི་སྒེར་མིའི་འཚོ་བ་སྟེ། ཁོང་དང་ཁྱིམ་མིའི་བར་དང་གཉེན་གྲོགས་བར། སྡེ་བའི་བར་དང་ཕ་ཡུལ་བར་གྱི་གནད་དོན་ནི་ལར་ནས་ཤེས་ཀྱི་ཡོད་པ་མ་རེད། ཆ་དེས། མི་སྒེར་སོ་སོའི་འཚོ་བ་ནི་སྟབས་བདེས་བཤད་ཐུབ་པ་ཞིག་མ་རེད་ལ་འཆད་ཆོག་པ་ཞིག་ཀྱང་མིན་ཚོད་རེད། དེར་བརྟེན། གནད་དོན་འདི་སྤྱི་ཚོགས་དང་སྒེར་མི་གཉིས་སུ་དབྱེ་ནས་བལྟ་ཨེ་དགོས་སམ།
གསུམ་པ། མི་རིགས་དང་མི་སྒེར།
ཨ་དཀོན་འཁོར་བཅས་བཀྲོངས་མ་ཐག་པའི་ཕྱི་དྲོར། རྒྱ་ནག་གི་རྒྱ་ཡིག་དྲ་བ་ཉི་ཤུ་ལྷག་གི་ཁྲོད། ནང་དོན་གཅིག་ལ་ཁ་བྱང་ཡང་གཅིག་པའི་གསར་འགྱུར་མང་བོ་དུས་ཐོག་ཏུ་བཀོད་པ་རེད། ཁ་བྱང་གཅིག་པའི་གསར་འགྱུར་འདིས“བོད་རིགས་སྐྱེས་པ་གསུམ་གྱིས་བོད་རིགས་མི་གསུམ་དམར་གསོད་བྱས་པ”གཙོ་ཚིག་ལྟ་བུར་བཀོད་འདུག སྤྱིར་བཏང་གྲོང་ཁྱེར་ཁྲིན་ཏུའུ་ལྟ་བུར་མཚོན་ན། ཉིན་མ་རེ་རེར་མི་གསོད་དོན་རྐྱེན་མང་བོ་འབྱུང་གི་ཡོད་ལ། མི་གསོད་ལག་དམར་ཡང་བཅུ་ཕྲག་མང་བོ་བྲོས་བྱོལ་དང་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། རེད་དེ། དོན་རྐྱེན་ཐམས་ཅད་གསར་ལམ་སྣ་ཚོགས་སུ་སྒྲོག་པ་ནི་ཤིན་ཏུ་དཀོན། དེ་བས། ཁྲིན་ཏུའུ་སྤྱི་བདེ་ཁང་ལ་མཚོན་ན་འདི་ནི་རྒྱུན་ལྡན་གྱིས་ཐག་གཅོད་འོས་པའི་གཞི་རུ་བརྩིས་ན་ཆོག་མོད། ད་རེབ་ལག་དམར་འཕྲལ་དུ་འཛིན་བཟུང་ཐུབ་པ་མ་ཟད། གསར་འགྱུར་ཡང་འཕྲལ་དུ་བཏང་ཡོད། ད་དུང་གསར་ལམ་སོ་སོའི་གསར་འགྱུར་གྱི་ནང་དོན་དང་ཁ་བྱང་རྣམས་ཀྱང་གཅིག་པ་གཅིག་མཚུངས་ཀྱིས་བྱས་ཚུལ་ལ་དཔག་ན། ཅི་འདྲའི་སྒྲིག་གཞི་དང་གོ་རིམ་ཡོད་པའི་ཚུགས་ཀར་མངོན།
ཁྱད་པར་དུ་ཁྲིན་ཏུའུ་གྲོང་ཁྱེར་དུ་བྱུང་བའི་གནད་དོན་གང་ཞིག་གསར་འགྱུར་དུ་སྤེལ་ཡང་། མི་རིགས་ཀྱི་ངོས་ནས་འབོད་པ་ནི་ད་བར་མཐོང་ཐོས་མེད་ལ་དེ་ནི་འབོད་དགོས་དོན་ཡང་མེད། རྒྱ་མིའི་ཁྲོད་ཀྱང་མི་གསོད་པ་གྲངས་ཀྱིས་མི་ཆོད་མོད། དོན་རྐྱེན་ཕྱིར་སྒྲོག་དུས“རྒྱ་རིགས་གཅིག་གིས་རྒྱ་རིགས་གཅིག་དམར་གསོད་བྱས”ཞེས་པའི་དཔེ་མེད། དེ་ནི་ཁྲིམས་ཀྱིས་ངོས་ནས་ཀྱང་འགྲིག་པ་ཞིག་ག་ལ་ཡིན། རེད་དེ། ད་ཐེངས་ནི་སུ་ཞིག་གིས་བསམ་གཟས་ནས“བོད་རིགས”ཞེས་པའི་ཚིག་འདི་ཡང་ནས་ཡང་དུ་བེད་སྤྱོད་བྱས་འདུག
སྤྱིར་བཏང་བོད་མི་རེ་རེས་མ་གྲུབ་པའི“བོད་རིགས”ཤིག་མེད་པ་སུས་ཀྱང་རྟོགས་མོད། བོད་མི་རེ་རེའི་ཀུན་སྤྱོད་དང་བསམ་བློ། གཤིས་སྤྱོད་མཐའ་དག“བོད་རིགས”ཀྱི་སྟེང་ལ་བཀལ་ན་དེ་ནི་གོ་ནོར་ཚབས་ཆེན་རེད། གང་ཞིག་བྱེ་བྲག་གི་ཆོས་ཀྱིས་སྤྱི་པའི་མགོ་བོ་བཙན་གྱིས་གཅོད་པ་དང་། མི་སྒེར་རེ་གཉིས་ཀྱི་དགེ་སྐྱོན་དེ་སྤྱི་བའི་དགེ་སྐྱོན་དུ་ཐག་གཅོད་པ་ནི་ཁྲིམས་ཀྱི་ངོས་ནས་བལྟས་ནའང་གཡོན་མཐར་ཕྱོགས་པ་འབའ་ཞིག་མིན་གྲང་།
དེར་བརྟེན། མི་རེ་གཉིས་ཀྱི་མ་རུང་བའི་ངན་སྤྱོད་ཁྱེར་ནས་མི་རིགས་ཤིག་གི་ཆེ་མཐོངས་དང་རྩིས་ཐང་ལ་དམའ་ཕབ་པ་ཡིན་ན། དེ་ནི་རྒྱུ་འབྲས་དྲང་བོར་མ་བསྲུངས་པའི་ལས་དང་། གནད་དོན་སོར་གནས་ཀྱིས་ཐག་གཅོད་མ་བྱས་པ་ཁོ་ན་རེད། དེ་བཞིན་གསར་ལམ་རང་དུ་བཤད་པ་ལྟར། སྒོར་མོ་འགའ་ཞིག་ལ་ཁ་མ་འཆམ་པས་ཡིན་ན་ནི་དེ་བས་ཀྱང་མི་རིགས་ཤིག་དྲུད་དེ་འགེབ་དགོས་དོན་ག་རེ་ཡོད། ཡང་གཅིག་བཤད་ན། གལ་སྲིད་ངེས་པར་དུ་སྤྱི་པ་ཞིག་གི་མིང་ཐོག་ནས་ཕྱིར་བསྒྲག་དགོས་ཚེ། གསར་ལམ་གྱིས་འགྲེལ་བཤད་བྱས་པ་ནང་བཞིན། ཨ་དཀོན་ལགས་ནི་ཨིན་ཇིའི་མི་ཐོབ་ཅན་གྱི་ཨིན་ཇི་བ་ཞིག་ཡིན་པས། “ཀྲུང་གོའི་སྐྱེས་པ་གསུམ་གྱིས་ཨིན་ཇི་བ་གསུམ་དམར་གསོད་བྱས”ཞེས་བོས་ན་འགྲིག་པ་ལས། “བོད་རིགས་སྐྱེས་པ་གསུམ་གྱིས་བོད་རིགས་མི་གསུམ་དམར་གསོད་བྱས་པར”ནང་དོན་ལྷག་མོ་ག་རེ་ཡོད། རྒྱུ་མཚན་དེས། ཕྱི་ནང་སུ་ཞིག་ཡིན་ཡང་། མི་སྒེར་གྱིས་བསགས་པའི་ནག་ཉེས་མི་རིགས་ཀྱི་མིང་ཐོག་ནས་སྤེལ་བར་གསལ་བཤད་ཅེས་ཀྱང་ཡོད་དགོས། དེ་ལྟ་མིན་ན་ནི། རྒྱལ་ཁབ་ཀྱི“མི་རིགས་མཐུན་སྒྲིལ”དང“མི་རིགས་འཆམ་མཐུན”གྱི“དགོངས་དོན”ལ་རྒྱབ་འགལ་བྱས་པ་ཁོ་ན་རེད།
བཞི་བ། མཇུག་སྡུད་དང་རེ་བཞག
མདོར་ན། མི་རིགས་དུ་མའི་བཟང་སྤྱོད་ལ་ལྟོས་ན། བོད་རྣམས་ཕྲག་དོག་མང་བ་དང་རྨོངས་གཤིས་ཟབ་པ། གདུག་རྩུབ་ཆེ་བ་བཅས་ནི་ཏན་ཏན་ཡིན་ཡང་། གནད་དོན་འདི་རིགས“ཕྲག་དོག་གིས་བྱས”པའི་རིགས་སུ་བགྲངས་པ་ཙམ་གྱིས་ནི་འགྲིག་འགྲོ་བ་ཞིག་མ་རེད། དེ་བས། བདག་གིས་རྩོམ་ཡིག་སྔ་མ་ཞིག་ཏུ་བཤད་པ་ནང་བཞིན། དཀར་ནག་གང་རུང་དུ་ཧྲིལ་གྱིས་བསྒྱུར་བ་ནི་བློ་རྣལ་དུ་མ་ཕབ་པའི་ཆ་རུ་སོང་གཤིས། དོན་རྐྱེན་ཆེན་པོ་འདིའི་རིགས་ནི་གནའ་ཉེ་དེང་གསུམ་དང་ཕྱི་ནང་གསང་གསུམ་གྱི་ཆ་རབ་ཏུ་མང་བོར་འབྲེལ་ཡོད་པས། སྐད་ཆ་གཅིག་གིས་ཐག་གཅོད་ཐུབ་པ་ཞིག་ལར་ནས་མིན་ནོ། །
གང་ལྟར། ད་ནི་གནས་སྐབས་ཙམ་ང་ཚོའི་མིག་མདུན་དུ་འགྲེང་བའི་སྐྱེས་བུ་གཞན་རེ་གཉིས་ལྷག་ཡོད་པ་འདི་ཚོར། གཅེས་སྤྲས་དང་བརྩི་འཇོག་བྱེད་པའི་གོམས་སྲོལ་རེ་ཆགས་སུ་འཇུག་རྒྱུ་དང་། མི་རབས་ནས་མི་རབས་གསར་བའི་ཕྲེང་བ་བརྒྱུད་དེ། བོད་ལའང“མི”སྐྱེ་ཆོག་སའི་ཁོར་ཡུག་ཅིག་འཛུགས་པར་གྲོས་འགོ་འདོན་པ་ལས་གཞན་ཅི། །
2013.10.09ཉིན་སྒོ་ཡོན་ནས་སྦྱར།
གསོད་མཁན་འདི་དག་ནང་པ་བ་ཡིན་ནམ་མིན།
ཁ་ཡིས་སྙིང་རྗེ་བྱམས་སེམས་དེ་དག་ག་བར་ཕྱིན་པ་རེད་དམ།
རང་མི་རིགས་ཀྱི་དབུལ་པོར་རོགས་མགོན་ཚད་མེད་གནང་མཁན་ཞིག་མེད་པར་བྱས་པ་དེ་ནི། མི་བུ་ཡན་འགར་བ་ཞིག་མེད་པར་བྱས་པ་མིན་ཞིང། དེ་ནི་དབུལ་པོ་འབྱོར་མེད་སྟོང་ཕྲག་མང་པོའི་སྲོག་འཕྲོག་མཁན་ཞིག་ཡིན།
ནང་པས་སྙིང་རྗེ་བྱམས་པ་འཚེ་མེད་ཟེར་བ་དེ་སྒྲུང་གི་ནང་ནས་སྒྲུང་ཆེན་ཞིག་ལས་དངོས་ཡོད་ལག་ཏུ་ལེན་མཁན་ཧ་ཅང་གི་དཀོན། བློ་ཕམ་ཤིན་ཏུ་ཆེ།
བྱུང་ན་བསམ་ཡས་གླིང་དུ་བསྡོད་མཁན་་་་ཨོ་ཉི་ཡིས་བླ་མ་འདི་ཡི་སྐོར་ཤེས་རྟོགས་ཡོད་པས་དེའི་སྐོར་ལོ་རྒྱུས་བྱུང་རབས་དང་ཁོང་གིས་བོད་ལ་རོགས་མགོན་ཇི་ལྟར་གནང་ཚུལ་སོགས་ཁ་བརྡའི་འདིར་བཀོད་ཐུབ་ན་ལེགས།
རླབས་ཀྱིས་འབར་བར་ཤོག
མདང་དགོངས་ནི་གཏམ་ངན་གྱིས་བཀང་བའི་དུས་ཚོད་ཞིག་ཡིན་སོང་།སྐད་འཕྲིན་སྒོ་ཕྱེས་མ་ཐག་ཨ་དཀོན་རིན་པོ་ཆེ་ལགས་དང་སྐུ་ཚོས།རླངས་འཁོར་ཁ་ལོ་བ་བཅས་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་སྲང་ལམ་ནས་བོད་ཀྱི་བླ་སྤྲུལ་གསུམ་གྱིས་ལྐོག་གསོད་བྱས་པ་དང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་ཞིག་ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་དགེ་རྒན་དག་ལ་གནང་བ་ཞུ་སྟེ་སློབ་གྲྭའི་ཕྱིར་རོལ་ཏུ་གོ་རེ་ཉོ་རུ་སོང་བ་ན།ངོ་ཐུམ་བརྒྱབ་པས་གསར་བུ་གཉིས་ཁོའི་རྗེས་སུ་རྙེད་ཅིང་།སློབ་མ་སྐྲག་ནས་ཕྱིར་སློབ་གྲྭར་ལོག་པའི་ལམ་བར་ནས་ངོ་ཐུམ་བརྒྱབ་པའི་གསར་བུ་གཉིས་ཀྱིས་བཟུང་ནས་”རྩ་ཆེན་”དང་”སེན་མོའི་”བར་དག་ནས་ཁྲག་བླངས་པ་སོགས་འཕྲོ་འཕྲོར་ཐོན་འོང་།འདི་དག་ནི་བདག་གི་སྐད་འཕྲིན་གྱི་བར་སྟོང་ནས་མཐོང་བ་ཡིན།དེ་ལས་རྩེ་ཁོག་གི་སློབ་མ་གླེང་མཁན་མི་མགོ་གཅིག་གཉིས་ལས་མེད་པས་གནས་ཚུལ་གསལ་བོ་ཞིག་གོ་མ་སོང་།ཨ་དཀོན་རིན་པོ་ཆེ་ནི་མི་མང་པོ་མང་པོ་ཞིག་གིས་ཁོང་དང་འབྲེལ་བའི་སྐད་ཆ་ཡང་མང་པོ་མང་པོ་བཤད་དང་བཤད་བཞིན་ཡོད་ལ།བསྐུར་དང་སྐུར་བཞིན་མཆིས།
གློ་བུར་དུ་གཏམ་ངན་དག་གཅིག་རྗེས་གཉིས་མཐུད་ཀྱིས་མིག་ལམ་དུ་རྒྱུ་དུས་གུས་པོར་ཟུག་གཟེར་དང་དྲི་གཞི་མང་པོ་ཞིག་གིས་ལུས་ཟུངས་སུ་འབག་ཚགས་བརྒྱག་གིན་ཚོར་ཤེས་ཀྱིས་བསྐྲུན་པའི་སྐད་ཆ་ཞིག་འབྲི་བའི་དབུ་ཁྲིད་བྲིས།དྲྭ་ལམ་དག་ན་ཨ་དཀོན་རིན་པོ་ཆེ་བཀྲོངས་རབས་ལ་ཡང་མང་པོ་བཤད་བཞིན་མཆིས།འོན་ཀྱང་ལྐོག་གསོད་ཀྱི་ལོ་རྒྱུས་སམ་བརྒྱུད་རིམ་ཁྲོད་གཅིག་མཐུན་གྱི་ཐ་སྙད་ཅིག་ཡོད་པ་ནི་”བོད་”དང་”བླ་སྤུལ་”ཞེས་པ་དེ་རེད།དེ་ནི་ཡང་གནད་དོན་གྱི་གཞི་རྩར་གྱུར་འདུག་འདོད།
མ་གཞི་ཨ་དཀོན་རིན་པོ་ཆེ་ནི་དབྱིན་ཇི་ན་གཞིས་སྡོད་བྱས་ཡོད་ཅིང་།ཁྲིན་ཏུའུ་གྲོང་ཁྱེར་ནས་ཞག་སྡོད་ཙམ་མ་གཏོགས་བྱེད་ཁོམ་མེད་པར་རྒྱལ་ཕྱི་ནང་མེད་པ།བོད་ཀྱི་དྭ་ཕྲུག་གཙོའི་དབུལ་ཕོངས་སློབ་མའམ་གོ་སྐབས་མ་རེག་པའི་སློབ་མ་མང་པོ་ཞིག་གི་སྣེ་ཁྲིད་མཁན།གཞན་ལྷ་ས་སོགས་སུ་སློབ་གྲྭ་བཙུགས་པ།ནང་བསྟན་དང་བོད་གསོ་རིག་སོགས་ཀྱི་ཐད་ལ་རོགས་རམ་བླ་མེད་གནང་གིན་ཡོད་ཅིང་།རྒྱལ་སྤྱི་རང་བཞིན་ཅན་གྱི་སྐྱེས་ཆེན་དམ་པ་ཉིད་གློ་བུར་དུ་གྲིས་བསྣུན་ནས་བསད་པ་འདི་ཇི་འདྲའི་ཡ་མཚར།སྔོན་ཡིན་ན་ཁོང་ལ་སྐུ་སྲུང་པ་མང་པོ་ཡོད་སྲིད་མོད།དེ་རིང་གང་དུ་བུད་སོང་བ་ཡིན།སུ་ཡིས་འཁྲིད་སོང་བ་ཡིན།ཡང་ན་ལྐོག་གསོད་པ་གསུམ་པོ་གྲི་ལག་ཏུ་བཟུང་ནས་ཇི་ལྟར་ཁོང་རིན་པོའི་ཆེའི་འགྲམ་དུ་ཐོན་པ་ཡིན།དྲྭ་ལམ་ལ་ལ་ན་ལྐོག་གསོད་བྱེད་པའི་རྒྱུ་རྐྱེན་ནི་”སྐུ་བླུའི་”རིན་གོང་གི་ཆེད་རེད་ཟེར།དེ་ན་སློབ་མ་བརྒྱ་ཕྲག་མང་པོའི་སློབ་ཡོན་སྟེར་བར་འཛད་མཐའ་མེད་པའི་ཁོང་ཚང་ལ་མཚོན་ན་དེ་ནི་དཔེ་མི་སྲིད་ལ་ཞིག་མ་རེད་དམ།དེ་ན་རྒྱུ་རྐྱེན་ངོ་མ་དེ་གང་ན་ཡོད།སུ་ཡིས་འཆད།འདི་དག་ནི་ང་ཚོས་འཚོལ་ཞིབ་བྱེད་དགོས་བའི་གནས་མལ་དག་ཡིན།
བོད་ཀྱི་སློབ་གསོའི་གར་སྟེགས་སྟེང་ན་གོ་གནས་ངེས་ཅན་བཟུང་བའི་སྐྱེས་ཆེན་དམ་པའམ་ལྷག་ཏུ་རྒྱལ་སྤྱི་རང་བཞིན་ཅན་གྱི་མི་སྣ་རླབས་ཆེན་ཁོང་ལྟ་བུ་གློ་བུར་དུ་ལྐོག་གསོད་བྱེད་པར་གྲ་སྒྲིག་མང་པོ་མང་པོ་ཞིག་དགོས་པ་སྨོས་ག་ལ་དགོས་སམ།འོ་ན་གྲ་སྒྲིག་དེ་དག་ལྐོག་གསོད་པ་ཁོང་གསུམ་པོ་ཁོ་ནས་བྱེད་ཐུབ་བམ།ལྷག་ཏུ་”བོད་”དང་”བོད་”ཟེར་ནས་གང་ས་གང་ན་གསལ་བཏོན་འདྲ་བྱེད་ཀྱིན་པ་དེའི་ཡང་སྙིང་ཅི་ཡིན།འདི་དག་ཡང་འུ་ཅག་གི་གླེང་གཞི་འདིའི་འབབ་སྟེགས་ཅིག་མ་ཡིན་ནམ།
ཨ་དཀོན་རིན་པོ་ཆེ་ལགས་ཀྱིས་རྣམ་ཤེས་དེ་གངས་ལ་འཐུམས་པར་ཤོག ལྐོག་གསོད་ཀྱི་འདས་དོན་དེ་སྟོབས་ཀྱིས་གླེང་བར་གྱིས གླེང་གླེང་ནས་རྩ་བ་དེ་རྙེད་པར་ཤོག རྙེད་ནས་གྲོལ་བར་ཤོག འདས་དོན་དེ་རླབས་ཀྱིས་འབར་བར་ཤོག འོད་ཀྱིས་སེལ།
༄༅། །ཆོས་རྗེ་ཨ་དཀོན་རིན་པོ་ཆེ་སྐུ་འཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་བསྡུས་པ་བཞུགས་སོ། །
དང་པོ་ཆོས་རྗེ་ཨ་དཀོན་སྐུ་འཁྲུངས་པའི་ཡུལ་ནི།
རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་དགོངས་བརྟགས་ལས། སྒྲོལ་མ་ལྷ་ཁང་ནས་བྱང་ཤར་ཕྱོགས་རྟ་ལམ་ལྷོད་པོ་ཉིན་གསུམ་གྱི་མཚམས་སུ་ཁྱིམ་ཚང་འབྲིང་པོ་ཙམ་ལ། ཡབ་བཀྲ་ཤིས་སམ་ཨོ་རྒྱན་མིང་ཅན་དང་། ཡུམ་ཆོས་ཀྱི་མིང་ཅན་ལ། ཁྱེའུ་འབྲུག་ལོ་པ་ཞིག་སྣང་། དེ་ཉིད་ལ་འགྲོ་དོན་རྒྱ་ཆེན་འབྱུང་། ཞེས་གསུངས་པ་ལྟར། མདོ་ཁམས་རི་བོ་ཆེའི་མངའ་ཁོངས། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་སྐུའི་པད་མོ་བཞད་པའི་ཕྱོགས་དང་ཉེ་བ། ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་བཀྲ་ཤིས་རིན་ཆེན་དང་། ཡུམ་ཁ་ལུ་དོན་གྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག སྤྱི་ལོ་༡༩༤༠་ལོར་ཞང་ཚང་ཆུ་ཟངས་འོ་མ་ལྟར་དཀར་པོ་གྱུར་པ་དང་། གཡོག་མོའི་རྨི་ལམ་དུ་ཁང་སྟེང་ན་གདུགས་ཕུབ་པར་རྨིས་པ་དང་། དངོས་སུ་ཇ་ཚག་ནང་དུ་རྡོའི་ནེའུ་ལེ་ཞིག་བབ་པ་དང་། སྔར་དང་མི་འདྲ་བར་བྱ་རོག་གཉིས་ཀྱིས་རྟག་པར་སྲུང་བའི་ཚུལ་བྱས་པ་སོགས་ང་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། རྡོའི་ནེའུ་ལེ་བབ་པ་དེ་འཛམ་ནག་གི་སྤྲུལ་པ་དང་། བསོད་ནམས་ཆེ་བར་ཡང་བཤད། དེ་དུས་བླ་མ་ཆོས་གྲགས་དང་། ལྷ་དབང་གཉིས་ཀྱིས་རྒྱལ་དབང་ཀརྨ་པ་མཆོག་གི་དགོངས་བརྟགས་བཞིན། ངོམ་ཆུ་སྟོད་སྨད་ནས་རྟགས་མཚན་ཅན་གྱི་ཁྱེའུ་འབྲུག་ལོ་བ་བདུན་གྱི་མིང་ཐོ་བླངས། རྒྱལ་དབང་ཀརྨ་པ་མཆོག་ཀརྨ་དགོན་ལ་ཕེབས་སྐབས་བླ་མ་ཨ་ཚུལ་གྱིས་ཁྱེའུ་རྣམས་ཀྱི་མཚན་ཐོ་ཕྱག་ཏུ་ཕུལ་ཏེ། ཡང་སྲིད་གསལ་པོ་ཐག་གཅོད་རོགས་ཞུས་པས། ཡབ་བཀྲ་ཤིས་རིན་ཆེན་དང་། ཡུམ་དོན་གྲུབ་ཆོས་སྐྱིད་གཉིས་ཀྱི་བུ་ལྕགས་འབྲུག་ལོ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གནང་ནས་ཨ་དཀོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། དེའི་ཕྱི་ལོར་ཨ་དཀོན་གོང་མའི་གཅུང་ཚུལ་ཁྲིམས་བྱམས་པ་སོགས་བྱོན་ནས་ན་བཟའ་གསོལ་ཞིང་། ཡུལ་སྲོལ་དང་མཚམས་པར་ཡབ་ཚང་ལ་བསླུ་ཡོན་སོགས་གྱ་ནོམ་པ་གནང་། དེ་ནས་དགུང་ལོ་བཞིར་བཞེངས་པ་ཆུ་ལུག་ལོར། ཕུན་ཚོགས་བསྟན་འཛིན་དང་། གསེར་ཡིག་རྒན་པོ་དཀོན་མཆོག་ཚེ་དབང་སོགས་ཀྱིས་གདན་འདྲེན་ཞུས་ཏེ། རང་དགོན་དུ་འབྱོར་སྐབས་སྙན་བརྒྱུད་སྒྲུབ་གྲྭས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གདན་དྲངས་པ་དང་འཛོམས་པས། རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས། སྡེ་དགོན་གཉིས་ཀྱིས་ཆིབས་བསུ་དང་སེར་ཕྲེང་གིས་ཕེབས་བསུ་ཞུས་ཏེ། སྒེར་རུ་དཔོན་བསོད་ནམས་རྒྱལ་མཚན་དང་། སྨད་མ་དཔོན་ལུང་རིགས་གཉིས་ཀྱིས་ཆིབས་ཁ་བླངས། བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཀྱི་ཉིན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ། གིང་ནོག་སྤྲུལ་སྐུ་ཀརྨ་ཆོས་ཀྱི་བློ་གྲོས་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་མནྡལ་རྒྱས་བཤད་གནང་ཞིང་། ཞབས་པད་བསྐལ་བ་རྒྱ་མཚོར་བཞུགས་པའི་བརྟན་བཞུག་ཕུལ། དགོན་སྡེ་ཁག་དང་། བླ་དཔོན་ཁག་སོ་སོ་ནས་རྟེན་འབྲེལ་འབུལ་ཚན་སོ་སོའི་འབྱོར་འཁོས་དང་བསྟུན་ཏེ། དངོས་འབྱོར་དང་། སྐུའི་ཆེ་བ་བརྗོད་དེ་གཟེངས་བསྟོད་རྒྱ་ཆེར་ཞུས། སྐྱ་སེར་གཉིས་ཀྱིས་ཞག་གསུམ་གྱི་རིང་། ཐུགས་དགྱེས་པའི་སྤྲོ་བསང་གི་ཆེད་དུ་བྲོ་གར་གླུ་གཞས་ཀྱི་དགའ་བ་ཕུན་སུམ་ཚོགས་པས་བཐའ་བརྒྱན་པར་མཛད། ཡང་སྲིད་མཆོག་དགུང་ན་ཕྲ་བས་ཁྲི་སྟོན་གྲུབ་པ་ད་ང་། རེ་ཞིག་འཁྲུངས་གཞིས་མདའ་རག་ལ་ཕེབས། དགུང་ལོ་དྲུག་ལ་ཕེབས་པ་ན་རང་དགོན་དུ་ཚུར་གདན་དྲངས་ནས་བཟུང་དགོན་པར་བཞུགས། སྐུ་ན་ཕྲ་བའི་སྐབས་དེར་གསང་རྐུང་མི་ཤེས་པར་གཞན་གྱིས་གང་ཞུས་ཐོགས་མེད་དུ་གསུངས་པར་མཛད་པས་ཕལ་ཆེར་ཐིག་པ་སོགས་ངོ་མཚར་བ་མང་ངོ་། །
གཉིས་པ་གསན་བསམ་སྨིན་གྲོལ་ནོད་ཚུལ་ནི།
དེ་ནས་ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས། ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད་སོགས་བྱང་ཆུབ་པར་སྤྱངས་ཤིང་། དབང་ལུང་ཁྲིད་གསུམ་སོགས་མང་ཞུས། མེ་ཁྱི་ལོར་གྲུ་གུ་བསོད་སྙིང་སྤྲུལ་སྐུའི་མདུན་ནས་ཟླ་བ་དང་པོ་ནས་བཞི་པའི་བར་གདམ་ངག་མཛོད་དབང་ལུང་དང་། ཕྱག་ཆེན་རྒྱ་གཞུང་རྣམས་ཞུས། དབང་ལུང་གི་བར་གསེང་དུ་མཁན་པོ་དམ་ཆོས་མཆོག་གི་མདུན་ནས་སུམ་རྟགས་ལ་ཟུར་གཟིག་གནང་བ་དང་། ས་ཕྱི་ལོར་ཟླ་བ་བཅུ་པ་ནས་བཟུང་འཛི་སྒར་ཀོང་སྤྲུལ་མདུན་ནས་མཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་། མ་མགོན་དང་། འཁོར་ལྔའི་དབང་ཞུས། ས་གླང་ལོར་གྲུབ་ཆེན་ཀརྨ་ནོར་བའི་མདུན་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཀོང་སྤྲུལ་བཀའ་འབུམ། མི་ཕམ་བཀའ་འབུམ། རིན་ཆེན་གཏེར་མཛོད་ཀྱི་ལུང་དང་། ཐེག་དགུའི་དབང་སོགས་ཞུས། ཆུ་སྦྲུལ་ལོར་དྲུང་ཆོས་ཀྱི་རྒྱ་མཚོའི་མདུན་ནས་རུང་མང་སྙན་བརྒྱུད་དབང་ཆ་ཚང་དང་། གཏེར་དབང་ཞུས། རོལ་རྡོར་མདུན་ནས་ཕག་བདེ་རྒྱལ་གསུམ་སོགས་ཀྱི་དབང་ལུང་ཁྲིད་ཀ་ཆ་ཚང་དང་། ཟུར་མང་སྙན་བརྒྱུད། རོལ་རྡོར་ཆོས་སྐོར་སོགས་ཞུས། རྒྱལ་དབང་ཀརྨ་པ་རྒྱ་ནག་ཏུ་ཕེབས་སྐབས་དཔལ་སྤུངས་དགོན་དུ་དགེ་ཚུལ་དང་། བྱང་ཆུབ་སེམས་སྡོམ། མགོན་པོའི་སྲོག་གཏད་རྣམས་ཞུས། དེ་ནས་སྡེ་དགེའི་ཕྱོགས་སུ་བྱོན་ནས་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ཀྱི་མདུན་ནས་བཀའ་བརྒྱུད་སྔགས་མཛོད་དང་། མཛོད་བདུན། སྙིང་ཐིག་ཡ་བཞི། ཞེ་ཆེན་རྒྱལ་ཚབ་ཀྱི་བཀའ་འབུམ་གྱི་དབང་ལུང་དང་། ཕྱག་ཆེན་ངེས་དོན་རྒྱ་མཚོའི་ལུང་དང་། དོན་ཁྲིད་གནང་བ་ཞུས་ཤིང་། ཁོང་ལ་རྟོགས་འབུལ་ཞུས་པས་བླ་སློབ་དགོངས་པ་མཉམ་པའི་ཞལ་བཞེས་གནང། མཁན་པོ་གང་ཤར་མདུན་ནས་མི་ཕམ་མཁས་འཇུག ངེས་ཤེས་སྒྲོན་མེ། རྒྱུད་བླ་སོགས་ཞིབ་ཁྲིད་ཞུས། དིལ་མགོ་མཁྱེན་བརྩེའི་མདུན་ནས་ཉིད་ཀྱི་གཏེར་ཁ་ཚེ་སྒྲུབ་ཀྱི་སྐོར་ཞུས། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་ཀྱི་མདུན་ནས་གདམ་ངག་མཛོད་ཀྱི་དབང་སོགས་གསན་བསམ་ཚུལ་བཞིན་ནོད་པར་བྱས་སོ། །
གསུམ་པ་འཕགས་ཡུལ་དང་དབྱིན་ཇི་ལ་ཕེབས་སྐོར།
ས་ཕག་ཕྱི་ལོ་༡༩༥༩་ལོར་བར་དར་བསྟན་པ་ལ་ཉམས་ཉེས་ཀྱིས་ཟིང་འཁྲུགས་སློང་སྐབས། དཀའ་ཚེགས་དང་། ངལ་དུབ་ཆེན་པོའི་སྒོ་ནས་ལྷོ་ཕྱོགས་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད། རིས་མེད་གྲུབ་མཐའི་སྤྱིའི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གཙོ་བོའི་འགན་ཁུར་བཞེས་ཏེ་ལོ་གསུམ་བཞུགས། ཆུ་ཡོས་ཕྱི་ལོ་༡༩༦༣་ལོར་དབྱིན་ཇིར་ཟུར་མང་དྲུང་པ་རིན་པོ་ཆེ་དང་ལྷན་དུ་ཕེབས་ཏེ། རྟེན་སྔགས་འཆང་བྱང་སེམས་ཀྱི་ཚུལ་བཟུང་ནས་སྨན་ཁང་ནང་དུ་ལོ་གསུམ་ལ་ཕྱག་ལས་གནང་དུས་ཀྱང་། འཚོ་གོས་སོགས་ལ་དཀའ་སྐུ་ངལ་ཆེན་པོ་བྱུང་ཡང་། དེ་ལ་གདོང་ལེན་གྱིས་ལུགས་གཉིས་དོན་ལ་ཐང་ལྷོད་མེད་པར་ཕྱག་ལས་གནང་བས། ད་ལྟའི་ཕུལ་དུ་བྱུང་བའི་གྲུབ་འབྲས་དག་མཐོང་བ་དང་ཚང་མས་མཁྱེན་ངེས་ཡིན། དཀའ་ངལ་ཇི་ལྟར་བྱུང་ཡང་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་ཤིང་། གཟུངས་སྤོབས་ཀྱི་མཐུ་ནུས་ཆེ་རུ་འགྲོ་བ་ནི་ཚད་ལྡན་གྱི་བླ་མ་དུ་མའི་ཞབས་ལ་གཏུག་པ་དང་། གཞན་གྱིས་བསྒྲུན་ནུས་བྲལ་བའི་ལྷག་བསམ་གྱི་ཕུང་པོས་ཡོངས་སུ་ཁེངས་ཡོད་པར་རྟོགས་སོ། །
བཞི་པ་དབྱིན་ཇིར་བསྟན་འགྲོའི་དོན་མཛད་པའི་ཚུལ་ནི། མེ་ལུག་ཕྱི་ལོ་༡༩༦༧་ལོར་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཇིར་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་བཏབ་ནས། རྟེན་འབྲེལ་གྱི་དབང་གིས་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས། ལྕགས་ཁྱི་ཕྱི་ལོ་༡༩༧༠་ལོར་དྲུང་པ་རིན་པོ་ཆེ་ཨ་རིར་ཕེབས་འཕྲལ། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་དབྱིན་ཇིར་སྤྱན་དྲངས་སྐབས་དད་ལྡན་མང་པོས་རེ་བསྐུལ་ལ་བརྟེན་ཏེ། བསམ་ཡས་གླིང་གི་བསྟན་བདག་ཏུ་བཞུགས་དགོས་པའི་བཀའ་ལུང་གནང་། ཤིང་སྟག་ཕྱི་ལོ་༡༩༧༤་ལོར་ནས་བཟུང་གཟིགས་ཞིབ་དང་། ཐུགས་ཁུར་རྒྱ་ཆེར་གནང་སྟེ་གཙུག་ལག་ཁང་གསར་བཞེངས་དང་། སྐུ་དང་ཐུགས་ཀྱི་རྟེན་དང་། གསུང་རྟེན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་གླེགས་བམ་བརྒྱ་ཕྲག་མང་པོ་དང་། མ་ཎི་དང་། ཡིག་བརྒྱའི་དུང་འཁོར་བཅས་གསར་བཞེངས་གནང་། ཁྱད་པར་དུ་སྤྱོད་འཇུག་དང་། རྒྱུད་བླ། ལམ་རིམ་ཐར་རྒྱན། གྲུབ་ཆེན་ཏེ་ལོ་པ་དང་། ན་རོ་པའི་རྣམ་ཐར། མི་ཕམ་མཁས་འཇུག་སོགས་ཆོས་ཚན་མང་པོ་ཞིག་སློབ་སྦྱོང་གི་དུས་ཚོད་དང་བསྟུན་པའི་འཛིན་གྲྭ་གསར་འཛུགས་གནང་བ་དང་། སྒྲུབ་ཁང་གསར་འཛུགས་མཛད་དེ་འཇམ་མགོན་ཀོང་སྤྲུལ་གྱིས་བརྩམས་པའི་གནང་བའི་དཔལ་སྤུངས་སྒྲུབ་ཁང་གི་བཅའ་ཡིག་ལྟར་ལོ་གསུམ་ཕྱོགས་གསུམ་ཕྱོགས་གསུམ་ཐོག་འཕོ་བ་ནན་སྦྱོང་ལོ་གཅིག་བཅས་བསྡོམས་ལོ་བཞི་ལ་སྒྲུབ་མཐར་སོན་རྒྱུ་གནང་། སྒྲུབ་ཐེངས་རེར་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བའི་མི་གྲངས་ལྔ་བཅུ་ཙམ་དང་། ད་ལྟའི་བར་སྒྲུབ་ཐེངས་ལྔ་སོང་ཡོད། དེའི་ནང་ནས་ལོ་བརྒྱད་དང་། བཅུ་གཉིས་ཙམ་ལ་སྐུ་མཚམས་བཞུགས་པའི་གྲྭ་བཙུན་ཉི་ཤུ་ནང་གིས་རང་རང་གིས་ཉམས་བཞེས་མཛད་པར་མ་ཟད། ཕྱོགས་མེད་ཀྱི་དད་ལྡན་གཞན་ལ་ཡང་འཆད་སྤེལ་བྱེད་བཞིན་པ་དང་། དམ་པ་གླིང་ཞེས་པའི་གླིང་ཕྲན་ཉམས་དགའ་བ་ཞིག་ཉོས་ཏེ། དེའི་ལྷོ་ཕྱོགས་སུ་གྲུབ་མཐའ་རིས་མེད་ཀྱི་འཚོགས་ཁང་བསྐྲུན་པ་དང་། དེར་ལོ་ལྔ་རེའི་མཚམས་སུ་རྒྱལ་ཁབ་དུ་མ་ནས། ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པའི་ཆོས་བརྒྱུད་ཁག་ལྷན་ཚོགས་ཀྱིས་ཆོས་ཀྱི་ལྟ་གྲུབ་དང་། ཕྱག་བཞེས་ཀྱི་གནད་གསང་སྐོར་འཛིན་སྐྱོང་གནང་སྟངས་སྐོར་གྱི་བགྲོ་གླེང་གིས་ཉམས་མྱོང་བརྗེ་རེས་གནང་བ་དང་། དེའི་བྱང་ཕྱོགས་སུ་བུད་མེད་ཀྱི་སྒྲུབ་ཁང་བཙུགས་ཏེ། སྒྲུབ་ཐེངས་རེར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་གྲངས་ཉི་ཤུ་དང་། ལོ་རྟག་པར་ཕོ་མོ་དབྱེར་མེད་ལྔ་བཅུ་ནས་བརྒྱ་བར་གྱི་སྨྱུང་གནས་ཆ་བརྒྱད་རྒྱུན་འཛུགས་དང་། དེ་དང་ལྷན་དུ་མ་ཎི་དུང་སྒྲུབ་འཚོགས་བཞིན་པ་དང་། ལོ་རེ་བཞིན་དུས་ཚོད་དང་བསྟུན་ཏེ་སྔོན་འགྲོ་འབུམ་བཞི་འཇོག་མཁན་སྟོང་ཕྲག་གཅིག་ཡས་མས་ལ། སྔོན་འགྲོའི་བློ་སྦྱོང་ཁྲིད་གནང་བ་སོགས་ཀྱི་ཕྱག་ལས་གནང་། ༧སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་བཅུ་བཞི་པ་དང་། ༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ། དིལ་མགོ་མཁྱེན་བརྩེ། ས་སྐྱ་ཁྲི་ཆེན། བྱམས་མགོན་སི་ཏུ་རིན་པོ་ཆེ་སོགས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཁག་གདན་འདྲེན་ཞུས་ཏེ་དད་ལྡན་རྣམས་ཀྱི་རེ་བ་ཆོས་བཞིན་དུ་བསྐངས། ཕྱི་ལོ་༡༩༨༠་ལོའི་ཟླ་བ་༣་པའི་ཚེས་༢༧་ཉིན་སྐྱོབ་གསོའི་ཚོགས་པ། སྐྱེ་དགུ་ཡོངས་ཀྱི་རེ་བ་གསོས། ཞེས་པ་བཙུགས་གནངས་ཏེ། དེ་ཉིད་ཕྱིས་སུ་འཛམ་གླིང་རོགས་ཚོགས་ཞེས་པར་མིང་བསྒྱུར་གནང་། ཕྱི་ལོ་༡༩༩༣་ལོར་ཏྭ་ར་ཚོགས་པ་ཞེས་པའི་གསོ་རིག་གི་ཚོགས་པ་ཞིག་གསར་འཛུགས་གནང་། བོད་ཀྱི་སྔོ་སྨན་རིགས་འགའ་རྒྱལ་སྤྱིའི་སྨན་གྱི་ཁོངས་སུ་འཚུད་ཐབས་མཛད། ཚོགས་པའི་ལས་དོན་གཙོ་བོ་ནི། སྐྱོབ་གསོ། སློབ་གསོ། འཕྲོད་བསྟེན། ནང་ཆོས་བཅས་ཀྱི་བྱ་བ་སྒྲུབ་པར་མཛད། ནང་བསྟན་ཚོགས་པའི་ལས་ཁུངས་གཙོ་བོ་བཀའ་བརྒྱུད་བསམ་ཡས་གླིང་དང་། འཕྲོད་རྟེན་གསོ་རིག་གི་ཚོགས་པའི་ལྟེ་བ་དབྱིན་ཇིའི་མངའ་སྡེ་ཡི་ཌན་བཱུ་ར་ལ་བཙུགས་པ་དང་། ཡན་ལག་ཚོགས་པ་གཱི་ལ་སི་ཀོལ་སོགས་དབྱིན་ཇིའི་མངའ་འོག་རྫོང་དྲུག་ལ་བཙུགས། དེ་ཡང་ས་ཁྱོན་དང་། ཁང་པ། དགེ་འདུན་པའི་སྡེ། ལས་བྱེད་མི་སྣ་སོགས་འཐུས་སྒོ་ཡོངས་སུ་ཚང་བའི་ཆོས་སྒར་ལ་བསམ་ཡས་གླིང་དགོན་པ་དང་། དེའི་ཡན་ལག་སྡོད་གནས་དང་། ལས་བྱེད། དགེ་འདུན་པ་ཉུང་ཤས་ལས་མེད་པ་ལ་བསམ་ཡས་རྫོང་དང་། ཡང་དེ་ལས་རྒྱ་ཆུང་བའི་བྱེ་བྲག་འདུས་སྡོད་གཏན་དུ་བ་མ་ཡིན་པའི་རིགས་ལ་བསམ་ཡས་ཚོགས་པ་ཞེས་མིང་བཏགས་ཏེ། ཚོགས་སྡེ་མི་འདྲ་བ་གསུམ་དུ་དབྱེ་བར་མཛད་པ་དང་། བོད་ནས་ལོ་རེ་བཞིན་སྨན་རམས་པ་རྣམས་ལ་བོད་ལུགས་གསོ་རིག་རྒྱུད་བཞི་ལག་ལེན་ཟབ་སྦྱོང་གི་འཛིན་གྲྭ་བཙུགས་པ་སོགས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དང་། ཁྱད་པར་དུ་ནུབ་ཕྱོགས་སུ་ཧམ་སེམས་དང་། འགྲན་རྩོད། ཕོ་མོའི་ཆགས་སྡང་ལ་བརྟེན་ནས་བྱུང་བའི་སྙིང་ནད་ཅན། ཚན་རིག་གི་སྨན་པས་འདོར་ཟིན་པའི་གང་ཟག་དག་ལ་དམིགས་ཏེ། སྨྱོ་ནད་སེལ་བའི་སློབ་གྲྭ་བཙུགས་ཏེ་སེམས་གསོ་བའི་གདམ་པ་ལོ་བདུན་ལ་གཏད་པས། ཕལ་མོ་ཆེ་ནད་ལས་གྲོལ་བར་མཛད། དེའི་གདམ་ངག་དེ་སློབ་མ་རྩེ་ཕུད་བཞི་ལ་གནང་། དེ་བཞིས་སྔར་གྱི་སློབ་ཁྲིད་ཀྱི་རིམ་པ་ལྟར་སློབ་མ་སྟོང་ཕྲག་ཙམ་ལ་ཁྲིད་བཏབས་ཏེ་སྨྱོ་ནད་བཅོས། སེམས་ནད་དམ་སྨྱོ་འབོག་གི་ནད་བཅོས་ཚུལ་འདི་ལ་ནུབ་ཕྱོགས་པའི་སྨན་རམ་པ་མང་པོས་གཞན་ལ་མེད་པའི་གྲུབ་འབྲས་ཐོབ་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་ཏོ། །
ལྔ་པ་རྒྱལ་བསྟན་ཡུལ་གྲུ་དུ་མར་དར་སྤེལ་གནང་ཚུལ་ནི།
བཀའ་བརྒྱུད་བསམ་ཡས་གླིང་གི་ཡན་ལག་ཆོས་ཚོགས་ཁག་དང་། རོགས་ཚོགས་ཀྱི་ལས་ཁུངས་ཁག་རྒྱལ་ཁབ་མང་པོར་བཙུགས་ཡོད་དེ། དཔེར་ན་འཛམ་གླིང་རོགས་ཚོགས་ཀྱི་ལས་ཁུངས་ལྟེ་བ་དེ་སུཝིསུ་ལན་ཌི་རྒྱལ་ཁབ་ཏུ་བཙུགས་པ་དང་། ཨ་ཡི་ལན་ཌི་རྒྱལ་ཁབ་ལ་གླིང་གཅིག་དང་། རྫོང་གཅིག བཱེལ་འཇམ་རྒྱལ་ཁབ་ལ་རྫོང་གཅིག ཨོ་རོ་སུ་རྒྱལ་སར་རྫོང་གཅིག ལྷོ་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་ཡུལ་ཁམས་སུ་གླིང་གཉིས་དང་། རྫོང་གཉིས། སུཝིསུ་ལན་ཌི། ཨ་མེ་ཏི་ཁ། ཧོ་ལན་ཌི། ཕོ་ལན་ཌི། འཇར་མན། ཨོསུ་ཊིརེ་ལི་ཡ། སི་པེ་ཡིན། ཁེ་ན་ཌ། ཧྥི་རན་སི། ཨི་ཊ་ལི། ཝ་སི་སོགས་སྔར་བོད་བརྒྱུད་ནང་བསྟན་དར་མ་མྱོང་བའི་རྒྱལ་ཁབ་མང་པོར་ཕེབས་ཏེ། ནང་བསྟན། སྐྱོབ་གསོ། འཕྲོད་བསྟེན། སློབ་གསོ་བཅས་ཀྱི་བཀའ་སློབ་དང་། ཕྱག་ལས་གནང་བ་དང་། རྒྱལ་ཁབ་བཅུའི་ནང་དུ་ནང་བསྟན་གྱི་ཆོས་ཚོགས་བཞི་བཅུ། རྒྱལ་ཁབ་བཅུ་དགུ་ལ་སྐྱོབ་གསོ་ཚོགས་པ་ཉི་ཤུ་རྩ་དགུ། རྒྱལ་ཁབ་བཅུ་གཉིས་ནང་སེམས་གསོ་རིག་པའི་ཚོགས་པ་བཅོ་ལྔ་བཅས་བཙུགས་གནང་བ་དང་། རྒྱལ་ཁབ་དེ་རྣམས་ཀྱིས་མི་སྣ་མཉམ་འབྲེལ་གྱིས། ལོ་རྟག་པར་ཕྱི་ཟླ་བརྒྱད་པའི་ནང་རྒྱལ་ཁབ་ཁག་ཏུ་རེས་མོས་ཀྱིས་འཚོགས་ཤིང་། ཚོགས་སྡེ་འདྲ་མིན་གྱི་རང་རང་གི་ལས་གཞི་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་དང་། ཚོགས་པ་ཁག་གི་ལས་བྱེད་རྣམ་པས་ལས་དཀའ་བྱེད་ཕྱོགས་སྐོར་ལ་དབྱེ་ཞིབ་ཀྱི་ཆེད་དུ་ཕེབས་ཏེ། དེ་དག་ལས་ཆོས་ལུགས་དང་། སྐྱོབ་གསོ། འཕྲོད་བསྟེན་གསུམ་གྱི་ཚོགས་འདུ་བསམ་ཡས་གླིང་དུ་འཚོགས། ཆོས་ལུགས་ཀྱི་སྟེང་ནས་གྲུབ་འབྲས་སྔར་མེད་པའི་རྒྱལ་ཁབ་མང་པོར་བོད་ནང་པའི་ཆོས་ལུགས་དར་སྤེལ་མཛད་དེ། དཔེར་ན་དབྱིན་ཇིའི་རྒྱལ་ཁབ་ཏུ་གཞུང་གི་ཁྲིམས་ལུགས་ལྟར་ན། སྔར་གནམ་བདག་ཆོས་ལུགས་མ་གཏོགས་ནང་པའི་ཆོས་སྒྲུབ་མི་ཆོག་པ་ལ། སྤྱི་ལོ་༡༩༨༧་ལོ་ནས་བཟུང་བསམ་ཡས་གླིང་གི་བཀའ་དྲིན་ལ་བསྟེན་ནས། སྐྱེས་སྐར་དང་། གཤིན་ཚིགས། ཆང་སའི་རྟེན་འབྲེལ། སློབ་གྲྭ་སོགས་ལ་བོད་བརྒྱུད་ནང་བསྟན་སློབ་ཆོག་པའི་ཐོབ་ཐང་འདྲ་མཉམ་གྱི་བདག་དབང་ཐོབ། བསམ་ཡས་གླིང་དགོན་པ་སྒོ་ཕྱེས་ནས་བཟུང་། ཡུ་རོབ་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒོ་བརྒྱ་ལེགས་པར་ཕྱེས་ཏེ། ནུབ་ཕྱོགས་ཀྱི་བཀའ་བརྒྱུད་པའི་ཆོས་ཚོགས་ཁག་གི་མ་དགོན་ལྟར་གྱུར། དབུལ་པོ་རྣམ་པར་སྐྱོབ་གསོ་ལ་མཚོན་ན། བལ་པོའི་ཡུལ་དུ་ལོ་རེར་ཟླ་བ་གསུམ་གྱི་རིང་ལ། ཉི་མ་རེར་དབུལ་པོ་མི་གྲངས་བརྒྱ་དང་ལྔ་བཅུ་ནས་སུམ་བརྒྱའི་བར་ལ་བཟའ་བཏུང་གི་གནང་སྦྱིན་དང་། ནད་པ་རྣམས་སྨན་ཁང་དུ་སྐྱེལ་བ། ཁྱད་པར་དུ་དྭ་ཕྲུག་རྣམས་ལ་དམིགས་བསལ་གྱི་སློབ་གྲྭ་ཆེན་པོ་ཞིག་ཀྱང་རྒྱགས་གནང་ཡོད། རྒྱ་གར་དུ་བོད་པ་སྐྱབས་བཅོལ་བ་བགྲེས་པོ་རྣམས་ལ་འཚོ་བའི་མཐུན་རྐྱེན་གྱི་རོགས་རམ་ཆེད། སྨན་བཅོས་དང་། ཕྲུ་གུ་རྣམས་སློབ་གྲྭར་སྐྱེལ་བའི་སློབ་ཡོན་དང་། རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་ཉིན་བདུན་གྱི་རིང་ཉིན་ལྟར་མི་གྲངས་སྟོང་ཕྲག་ཙམ་ལ་འཚོ་བའི་མཐུན་རྐྱེན་སྦྱར་བར་མཛད་པ་དང་། དབྱིན་ཇི་དང་། བཱེལ་འཇམ། ཧོ་ལན་ཌི། ཕོ་ལན་ཌི། ལྷོ་ཨ་ཧྥི་རི་ཁའི་སྤྲང་པོ་རྣམས་ལ་ལྟོ་སྤྲོད་པ་སྟེ། ཁྱོན་སྡོམ་རྒྱ་གར་དང་། བལ་ཡུལ་དུ་མི་གྲངས་སུམ་སྟོང་ཙམ་དང་། ཨ་ཧྥི་རི་ཁའི་ཟཱིམ་བཱ་ཝེ་ལ་མི་ནག་དུད་ཚང་ལྔ་བརྒྱ་ཙམ་ལ་མགོན་མེད་ཟས་སྦྱིན་ལྟར་བཀྲེས་སྐོམ་གྱི་ནད་ལས་སེལས་ཞིང་། སྦྱིན་པའི་ཕྱག་རིང་བསྐྱངས་པ་སོགས་ཕྲིན་ལས་རྒྱ་མཚོའི་ཕ་མཐར་འགོངས་པར་མཛད་དོ། །
དྲུག་པ་བོད་དུ་བསྟན་འགྲོའི་སྲི་ཞུ་རླབས་ཆེན་མཛད་ཚུལ་ནི།
འཛམ་གླིང་ས་ཡི་ཡང་རྩེ་བོད་གངས་ཅན་ལྗོངས་འདིར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཉམ་གསོ་གནང་བ་དང་། ཕྱོགས་དང་རིས་སུ་མ་ཆད་པའི་གསར་རྙིང་རིསམ་མེད་ཀྱི་ནང་བསྟན་བཤད་གྲྭ་གསར་དུ་འཛུགས་པ་དང་། སྔར་ཡོད་དག་ལ་སློབ་ཡོན་གནངས། ལྟོ་གོས་ལ་དཀའ་ངལ་ཆེ་བའི་ཞིང་འབྲོག་དབུལ་པོའི་རིགས་སྤྲང་འགྱེད། སྐྱབས་མེད་མགོན་མེད་ཀྱི་རྒན་རྒོན་རྣམས་ལ་རྒན་གསོ་ཁང་། དབང་པོ་སྐྱོན་ཅན་དང་། གཟའ་ཟླ་མེད་པའི་བུད་མེད་ལ་རོགས་རམ་གནང་བ། འབྱོར་མེད་ཀྱི་ནད་པ་རྣམས་ལ་སྨན་ཡོན་གནང་བ་དང་། ལུང་ཁུག་སྨན་དཔྱད་དཀའ་སར་སྨན་ཁང་འཛུགས་པ་སོགས་དུས་སྔ་ཕྱི་དང་། ལོ་གྲངས་རིང་ཐུང་ཅི་རིགས་པར་གོང་ས་ནས་ཆོག་མཆན་ལྟར་རོགས་སྐྱོར་གནང་བར་མཛད། དེ་ཡང་ཁྱོན་སྡོམ་བྱེད་ན། བོད་ལྗོངས་ས་གནས་བཞི་བཅུ་ཞེ་བདུན་ལ་བཤད་གྲྭ་བརྒྱད། དགེ་འོས་སློབ་གྲྭ་གཉིས། གསོ་རིག་སློབ་གྲྭ་གསུམ། དྭ་ཕྲུག་སློབ་གྲྭ་ཆུང་འབྲིང་དག་གི་ཕོགས་དངུལ་གནང་བ་དང་། ས་ཁུལ་ཁག་གཉིས་སུ་དྲོད་ཁང་གཉིས་བསྐྲུན་ནས། སྔོ་ཚལ་འདེབས་འཛུགས་ཀྱི་རྟེན་གཞི་བཙུགས་པ་དང་། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར། སྡེ་དགེ་དང་། འདའ་པ། ཆབ་མདོ་སོགས་ནས་ཟབ་སྦྱོང་མཛད་པའི་སློབ་མ་བཞི་བཅུ་ཙམ་ལ་སློབ་ཡོན་དང་། ཟས་རིན། ཁང་གླ་བཅས་གནང་། བོད་ཀྱི་གསོ་རིག་བརྒྱུད་འཛིན་དང་། དར་སྤེལ་ཡོང་བའི་ཆེད་དུ་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེས་གཙོས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་བཅུ་ནས་ཉི་ཤུའི་བར་རྩ་འཛུགས་བྱས་ཏེ། དགུན་ཟླ་གསུམ་གྱི་རིང་ལ་རྒྱུད་བཞིའི་འགྲེལ་བ་བརྩམ་རྒྱུ་དང་། སྨན་དཔྱད་ཀྱི་མན་ངག་ཟབ་མོ་རྣམས་སློབ་སྦྱོང་གནང་བའི་མཐུན་རྐྱེན་དུ་དངུལ་ཕོགས་དང་། གསོ་རིག་བསྟན་བཅོས་རྣམས་ཀྱི་དཀར་ཆག་བསྒྲིག་རྒྱུ་བཅས་ལ་རོགས་དངུལ་གནང་བར་མཛད་དོ། །
སི་ཁྲོན་ཞིང་ཆེན་ཁམས་ཁུལ་དུ་སློབ་གྲྭ་ཞེ་བདུན། སློབ་མ་གྲངས་སུམ་སྟོང་སོ་དགུ། བཤད་གྲྭ་བཅོ་ལྔ། གྲྭ་བ་ཆིག་སྟོང་དགུ་བརྒྱ་དོན་ལྔ། སྨན་ཁང་བཅུ་གཉིས། རང་བྱུང་ནགས་རི་དང་། འཁོར་ཡུག་སྲུང་སྐྱོབ་ཁག་གསུམ། རིག་དངོས་སྲུང་སྐྱོབ་ཁག་གཉིས། རྒན་གསོ་ཁང་གཅིག འཕྲོད་བསྟེན་སྒོ་བསྟན་སྨན་ཁང་བཅུ་གཉིས་བཅས་བཙུགས་ཤིང་། སྨན་པ་དང་། ལས་བྱེད་ཆེ་ཕྲ་ཁག་ལ་ཕོགས་དངུལ་དང་། འགྲོ་གྲོན་གནང་བར་མཛད་དོ། །
མཚོ་སྔོན་ཞིང་ཆེན་ལ་བཤད་གྲྭ་དྲུག བླ་གྲྭ་གྲངས་ལྔ་བརྒྱ་ཉི་ཤུ། དྭ་ཕྲུག་སློབ་གྲྭ་གཉིས། སློབ་མ་གྲངས་བཞི་བརྒྱ་ཉེར་བརྒྱད། བོད་སྨན་གསོ་རིག་སྨན་ཁང་དྲུག རྒས་གསོ་ཁང་གཉིས། དབུལ་སྐྱོབ་ཁང་གཅིག རིག་དངོས་སྲུང་སྐྱོབ་ལས་ཁུངས་གསུམ། བོད་ཀྱི་སྨན་རྩ་འདེབས་འཛུགས་རྟེན་གཞི་གཉིས། དབུལ་བཅོས་ཕྱུག་བསྒྱུར་གྱི་ཚལ་ཞིང་དྲོད་ཁང་བཞི་བཅས་ཀྱི་ཕོགས་དངུལ་འགྲོ་གྲོན་དང་། རོགས་རམ་གནང་བར་མཛད་དོ། །ཀན་སུ་ཞིང་ཆེན་ལ། དྭ་ཕྲུག་སློབ་གྲྭ་གསུམ་དང་། བོད་སྨན་སློབ་གྲྭ་གཅིག་བཙུགས་པར་རྒྱུན་ཞུགས་སློབ་མ་བརྒྱ་དང་བཞི་བཅུ་ཡོད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྦྱིན་བདག་སོགས་མཛད་དོ། །ཡུ་ནན་ཞིང་ཆེན་ལ། སློབ་གྲྭ་གསུམ་དང་། བོད་སྨན་ཆེད་སྦྱོང་འཛིན་གྲྭ་གཅིག་བཅས་བཙུགས་པ་དང་། སློབ་མ་གྲངས་བཞི་བརྒྱ་བཞི་བཅུའི་འགྲོ་སོང་གི་མ་དངུལ་གནང་ངོ་། །དབྱི་རིགས་རང་སྐྱོང་ཁུལ་ལ། སློབ་གྲྭ་གཅིག སློབ་མ་གྲངས་གོ་གསུམ་གྱི་འགྲོ་སོང་གནང་བར་མཛད་དོ། །མདོར་ན་བོད་ཀྱི་ས་ཁུལ། ལྗོངས་དང་། ཞིང་ཆེན་ལྔ་ལ་མཚོན་ན། ཕྱི་ལོ་༡༩༩༠་ལོ་ནས་༢༠༡༣་ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རག་རྩིས་བྱས་ནས་ ལྷག་ཙམ་ལ་རོགས་རམ་མཛད་པ་དང་། རོགས་དངུལ་གནང་བ་རག་རྩིས་བྱས་ན་ཡོངས་སྡོམ་ ༢༠༥༠༩༥༥༢༦ ཙམ་གྱིས་སློབ་ཡོན་དང་། འཛུགས་བསྐྲུན་སོགས་ཀྱི་ཕྱོགས་སུ་བཏང་གནང་ཡོད། དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ། ཁ་ནས་བཤད་པ་དང་། སེམས་ལ་དྲན་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་། རང་གི་ཕྱག་གིས་གནང་སྦྱིན་བསྩལ་ཏེ། བསྟན་འགྲོའི་དོན་གནད་དུ་སྨིན་པར་མཛད་དོ། །གཞན་ཡང་དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཁྲི་འདོན་གྱི་མཛད་སྒོའི་བཀོད་སྒྲིག་གི་ཆེད་དུ། བྱམས་མགོན་སི་ཏུ་རིན་པོ་ཆེའི་སྐུ་ཚབ་མཛད་དེ་སྐུ་ངལ་ལ་མ་འཛེམས་པར་རྒྱ་དཀར་ནག་བར་དུ་ལོ་གསུམ་གྱི་རིང་ཆོག་མཆན་དང་། བྱམས་མགོན་སི་ཏུ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ། ཁྲི་སྟོན་གྱི་སྟ་གོན་རྣམས་མ་ཚང་བ་མེད་པར་གནངས་ཏེ། ཁྲི་འདོན་གྱི་མཛད་སྒོ་གེགས་མེད་ངང་ཡོངས་སུ་གྲུབ་པར་བྱས། རྒྱ་གར་རྡོ་རྗེ་གདན་དང་། རྒྱ་ནག་ཙནྡན་ཇོ་བོ། ཚེམས་གདུང་མཆོད་སྟེན། བལ་ཡུལ་མཆོད་སྟེན་རྣམ་གསུམ། བོད་ཀྱི་ཇོ་ཤཱཀ་རྣམ་གཉིས་སོགས་ཀྱི་མདུན་དུ་འབུམ་མཆོད། གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་སྡེ་སོ་སོར་མཆོད་པ་བགྲང་ཡས་ཀྱི་ཚོགས་གསོག་རྒྱ་ཆེར་མཛད། ཀརྨ་པ་དང་། ཞྭ་དམར། སི་ཏུ་གསུམ་གྱི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་འཁྲུངས་ཡུལ་དུ་དྲན་རྟེན་དང་། འཁྲུངས་ཡུལ་ངོས་འཛིན་གྱི་ཆེད་དུ་མཆོད་རྟེན་དང་། སོ་སོའི་ཡབ་ཡུམ་དང་བཅས་པའི་རྡོ་སྐུ་བཞེངས། རྫ་ཆུ་ཁའི་དཔལ་དགེའི་རྡོ་འབུམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྡོ་ལ་བརྐོས་པ་དང་། ས་གནས་ཁག་འགའ་ཞིག་ཏུ་རྡོ་ཀ་མ་རུ་པ་ལ་བརྐོས་བཏབ་པའི་གུ་རུ་རིན་པོ་ཆེའི་སྐུ་ཐོག་ཚད་གསུམ་བཞི་ཙམ་བཞེངས་པ་དང་། ཨ་དཀོན་གོང་མའི་གདན་ས་ཚ་བ་སྒྲོལ་མ་ལྷ་ཁང་དང་། ད་ལྟའི་སྐུ་རང་ཉིད་བཞུགས་སའི་བཀའ་བརྒྱུད་བསམ་ཡས་གླིང་གཉིས་གཙོས་པའི་ཆོས་སྡེ་དང་། བཤད་གྲྭ། སྒྲུབ་གྲྭ་མང་པོའི་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་དོ། །
བདུན་པ་བོད་ཀྱི་རིག་གཞུང་ཉམ་གསོ་མཛད་ཚུལ་ནི།
མཚོ་སྔོན་དང་། ཡུལ་ཤུལ་ནས་དཔེ་རྙིང་ཉམ་གསོ་ཚོགས་པ། ཞེས་མཁན་སྤྲུལ་བཅུ་ཕྲག་གསུམ་ཙམ་གྱིས་གནའ་དཔེ་འཚོལ་བསྡུ་ཕྱོགས་སྒྲིག་འགྲེམ་སྤེལ་དང་། ཁྱད་པར་དུ་ནང་དོན་རིག་པའི་གཞུང་ལུགས་དང་། གསོ་བ་རིག་པའི་གཞུང་གི་སྐོར་དེབ་དུ་མ་དཔར་བསྐྲུན་ཞུས་དག་དང་། སི་ཁྲོན་ནས་གསོ་རིག་གི་དཔེ་རྙིང་དེབ་ཉི་ཤུའི་སྐོར་དཔར་བསྐྲུན་དང་། དཔལ་ཡུལ་པར་ཁང་དུ། སྔ་འགྱུར་བཀའ་མ་སོགས་དཔེ་རྙིང་པོད་དུ་མ་དང་། སྡེ་དགེ་དཔར་ཁང་དུ་དུས་གསུམ་མཁྱེན་པའི་བཀའ་འབུམ་དང་། ཕག་གྲུའི་བཀའ་འབུམ་དང་། གསོ་རིག་སྐོར་སོགས་དཔེ་རྒྱུན་དཀོན་རིགས་པར་ཤིང་ཆིག་ཁྲི་ཉིས་བརྒྱ་ལྷག་བརྐོས་པ་དང་། གཞན་ཡང་བཀའ་བརྒྱུད་དཔེ་རྙིང་མྱུར་སྐྱོབ་རིག་ཚོགས། བཀའ་བརྒྱུད་རིག་གཞུང་ཕྱོགས་བསྒྲིགས། བཀའ་བརྒྱུད་པའི་མདོ་སྔགས་གཞུང་ཆེན་བརྒྱད། ཕྱག་ཆེན་རྒྱ་གཞུང་དང་བོད་གཞུང་ཕྱོགས་བསྒྲིགས། ཀརྨ་མཁན་པོའི་བཀའ་འབུམ། ཆགས་མེད་བཀའ་འབུམ། ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་བཅས་ཀྱི་བཀའ་འབུམ། ཟབ་མོ་ནང་དོན་གྱི་འགྲེལ་བ་ཕྱོགས་བསྒྲིགས། ཕག་བདེ་རྒྱལ་གསུམ་བེར་ཅན་རྣམས་ཀྱི་ཆོ་ག་དང་། དེ་དག་གི་རྣམ་བཤད་ཁྲིད་ཡིག་སོགས་ཆ་ཚང་། མགུར་འབུམ་མཛོད་ནག་མ་སོགས་ཕལ་ཆེ་བའི་འགྲོ་སོང་ཡོངས་རྫོགས་དང་། འགའ་རེའི་འགྲོ་གྲོན་ཕྱེད་ཀ་ཙམ་གནང་ནས་གསུང་རབ་མང་ཉམ་གསོ་མཛད་པ་སོགས་ཀྱིས་མཚོན་་བསྟན་པ་དང་། འགྲོ་བ་སྤྱིའི་དོན་དང་། ཁྱད་པར་དུ་བོད་གངས་ཅན་པའི་ཆོས་དང་། རིག་གཞུང་ཉམ་ཐག་དབུལ་ཕོངས་རྣམས་ཀྱི་དོན་ལ་དགོངས་ཏེ། བསྟན་འགྲོའི་སྦྱིན་བདག་ཆེན་མོ་གང་ཉིན་མཚན་ལྷོད་མེད་དུ་དཀའ་ཚེགས་དང་། ངལ་དུབ་ལ་མི་འཛེམས་པར་རླབས་ཆེན་གྱི་ཕྲིན་ལས་སྒྲུབ་བཞིན་པའོ། །
བརྒྱད་པ་དམ་པ་དུ་མས་བསྟོད་ཅིང་གཟེངས་བསྟོད་པ་ནི། སྔར་རྒྱལ་བ་ཀརྨ་པ་རིག་པའི་རྡོ་རྗེར་རིན་པོ་ཆེའི་སློབ་མ་ཚོས་ཐོབ་ཞུས་སྐབས། རྒྱ་ཤོག་ཁ་གང་ཞིག་གི་ཐོག་ཕྱག་བྲིས་ཕྱག་ཐམ་བཅས་གནང་དོན། བདག་ཆོས་རྗེ་བླ་མའི་ཁྲི་ཚབ་ཡིན་པས། ཉི་མ་མེ་གྲོགས། ཆར་པ་ཆུ་གྲོགས། དེ་ལ་མཐུན་གྲོགས་བྱེད་མི་ཡོད་ན་ཐུགས་བསྐྱེད་སྐྱབས་འཇུག་ནམ་ཡང་མི་བརྗེད། ངན་དགྲ་བྱེད་མི་རྣམས་ལ་ཆོས་སྐྱོང་དྲག་པོའི་བཀའ་ཆད་ཡོད་ཚུལ་གསུངས་ནས་བསྟོད་བསྔགས་བླ་ན་མེད་པ་གནང་། ཉིད་ཀྱི་རྩ་བའི་བླ་མ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེར་རྟོགས་པ་འབུལ་དུས། བླ་སློབ་དགོངས་པ་མཉམ་པའི་གསུང་གི་དབུགས་དབྱུང་བསྩལ། བླ་མ་ཀུན་དགའ་དང་། ཨ་འདར་ཀརྨ་གཉིས་ནས་ཇ་ཚག་བསྟན་མཚོའི་དུས་རྟག་རིན་པོ་ཆེར་ཐོབ་ཞུས་སྐབས། རི་རག་སྒེས་གསུམ་དང་ཁྲི་མཉམ་གནང་། བྱམས་མགོན་སི་ཏུ་པདྨ་དོན་ཡོད་ཀྱིས་གདན་ས་དཔལ་སྤུངས་དགོན་དུ་གདམ་ངག་མཛོད་ཀྱི་དབང་གནང་སྐབས། སྤྲུལ་སྐུ་བདུན་ཅུ་དོན་གྲངས་ནང་ནས་ཁྲི་ཐོབ་ཆེ་གྲས་སུ་བཞག མདོར་ན་དཔལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་གཙོར་བྱས་པའི་མཆོག་དམན་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་ཡོད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་དར་རྒྱས་དར་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱུན་ལས་ལས་འཛིན་དུ་བསྐོས། བོད་ལྗོངས་རྒྱ་གྲམ་དམར་པོའི་ཚོགས་ཞུགས་མི་སྣ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་གདན་རབས་རྩོམ་སྒྲིག་ཁང་གི་ཆེད་ཞུས་བློ་འདོན་པ། ཡུལ་ཤུལ་ཁུལ་སྙིང་རྗེ་མཐུན་ཚོགས་ཀྱིམཚན་འཛིན་ཚོགས་གཙོ་དང་། ཡུལ་ཤུལ་དཔེ་བོད་ཀྱི་དཔེ་རྙིང་ཉམ་གསོ་ཚོགས་པའི་དབུ་ཁྲིད་མཛད། ཀན་སུ་ཞིང་ཆེན་ནུབ་བྱང་མི་རིག་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་མཚན་འཛིན་དགེ་རྒན་ཆེན་མོ། ཆབ་མདོ་ཁུལ་སློབ་གསོ་ཐེབས་རྩ་ཚོགས་པའི་ལས་བྱེད་སོགས་ཀྱི་མཚན་རྟགས་ཕུལ་བ་བཞེས་ཤིང་། དེ་རྣམས་སུ་རོགས་རམ་དང་། བཀའ་སློབ་བླ་ན་མེད་པར་མཛད་པར་མ་ཟད། ཕྱི་ལོ་༢༠༡༡་ལོ་དབྱིན་ཡུལ་དུ་ལོ་དྲུག་ཅུའི་ནང་དམན་པར་རོགས་སྐྱོར་གནང་མཁན་མང་པོའི་ཁྲོད་ནས། བྱས་རྗེས་ཆེ་བ་ཅན་དྲུག་འདེམས་པའི་ནང་དུ་དམ་པ་ཁོང་ལ་ཡང་ཉམ་ཆུང་གི་མགོན་སྐྱབས་ཞེས་པའི་གཟེངས་རྟགས་ཕུལ། དེ་ལྟར་དགུང་གྲངས་དོན་གཅིག་ཡན་གྱི་རླབས་ཆེན་གྱི་རྒྱལ་སྲས་ཀྱི་སྤྱོད་པ་རྣམ་བཞིའི་ཕྲིན་ལས་ཟབ་མོའི་འཛམ་གླིང་སུམ་གཉིས་གོ་ལ་ཟླུམ་པོར་ཉི་ཟླའི་འགྲོས་ཀྱིས་བསྐོར་ཏེ། བསྟན་འགྲོར་ཕན་བདེ་ལེགས་ཚོགས་ཀྱི་འདོད་དགུའི་གྲུ་ཆར་རྟག་ཏུ་འཇོ་བའི་མགོན་པོ་གང་གི་གསང་གསུམ་མཛད་པ་བསྡུས་ཙམ་མོ། །
མཛད་རྣམ་མདོར་བསྡུས་འདི་ནི་ཁོ་བོས་སྔར་དྲ་ཐོག་ཏུ་བཏང་བ་དེ་ལ་ཚིག་དོན་གཉིས་ཀའི་ཆ་ནས་ཅུང་ཟད་རྒྱས་པར་བཏང་ཡོད།
ཁོ་བོ་ཡང་ཨ་དཀོན་རིན་པོ་ཆེ་མཆོག་གི་སྐྱབས་འོག་ན་འཚོ་བཞིན་པའི་ལྡོམ་བུ་པ་ཞིག་ཡིན། ཁོང་ནི་རྒྱང་རིང་ནས་ཉན་ན་སྙན་གྲགས་ཆེ་བའི་བླ་ཆེན་ཞིག་དང་། འབྱོར་བ་ལྡན་པའི་མི་ཆེན་ཞིག་རེད་ཅེས་ཀུན་གྱིས་སྨྲ་མོད། འགྲམ་དུ་བཅར་ན་ཉིན་མཚན་གཉིས་ཀ་དལ་མེད་དུ་ལས་ལ་བརྩོན་ཞིང་། གཞན་ཕན་ལ་དགའ་བ་དང་། དགྲ་གཉེན་ཀུན་ལ་བྱམས་ཤིང་། སྤྱིར་བཏང་གི་མི་དཀྱུས་མ་ཞིག་གི་སྤྱོད་ཚུལ་ལས། ཆེ་ཚུགས་དང་། མཐོ་འདོད་གཏན་ནས་མེད་པའི་བོད་ཀྱི་བླ་མ་ཞིག་རེད། དེ་ཕྱིར་ཁོ་བོར་མཚོན་ན་བླ་མ་མང་པོ་མཇལ་མྱོང་མོད། མཚན་དང་སྙན་གྲགས་ཆེ་བའི་བླ་མ་ཞིག་ལ། ཆེ་འདོད་དང་། ཆེ་ཚུགས་མེད་པའི་བླ་མ་ཁོང་འདྲ་བོ་ཞིག་གཏན་ནས་མཇལ་མ་མྱོང་། གང་ལྟར་ཡང་ཁོང་ནི་ཁ་ནས་བཤད་པ་དང་། ཡིད་སྨོན་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་གཞན་ལ་དངོས་སུ་ཕན་བདེ་ལ་བརྩོན་པ་དང་། དོན་འབྲས་མ་བྱུང་གི་བར་ཕྱིར་བཀྱེད་གཏན་ནས་མི་གནང་མཁན་ཞིག་རེད། དེ་ཕྱིར་ཤིན་ཏུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཉམ་ཐག་དབུལ་པོ་ཚོའི་ཆེད་དུ་ཕུལ་སོང་། གཏན་དུ་ཕུལ་སོང་། ཕྱིར་མི་ལྡོག་པར་ཕུལ་སོང་། ཡང་སྲིད་དེ་ཡང་ཁོང་དང་འདྲ་བ་ཞིག་འབྱུང་བར་སྨོན།
ཀ་ར་མ་མཆོག་གིས་ཨ་དཀོན་རིན་པོ་ཆེ་ཡི་ངོ་སྤྲོད་བཀོད་པར་བཀའ་དྲིན་ཆེ། གོང་དུ་ཞུས་པ་ལྟར་རྒྱ་གར་ཌལ་ཧོ་ཟིར་མཇལ་སྐབས་སུ་གྲྭ་ཆས་བཞེས་ཡོད་པ་དང་། ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་སུ། རྒྱ་གར་ལྡི་ལི་གནམ་ཐང་དུ་ཨ་དཀོན་རིན་པོ་ཆེ་སྐྱ་ཆས་བཞེས་ནས་བཞུགས་པ་རྒྱང་ནས་མཇལ། གཞན་ཕན་རླབས་ཆེན་གྱི་མཛད་པ་བཟང་པོ་ཡོད་པ་ཞིག་ཁོང་སྐུ་གཤེགས་པའི་རྗེས་སུ་མ་གཏོགས་ཤེས་མེད། དེ་ནི་ཨ་དཀོན་རིན་པོ་ཆེ་རང་ཉིད་སྦས་པའི་བརྟུལ་ཞུགས་ལ་བཞུགས་པ་ལས་ཡིན་ཏོ།