ཤྲཱི་ཨེ་མ་ཧོ།
ཀྱེ་མ་ཧོ།
ཨ་ཙི་སྙིགས་མའི་དུས་ཀྱི་གྲུ་ཁ་ན།།
ཧ་ཅང་ལྷག་བསམ་དཀར་པོའི་ཟླ་བཞོན་ཞིག །
ས་སྐྱོང་དཔོན་ལས་བཟང་པའི་སྦྱིན་བདག་ཆེ།།
ཤ་ཁྲག་རུས་རྒྱུན་བཅད་པ་བདེན་སྲིད་དམ།།
ལ་རྒྱའི་དུང་བ་ཟབ་པའི་ཚོང་དཔོན་ཞིག །
ར་རུའི་གནོད་སེམས་དབེན་པའི་མི་རྒན་ཞིག །
ཡ་རབས་གཞན་ཕན་སྒྲུབ་པའི་ཚོགས་གཙོ་ཆེ།།
འ་ཅག་གཏན་དུ་བྲལ་བར་ཨེ་བདེན་ནམ།།
ཟ་འཐུང་ལོངས་སྤྱོད་གནང་བའི་དྲིན་ཆེན་ཞིག །
ཞྭ་གོས་སློབ་ཡོན་སྤྲད་པའི་གཏོང་ཕོད་ཅན།།
ཝ་ལེར་རིག་གཞུང་སྤེལ་བའི་སློབ་སྟོན་པ།།
ཛ་དྲག་གྲོགས་ཀྱིས་བསད་པར་དངོས་ཡིན་ནམ།།
ཚ་བུ་གཉེན་ལ་བྱམས་པའི་མ་མ་ཞིག །
ཙ་ར་བརྟག་དཔྱད་མེད་པའི་མགྲོན་པོ་ཞིག །
མ་ལུས་བོད་དོན་འབད་པའི་སྤྲུལ་སྐུ་ཞིག །
བ་བཞིན་དམར་གསོད་གཏོང་བར་བདེན་སྲིད་དམ།།
ཕ་རོལ་དགྲ་ལ་གནོད་བྱེད་ཟུར་ལ་གཡུགས།།
པ་ལགས་བདུན་ཅུར་སོན་པའི་བླ་རྒན་ལ།།
ན་ཚའི་གྲི་གུག་གཙུག་པའི་ཀླད་མེད་དེ།།
ད་ལྟའི་དུས་རབས་འདི་ལ་ཡོད་སྲིད་དམ།།
ཐ་ཆད་ཕུ་ནུ་ནང་དམེ་བྱེད་པ་དེ།།
ཏ་ཐྰ་ག་ཏའི་བསྟན་པར་ལྟ་ཡང་ཅི།།
ཉ་བ་ཤན་པའི་རིགས་ཀྱིས་མི་སྒྲུབ་པའི།།
ཇ་ཁུག་རལ་བཞིན་བཟོས་པར་ཅི་ཡིས་མནངས།།
ཆ་འཛོམས་ཚང་རྫས་བཤམས་པའི་ཁྲོམ་ར་རུ།།
ཅ་ཅོ་ཀི་དིར་གཤིན་རར་བསྒྱུར་བ་འདིས།།
ང་ཚོ་བོད་མིས་བོད་བརླགས་ཨ་ཙ་མ།།
ག་སར་གང་དུ་མི་སྙན་རླུངས་ལྟར་གྲགས།།
ཁ་བརྡའི་དྲ་བར་མཐོང་བའི་གསར་འགྱུར་དང་།།
ཀ་ར་མ་ཡིས་བཀོད་པའི་ལོ་རྒྱུས་སོགས།།
བོད་མིའི་ཆོས་ལས་འདས་པའི་བྱ་ངན་ལ།།
མྱ་ངན་མཆི་མ་ཞིག་གི་ཆེད་དུ་འབུལ།།
ཀ་དག་ལྷུན་གྲུབ་རིག་པ་ཟང་ཐལ་ངང་།།
ཁ་སྦྱོར་ཡན་ལག་རྫོགས་པའི་བསྐྱེད་རྫོགས་ཀྱི།།
ག་བུར་སྨན་ལས་ལྷག་པའི་ཏིང་འཛིན་བསྒོམ།།
ང་ཡིས་སྐུ་གསུམ་འཕོ་བ་ཉིད་ལ་འདེབས།།
ཚེ་འདིར་ཞེན་པའི་འཁྲི་ཐག་རྦད་ཀྱིས་ཆོད།།
རིན་ཆེན་བྱང་ཆུབ་སེམས་ཀྱི་རྟ་བཞོན་ནས།།
བདེ་ཆེན་དག་པའི་ཞིང་གི་རིག་རྩལ་སྦྱོངས།།
གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨ།།
ཨ་ཨ་ཨ། །
ཞེས་པ་འདི་ཡང་ཕྱི་ལོ་༢༠༡༣ ༡༠ ༡༠ ལ་དབྱིན་ཡུལ་བཀའ་བརྒྱུད་བྱང་སེམས་ཆོས་ཚོགས་ཁང་དུ་དབྱིན་ཇིའི་བླ་མ་འཇིགས་དགས་བསྐུལ་མ་ལ་བསྟན་ནས་ཤྲཱི་ཨེ་མ་ཧོས་གང་དྲན་འདས་མཆོད་དུ་ཕུལ་བར་དགེའོ། །
ཨ་ཀོང་བླ་མས་ཆོས་ཚོགས་བཙུགས་ནས་འགྲོ་དོན་མཛད། །
ཨ་ཀོང་བླ་མས་སྦྱིན་བདག་བཙལ་ནས་རོགས་རམ་མཛད། །
ཨ་ཀོང་བླ་མས་སློབ་ཡོན་བོད་མིར་ཕན་འདགས་ཀྱང་། །
ཨ་ཀོང་བླ་མ་བོད་མིས་བཀྲོངས་པ་བདེན་སྲིད་དམ། །
ཨེ་མ་ཧོ་ལ་ཨ་ཀོང་སང་གི་འཕོ་འདེབས་དང་པོ་དེ་ཡིན་པ་འདྲ། མྱ་ངན་ཞུ།