དགེ་འདུན་བསྟན་འཛིན།
ནུབ་ཁའི་ཉི་མ་དམར་པོ་གླང་རི་ལུང་བསྟན་དུ་གྲགས་པའི་རི་རྩེ་ནས་ག་ལེར་རྒྱ་གར་ཕྱོགས་སུ་བཞུད་པ་དང་ཆབས་ཅིག །ཨ་ནི་ཀརྨའི་མཚམས་ཁང་གི་སྒེའུ་ཁུང་ལ་ཕོག་པའི་གསེར་མདོག་ལྟ་བུའི་ཉི་འོད་དེ་ཡང་རིམ་གྱིས་མི་སྣང་བར་གྱུར། ཨ་ནི་ཀརྨའི་མིག་ཟུང་ད་དུང་རྒྱང་ལ་གཏད་འདུག །མོའི་མིག་རིལ་གཉིས་སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་ཕྱི་ལ་འཕུར་ལ་ཁད་པ་ཙམ་དུ་སྣང་། སྤྲིན་པ་དམར་པོ། རི་བོ་ལྗང་ཁུ། ཨ་ནི་ཀརྨའི་མིག་དབང་ཅི་དགར་འཕྲོགས་པའི་མཛེས་སྡུག་ལྡན་པའི་རྒྱང་རིང་གི་སྤྲིན་པ་དང་ནགས་རི་གཉིས་ག་ལེར་གནས་འགྱུར་སོང་། ད་ལྟ་ཨ་ནི་ཀརྨས་མཐོང་བ་ནི་འོད་ཟེར་དམར་སེར་འཕྲོ་བའི་སྒྲོལ་མ་ལྗང་ཁུ་རེད། ཨ་ནི་ཀརྨའི་མིག་མཐར་མཆི་མ་འཁོར་བཞིན་ཡོད་ཀྱང་གདོང་པ་འཛུམ་གྱིས་ཁེངས་ཤིང་། མིག་ཟུང་སྒྲོལ་ལྗང་ལ་འབུར་ཚུགས་སུ་གཏད་འདུག
ཡམ་བུ་གྲོང་ཁྱེར་གྱི་གློག་སྒྲོན་དང་དགུང་གི་སྐར་ཚོགས་གཉིས་ཕན་ཚུན་འགྲན་པ་ནང་བཞིན། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཇེ་མང་དུ་གྱུར་ཏེ། མཐར་བར་སྣང་དང་ས་གཞི་གཉིས་ཀ་ཁྲ་ཐིང་ངེར་གྱུར། ཨ་ནི་ཀརྨའི་མིག་ལམ་གྱི་ལྟད་མོ་ཡང་ལེའུ་གཞན་ཞིག་ལ་སླེབས། མོས་ཅི་ཞིག་བརླགས་སོང་བ་ལྟར་བར་སྣང་ལ་ཅིག་བལྟས་པ་དང་དེ་ནས་ས་གཞིར་བལྟས། དེ་ནས་མིག་བཙུམས་ནས་ཅི་ཞིག་ཡིད་ལ་བྱེད་པར་འབད། དེ་ནི་ཨ་ནི་ཀརྨ་ལ་མཚོན་ན་རྒྱུན་ལྡན་གྱི་བྱ་བ་རེད། མིག་བཙུམས་རྗེས་ཡིད་ངོར་ཤར་བ་ནི་ཉ་གང་ཟླ་བ་ལྟ་བུ་ཀོར་ཀོར་དང་ལ་ཕུག་རྙིད་པ་ལྟ་བུ་ནར་ནར། སྐབས་རེར་ལྗིད་མོ་རྡོ་འདྲ་བ་དང་མཚམས་རེར་ཡང་མོ་སྒྲོ་ལྟ་བུ། མདོར་ན་དེ་ཡིན་དང་འདི་མིན་གང་ཡང་མེད་པའི་ཉག་ཉོག་མང་པོ་འཚང་ག་བརྒྱབ་ནས་འོངས།
“ཤུཤུཤུའུ་་་་་་་” ཨ་ནི་ཀརྨས་དངན་པ་རིང་མོ་ཞིག་འཐེན་ཞིང་ངལ་ཅུང་ཟད་སོས་པ་ལྟར་གྱུར་པ་ན། ཡར་ལངས་ཏེ་སྒོ་རྩར་སོང་ནས་གློག་སྦར། སླར་ཡང་ཉལ་ཁྲིའི་སྟེང་དུ་བསྡད་ནས་མདུན་གྱི་རྩིག་ངོར་བཀལ་བའི་སྒྲོལ་མའི་ཞལ་ཐང་ལ་མིག་བགྲད་ནས་ཡུན་རིང་ཅེར། “རྗེ་བཙུན་སྒྲོལ་མ་མཁྱེན་ནོ།། གུ་རུ་རིན་པོ་ཆེ་མཁྱེན་ནོ།། རྩ་བའི་བླ་མ་མཁྱེན་ནོ།།” མོས་རྒྱུན་ལྡན་གྱི་ཁ་འདོན་སྐྱོར་བཞིན་ཡར་ལངས་ནས་གློག་བསད་རྗེས། ཞི་མིས་ཙི་ཙི་ལ་སྒུག་པ་ལྟར་མུན་པའི་ཁྲོད་ནས་ཁ་རོག་གེར། ཁུ་སིམ་མེར་བར་སྣང་གི་སྐར་ཚོགས་དང་ས་གཞིའི་གློག་སྒྲོན་ལ་རེས་མོས་སུ་བལྟས། མོ་རང་ཤི་བ་པུ་རིའི་རི་སྐེད་ན་བསྡད་ཡོད་པས། ས་གཞི་དང་བར་སྣང་གཉིས་ཀ་དུས་གཅིག་ཏུ་མིག་ནང་ལ་བསྡུ་ཐུབ།
“རྗེ་བཙུན་མ་མཁྱེནནནནནནན་་་་་ ཨ་མ་སྒྲོལ་མ་མཁྱེནནནནནནནན་་་་” ད་ནི་ཨ་ནི་ཀརྨས་སྐར་ཚོགས་མི་མཐོང་ལ་གློག་སྒྲོན་ཡང་མི་མཐོང་། མོས་མཐོང་བ་ནི་ལྷ་ཚོགས་རེད། བར་སྣང་དང་ས་གཞི་ཐམས་ཅད་ལྷ་ཚོགས་ཀྱིས་ཕྱུར་བུར་གཏམས་པར་མཐོང་བས། འཇིག་རྟེན་འདིའི་མི་ལ་ཞེན་པ་གཏིང་ནས་ལོག་པ་ལ་ཁག་ཅི་ཡོད། ཞེན་ལོག་དེ་རྩ་བ་ཚུགས་པར་མ་ཟད་ཡལ་ག་དང་ལོ་འདབ་རྒྱས་ཡོད་པས། མོས་མི་ལ་མིག་གིས་མི་ལྟ་ལ་མི་སྐད་གོ་ན་སྙིང་རླུང་ལྡང་། ‘མིས་གང་བྱེད། ཁྲམ་པ། ཇག་པ། ལག་དམར། སྡུག་རིགས་ངན་ཚད་བྱེད་མཁན་ཚང་མ་མི་མ་རེད་དམ། ང་མི་ལ་ཞེན་པ་གཏིང་ནས་ལོག་སོང་།’ འདི་ནི་ཨ་ནི་ཀརྨའི་་ཡིད་ལ་འཇགས་ཤིང་ངག་ནས་སྐྱོར་ལ། མི་ལ་ཐུག་ན་ཐེངས་དང་པོར་ཁ་ནས་ཚིག་འདི་ཐོན་ཡོང་།
“ཤུཤུཤུ་་་་་་་་་་་་”་དུས་ཚོད་ག་ཚད་ལོན་ཡོད་པ་མོ་རང་གིས་ཀྱིས་ཀྱང་མ་ཤེས། ནམ་གུང་ལོན་མེད་དམ། མོས་ཤེས་པ་ནི་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པའི་ལྷ་ཚོགས་མོའི་མིག་མདུན་ནས་ཡལ་ཟིན་པ་དེ་རེད། དེ་བས་མོས་ཉལ་ཕྱག་བཙལ་ཏེ་བདེ་བར་ཉལ།མིག་ལམ་དུ་མེད་རུང་ཡིད་ངོ་ན་ད་དུང་ཡང་ལྷ་ཚོགས་ཁྲ་ཐིང་ངེ་། གསལ་ལྷང་ངེར་གནས་འདུག་པས་རྨི་ལམ་དུ་ཡང་ལྷ་ཚོགས་མཇལ་བར་ཐེ་ཚོམ་ག་ལ་ཡོད།
འཇའ་ཚོན་སྣ་ལྔ་འཁྲིགས་པའི་དབུས་སུ་གུ་རུ་ཡབ་ཡུམ་ཡིན་ངེས་པ་ལྟ་བུ་ཞིག་གིས་མོ་ལ་སྤྱན་ཟུར་གྱིས་གཟིགས་ཙམ་གནང་བ་དང་། དེ་མ་ཐག་སྐུ་རྒྱབ་བསྟན་ཅིང་དེ་ཡང་དེ་མ་ཉིད་དུ་མི་སྣང་བར་གྱུར། གློ་བུར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་པའི་ཀློང་ནས་གནམ་གྱི་དུམ་བུ་ཞིག་མར་ཟགས་ནས་མོའི་སྟེང་ལ་ལྷུང་བ་དང་། དོན་ལྔ་པོ་ཁ་ནས་སྐྱུག་ལ་ཁད་དང་། སྣོད་དྲུག་པོ་རྐུབ་ནས་བཤལ་ལ་ཁད་ཅིག་བྱུང་བའི་མོད་ལ། ཨ་ནི་ཀརྨའི་ཁ་ནས་ཉམ་ཐག་པའི་ཨག་སྐད་རིང་མོ་ཞིག་ཤོར། ཨག་རིང་དེས་ཨ་ནི་རང་ཉིད་གཉིད་ལས་བསླངས་པར་མ་ཟད། ནགས་ཁྲོད་ཀྱི་བྱ་ཚོགས་ཀྱང་དཀྲོགས་པ་འདྲ་སྟེ། གཉིད་སད་སྐབས་རང་ཉིད་མལ་ས་རུ་སྐྱོན་ཆག་མེད་པར་ཉལ་ཡོད་པ་ཐོག་མར་ཚོར་བ་དང་། དེ་ནས་བྱ་ཚོགས་ཀྱིས་རྒྱུན་ལྡན་མ་ཡིན་པའི་སྐད་ཅོར་སྒྲོག་གིན་ཡོད་པ་ཐོས། ཨ་ནི་ཀརྨའི་སེམས་ལ་རྣམ་རྟོག་རྨི་ལམ་ནང་གི་སྤྲིན་ནག་ལས་ཀྱང་སྟུག་པ་ཞིག་ལངས། དེ་མ་ཐག་ཡར་ལངས་ནས་ཕྱག་གསུམ་འཚལ་བ་དང་། སྒོའི་ཕྱོགས་སུ་མཆིལ་ཞགས་ལན་འགའ་གཡུགས་ནས་ཟློག་པ་འགའ་བརྒྱབ་ཅིང་། མགོ་བོ་གཟན་གྱིས་བཏུམས་ནས་སྡོད་ནུས་ཚད་ཅིག་ལ་བསྡད། དེ་ནི་སྟོང་པ་ཉིད་ཡིད་ལ་བྱེད་པ་ཡིན་པར་བརླམས། “སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། ་་་་་་་་་་ ཁ་མེད། སྣ་མེད། མིག་མེད། ་་་་་་་་་་” རང་ཚིག་དང་མདོ་ཚིག་འདྲེས་མའི་ཁ་འདོན་ཚར་རྗེས། བར་ཆད་ཐམས་ཅད་བཟློགས་ཟིན་པའི་ཡིད་ཆེས་བྱས།
ནགས་གསེང་ལ་ཕྱིན་ནས་ཆབ་བསང་བཏང་སྟེ་ཕྱིར་མཚམས་ཁང་ནང་ལ་ལོག་ཡོང་སྐབས། ཙི་ཙི་འགའ་སྒོ་འགྲམ་དུ་ཕར་རྒྱུགས་ཚུར་རྒྱུགས་བྱེད་ཀིན་ཡོད་པ་མཐོང་བས། ཨ་ནི་ཀརྨའི་ཡིད་ཀྱི་རྣམ་རྟོག་ནི་མེ་སྟག་ཕྲ་མོ་ཞིག་ས་སྣུམ་དང་འཕྲད་པ་ལྟར། དེ་མ་ཐག་རི་བོ་ཤི་བ་པུ་རིའི་གཏོས་ལས་ཀྱང་དཔངས་མཐོ་བར་གྱུར། རྣམ་རྟོག་དེ་སྐད་ཅིག་ཉིད་ལ་ཁོང་ཁྲོའི་ངོ་བོར་གནས་གྱུར་ནས་ཁོང་ཁྲོ་ཁོག་ལ་མི་ཤོང་བ་ཙམ་གྱིས་ཡར་བཀྱགས་ནས་བྱུང་བས། ‘ཙི་ཙི་འདི་ཚོ་བསད་བཞག་ན་ང་གཞི་ནས་སོས་དལ་བོ་ཞིག་ཡོང་བ་’སྙམ་ཞིང་། མེ་ཤིང་རི་ལྟར་བརྩིགས་ཡོད་པའི་གསེབ་ནས་རྒྱུགས་པ་མོ་རང་གི་ཉྭ་རིལ་ལས་ཀྱང་སྦོམ་པ་ཞིག་བཏོན་ནས་ཤུགས་ཡོད་ཚད་བརྒྱབ་ནས་ཅིག་གཞུས་པ་ན། སྟབས་མ་ལེགས་པར་ཙི་ཙི་གཅིག་ཁྲག་ཙར་རེར་བཏང་བ་དང་འཕག་འཚག་ལན་འགའ་བརྒྱབ་རྗེས་གྲག་མེད་འགུལ་མེད་དུ་གྱུར།
ཨ་ནི་ཀརྨའི་ཉིན་རེའི་བྱ་བ་ཁོང་ཁྲོ་དང་རྣམ་རྟོག་གི་ཁྲོད་ནས་མགོ་འཛུགས་པ་རྒྱུན་ལྡན་ཡིན་རུང་། སེམས་ཅན་ཞིག་གི་ཚེ་སྲོག་ཁྲག་ལ་བརྫིས་པ་རྒྱུན་ལྡན་མིན་པས་ཁྲག་གིས་ཚོས་པའི་ཙིག་རོ་མཐོང་བ་ན། མོའི་ཡིད་ཀྱི་ཁོང་ཁྲོ་རི་བོ་ལྟ་བུ་དེ་ཞི་ནས་ཙིག་རོ་འདྲ་བའམ་དེ་ལས་ཀྱང་ཆུང་བར་གྱུར་ཅིང་། འགྱོད་པ་རི་བོ་ལྟ་བུ་ཞིག་གིས་མར་མནན་ནས་བྱུང་བས་ལུས་སེམས་གཉིས་ཀ་ལྗིད་ཏིག་གེར་གྱུར། ད་གིན་ཙི་ཙི་དེ་དག་ཆེས་ཡིད་དུ་མི་འོང་བར་མཐོང་ན་ཡང་། ད་ལྟ་དེ་ལས་ལྡོག་སྟེ་ཙི་ཙི་ལ་སྙིང་རྗེ་སྐྱེས། དེར་བརྟེན། མར་བསྡད་ནས་ཙིག་རོ་ལ་ཞིབ་ཏུ་བལྟས། མ་གཞི་མོས་བསད་པ་དེ་ནི་ཙིག་ཕྲུག་ཅིག་རེད། ‘བསོད་སྐམ་ཁྱོད། ངའི་ལག་འོག་ནས་་་་་་་་་་’ ཨ་ནི་ཀརྨས་མགོ་བོ་འཕྲེད་དུ་གཡུག་གིན་མཚམས་ཁང་ལ་འཛུལ་བ་དང་། བར་ཆད་ལམ་སེལ་དང་སྒྲོལ་བསྟོད་སོགས་ཤེས་ཚད་ནུས་ཚད་ཅིག་བསྐྱར། སྐབས་ཤིག་ལ་ལྟོགས་སྣང་ཚོར་བས་ད་གཟོད་ཞོགས་ཟས་བཟས་མེད་པ་དྲན།
ཆུ་ཚོད་ཕྱེད་ཀ་ཙམ་ལ་ཞོགས་ཟས་དང་གུང་ཟས་གཅིག་ལྕོགས་དེ་བཟོས་ཚར་ཞིང་། ཞལ་བའི་སྒང་ལ་སྐྱིལ་ཀྲུང་གོར་མོ་ཞིག་གློད་ཤིག་གེར་བཅས་ཏེ་ཟ་བར་བརྩམས། “དེ་རིང་ཡང་རྣམ་རྟོག་ལང་ངེས་དེ་ཚོ་བསྡད་མི་འདུག །རྟག་པར་རེ་བཞིན་ག་བར་འགྲོ་གི་ཡོད་ན། ངོ་ཚ་ཡ་མེད་པ་་་་་་” གློ་བུར་དུ་ཉེ་འཁོར་ན་མཚམས་པའི་མིང་ཅན་གྲྭ་ལོག་ཅིག་དང་ཇོ་མོ་ཞིག་ཡོད་པ་དེ་གཉིས་བསྡད་མེད་པ་ལ་དོ་སྣང་བྱུང་བས་ཨ་ནི་ཀརྨས་ཁེར་ལབ་ཅིག་བརྒྱབ། མ་གཞི་དེ་གཉིས་མེད་པའི་སྐབས་ནི་མོའི་བདེ་སྐྱིད་ཀྱི་དུས་སྐབས་ཡིན་མོད། ཨ་ནི་ཀརྨ་མི་ལ་ཞེན་པ་གཏིང་ནས་ལོག་རྗེས། སྙན་པར་སྨྲ་བ་ཡང་དགའ་ཉེ་སྤུན་གྲོགས་རྣམས་དང་འདྲ་བར་མོ་རང་དང་ཁ་བྲལ་ནས་རྒྱང་རིང་རྒྱང་རིང་དུ་ཆས་ཟིན།
གུང་ཟས་བཟས་ཚར་བ་ན་རྒྱབ་མལ་ཁྲི་ལ་བསྙེས་ནས་སྡོད་རྒྱུ་ནི་ཨ་ནི་ཀརྨའི་གོམས་གཤིས་རེད། སྐབས་རེར་ཆུ་ཚོད་འགར་ཡང་སྡོད་སྲིད། མཚམས་རེར་སྐར་མ་འགའ་ལས་མི་སྡོད། དེ་ནི་མོའི་སེམས་ཁམས་ལ་རག་ལས་པ་རེད། ཐོ་རངས་ཀྱི་རྨི་ལམ་དེའི་ཤུགས་རྐྱེན་ད་དུང་ཉམས་མེད་པས་སྙིང་ན་བའི་སྣང་བ་ཡང་ད་དུང་ཡལ་མེད།
དེར་བརྟེན། ཨ་ནི་ཀརྨ་ཡར་ལང་མི་འདོད་པར་མུ་མཐུད་ནས་དེ་གའི་ངང་ལ་སྡོད་སྙིང་འདོད། སྐབས་ཤིག་ལ་རྐང་པ་གཉིས་ཀ་མདུན་དུ་བརྐྱངས་ཤིང་ལག་པ་གཉིས་ཀ་གཡས་གཡོན་གྱི་མལ་ཁྲིའི་ཟུར་ལ་གཡུགས་པ་ལྟར་བཞག་ནས་ཅི་དགར་བསྡད་པས། གཉིད་ཅོག་བརྒྱབ། དེ་ཙམ་ན་འུར་སྒྲ་ཆེན་པོ་ཞིག་བྱུང་བས། ཨ་ནི་ཀརྨ་གྲུང་རིག་རིག་ཆགས། འུར་སྒྲ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། ‘འདི་ག་རེ་ཡིན་ནམ།’ “ཙག་ཙག་ཙག་་་་་” བསམ་ལོང་དྲན་ལོང་མ་བྱུང་བར་ལྡིར་སྒྲ་དང་ཚག་སྒྲས་རྣ་བ་འོན་སྙམ་བྱས་པ་དང་། དེ་དང་ཆབས་ཅིག །མོའི་རྒྱབ་ལོགས་ཀྱི་མལ་ཁྲི་དང་། གཡོན་ཕྱོགས་ཀྱི་མཆོད་གཤོམ། མདུན་གྱི་དཀར་ཡོལ་དང་ཐུར་མ་སོགས་འགུལ་བ་མ་ཟད། མགོ་ཐོག་གི་ཁང་པ་དང་། རྐུབ་འོག་གི་ཞལ་བ་ཡང་ཡོམ་ཡོམ་དུ་འགུལ་བྱུང་བས་ད་གཟོད་ས་ཡོམ་བྱུང་བ་ཤེས།
“གུ་རུ་རིན་པོ་་་་་ཇོ་བོ་རིན་པོ་་་་་་་་རྗེ་བཙུན་་་་་་་་་ ཨ་མམམམམམམམམམ” ཨ་ནི་ཀརྨ་རྟབ་རྟབ་པོར་གྱུར་ཅིང་ངག་ནས་ཅི་ཞིག་བརྗོད་དགོས་པ་དང་རྗོད་ཀྱིན་པའང་མ་ཤེས་པའི་ཚད་ལ་སླེབས། སྐྱབས་སུ་འགྲོ་ས་དང་རེ་བ་རྒྱག་ས་སུ་ཡིན་ཡང་མ་ཤེས་པའི་ཚད་ལ་ལྷུང་། ཐ་ན་ཡར་ལངས་ནས་འབྲོས་པའམ། མར་ཉལ་ནས་མལ་ཁྲིའི་འོག་ལ་འཛུལ་བ་གང་དགའ་ཡང་མ་ཤེས་པར་འཐོམ་མེར་ལུས། “ཚགགགགགགག་་་་་་་་་་ལྡིརརརརརརརརར་་་་་་་་་་་་་” ཚག་སྒྲ་དང་ལྡིར་སྒྲ་ཤིན་ཏུ་དྲག་པོ་ཞིག་དང་ལྷན་ཅིག་གནམ་ས་གཉིས་ཁ་བརྡབས་པ་ལྟར་གཡོས་པ་དང་དེ་ནས་ཡོད་ཚད་ནག་འཐོམ་མེར་སོང་།
“འུརརརརརར་་་་་་་་་་ ལྡིརརརརརརརར་་་་་་” འུར་ལྡིར་གྱི་སྒྲ་སྐྱི་གཡའ་བའི་ཁྲོད་ནས་ཨ་ནི་ཀརྨའི་མིག་གཉིས་པོ་ག་ལེར་འགུལ་སྐྱོད་བྱས་ཤིང་། ལྗིད་གོག་ཧ་ཅང་ཆེ་བའི་དངོས་པོ་ཞིག་གིས་མོ་རང་ས་གཞི་ལ་སྦྱར་བ་ནང་བཞིན་མནན་ཡོད་པ་ཚོར། ཨ་ནི་ཀརྨས་མིག་རྡེབ་རྡེབ་ལན་འགའ་བྱས་ནས་ཞིབ་ཏུ་བལྟས་པའི་ཚེ། མོའི་སྡོད་ཁང་ཉིལ་ཡོད་པར་མ་ཟད། གདུང་མ་དང་དྲབ་མ་རྣམས་མོའི་སྟེང་དུ་ལྷུངས་ནས་མོ་རང་འགུལ་སྐྱོད་བྱེད་མི་ཐུབ་པར་ལུས་ཡོད་པ་ཚོར། ད་དུང་རིག་པ་ཆེར་བསྒྲིམས་པ་ན། མོའི་ལུས་སྨད་ཧྲིལ་བོ་ཉལ་ཁྲི་དང་གདུང་མའི་བར་དུ་བཙིར་འདུག་པས་ཤུགས་བརྒྱབ་ནས་འཕག་འཚག་རྒྱག་བསམས་རུང་རྒྱག་ས་མི་འགྲོ་བར་འདུག །སྟབས་ཡག་ནས་ལག་པ་གཉིས་འགུལ་ཐུབ་ཙམ་ཡོད་པས། མོས་ཤུགས་བརྒྱབ་ནས་གདུང་མ་འབུད་རྒྱག་བཏང་རུང་། གདུང་མ་དེ་ནི་རྡོ་ཕ་བོང་ནང་བཞིན་ལྗིད་གོག་ཚ་བོ་ཡོད་པ་ཤེས། དེ་བས་མོས་སྐྱོབ་མཁན་ཞིག་མེད་ན་རང་ཉིད་འཕག་འཚག་བརྒྱབ་ནས་ཐར་ཐབས་མེད་པ་ཚོར། “ཨ་མ་སྒྲོལ་མ་མཁྱེནནནནནན་་་་་་་ གུ་རུ་རིན་པོ་ཆེ་མཁྱེནནནནནན་་་་་་་ རྒྱལ་བ་ཀརྨ་པ་མཁྱེན་ནོནོནོནོ་་་་་་་་་ རྩ་བའི་བླ་མ་མཁྱེནནནནནནན་་་་་་” ཨ་ནི་ཀརྨའི་ཡིད་ལ་དད་པའི་གདུང་ཤུགས་སྔར་སྐྱེས་མ་མྱོང་བ་ཞིག་སྐྱེས་པའི་མོད་ལ། ཁ་ནས་འོ་དོད་དབང་མེད་དུ་ཤོར། འོ་དོད་འབོད་ཀྱིན་འབོད་ཀྱིན་ལྷ་ལ་རེ་ལྟོས་བྱས། “ཨ་མ་སྒྲོལ་མམམམམམ་་་་་་་་་རྩ་བའི་བླ་མམམམམམ་་་་་་་་མཁྱེན་ནོ་མཁྱེན་ནོནོནོ་་་་་་་་་་”
ས་འགུལ་རྒྱུགས་ནས་ཆུ་ཚོད་ག་ཚད་ཕྱིན་པ་མ་ཤེས་ཀྱང་། རྩིག་པ་ཞིག་རོའི་བར་གསེང་ནས་འོངས་པའི་འོད་སྣང་ཇེ་ཆུང་དུ་འགྲོ་བཞིན་པར་བལྟས་ན་ས་རུབ་ལ་ཉེ་བ་གསལ་བོ་རེད། ཨ་ནི་ཀརྨས་མིག་བཙུམས་ནས་ལྷ་ཚོགས་ཡིད་ལ་བྱ་ཐབས་བྱས་པ་དང་། མིག་བགྲད་ནས་ཡང་དེ་ལྟར་བྱས། ངུ་བཞིན་དུ་ཡང་བྱས། ཡིན་ནའང་། མོའི་མིག་གིས་མཐོང་བ་ནི་ནག་ཁུང་མུན་པའི་མདོག་ཙམ་རེད། དེ་ལས་གཞན་པ་ཅི་ཡང་མ་མཐོང་། འོན་ཀྱང་། མོ་རང་ད་དུང་དད་པ་ཧ་ཅང་བརྟན་པོ་ཡིན་པས། གསོལ་འདེབས་སྣ་ཚོགས་བྱས། ཡང་དང་ཡང་དུ་བྱས།
“ཨ་མམམམམམ་་་་་་་་་་་ བླ་མམམམམམ་་་་་་་་ ཨ་མམམམམམམམ་་་་་་་་་ ཨུམམམམམ་་་ ་་་” ད་ནི་ཨ་ནི་ཀརྨའི་སྐད་གདངས་ཇེ་གཉོམ་ལ་སོང་ཡོད་པ་དང་། ངུ་སྐད་ཀྱང་འཆོར་བཞིན་འདུག །ཡིན་ནའང་། སེམས་ཤུགས་ཆག་མེད་དེ། སྔ་འཕྱིས་མ་གཏོགས་ལྷས་བསྐྱབ་ཀྱི་རེད་སྙམ།
“ཨ་་་་་་མ་་་་་་་སྒྲོལལལལལ་་་་་མམམམ་་་་་་་་་་་” ཨ་ནི་ཀརྨ་དངོས་གནས་ཉམ་ཐག་ཅིང་ཡིད་མུག་པ་ཞིག་ཆགས་འདུག །ད་དུང་ལྷ་དང་བླ་མར་དད་པ་དང་མོས་གུས་མ་ཉམས་པར་གསོལ་འདེབས་བྱེད་ཀྱིན་ཡོད། འོན་ཀྱང་། ཁ་བསྐམས་ནས་མིད་པ་འགག་ལ་ཉེ་བར་མ་ཟད། ལུས་ཀྱི་ཤུགས་ཉམས་དང་ཉམས་བཞིན་ཡོད་པས། བར་ཆད་ལམ་སེལ་སྐྱོར་མི་ཐུབ་ལ། སྒྲོལ་མ་ཡང་འདོན་མི་ནུས། དེ་ནི་མོའི་སེམས་ཀྱི་དཀའ་སྡུག་གི་སྣོན་མ་རེད། ད་དུང་སྐར་ཚོགས་མཐོང་མི་ཐུབ་ལ། གློག་སྒྲོན་ཡང་མེད་པས་ལྷ་ཚོགས་ཡིད་ལ་བྱེད་པར་འགོག་རྐྱེན་ཧ་ཅང་ཆེན་པོ་འཕྲད། དེ་བས་མོས་ནམ་མྱུར་དུ་ལངས་ན་དགའ་བ་ལ་ཨང་སྙམ་ཞིང་ནམ་ལང་བར་རེ་སྒུག་བྱས།
མུན་ནག་གི་སྣང་བ་ག་ལེར་ཡལ་བ་དང་རྩིག་གསེབ་ནས་འོད་སྣང་འཆི་ལ་ཉེ་བའི་མི་ཞིག་གི་མིག་མདངས་འདྲ་བ་ཞིག་ཨ་ནི་ཀརྨའི་མིག་མདུན་དུ་མངོན། མོའི་ལུས་སྟེང་ན་སྔོ་སྐྱ་རུ་གྱུར་པའི་མིག་གཉིས་པོ་དང་ཁ་ཤ་འགུལ་ཙམ་བྱེད་པ་དེ་མ་གཏོགས་མི་གསོན་པོ་ཡིན་པའི་དཔང་རྟགས་གཏན་ནས་ལྷག་མི་འདུག །འོན་ཀྱང་། རྣམ་རིག་ཧ་ཅང་གསལ་བོ་ཡིན་ཏེ། འཁྱགས་ལྟོགས་ཀྱི་གདུང་བ་དྲག་པོ་ཚོར་བར་མ་ཟད། དབུགས་ཀྱི་རྒྱུ་བ་རེ་རེ་དང་མཉམ་དུ་ཞོགས་པའི་བསིལ་བའི་རེག་པ་ཇེ་ཆུང་དང་ཚ་བའི་རེག་པ་ཇེ་ཆེར་འགྱུར་བཞིན་པ་ཚོར།
“ཆུ་་་་་་་་་” གློ་བུར་དུ་སྐོམ་པའི་གདུང་བ་དྲག་པོ་ཞིག་སྐྱེས་པས་མོའི་ཡིད་ལ་ཆུ་དྲན་པ་དང་། དྲན་པའི་མོད་ལ་དྲི་ཆུ་ཐིགས་པ་འགའ་སྨད་གོས་ནང་དུ་ཤོར། ‘ཨ་ཁ་ཁ་་་་ ‘ དྲི་ཆུ་སྨད་གོས་ནང་དུ་ཤོར་བ་དེར་ཕངས་སེམས་དྲག་པོ་ཞིག་སྐྱེས། ལག་པ་གཡས་པ་རྐྱོང་ཐུབ་ཚད་ཅིག་བརྐྱངས་ནས་རློན་པ་ཡོད་ས་དེར་རེག་ཙམ་བྱས་པ་དང་དེ་ནས་མཛུབ་མོར་ལྕེ་ལྡག་ཅིག་བྱས། མོས་རང་ཉིད་ཀྱི་དྲི་ཆུ་ནི་དེ་འདྲའི་ཞིམ་པོ་ཞིག་ཡིན་པ་ནམ་ཡང་བསམས་མ་མྱོང་།
ལྕགས་ཤོག་ཆག་རོ་དང་རྩིག་པ་ཞིག་རོའི་བར་གསེང་ནས་འོངས་པའི་འོད་སྣང་རིམ་གྱིས་ཡལ་བ་ན། ཨ་ནི་ཀརྨས་མུན་པ་མཐུག་པོས་སླར་ཡང་འཇིག་རྟེན་ཡོངས་སུ་གཡོགས་པ་ཤེས། “ངས་སྡུག་པོ་མྱོང་བའི་སྐབས་ལ་ལྷ་དེ་ཚོ་མཐོང་ཡ་མེད་པ་གང་ཡིན་ནམ།’ རེ་བ་ཡོད་ཚད་ལྷ་ལ་བཅོལ་བའི་ཨ་ནི་ཀརྨའི་ཡིད་ལ་ལྷ་ལ་ཐེ་ཚོམ་སྐྱེ་བའི་དུས་སྐབས་དང་པོ་དེ་ཤར། སྐྱབས་མེད་མགོན་མེད་ཀྱི་མཚན་མོ་ནི་ཅི་འདྲའི་རིང་པོ་ཞིག་རེད་ཨང་། ཨ་ནི་ཀརྨའི་སེམས་པ་ཉ་མོ་སྐམ་ལ་བཏོན་པ་ལྟར་སྡུག་བསྔལ་ཤིན་ཏུ་དྲག་པོས་གཟིར་ཞིང་། ལྷ་ལ་རེ་ལྟོས་དེ་ཙམ་བྱས་ཀྱང་མཐོང་རྒྱུ་ཐོས་རྒྱུ་ཅི་ཡང་མེད་པ་ལ་འཁང་སེམས་ནར་མར་སྐྱེས། ‘དགོས་དུས་ཕན་ཐོགས་མཁན་ཅིག་ལྟ་ཁྱོད་ཚོ་ཡང་རེད་མི་འདུག་ཨང་།” མོའི་ཡིད་ལ་དེ་ལྟར་དྲན་ཞིང་ལོ་མང་པོའི་རིང་ལ། མི་ལ་རྒྱབ་བསྟན་ནས་ལྷ་ལ་རེ་ལྟོས་བྱས་པ་ལ་འགྱོད་པ་གཏིང་ནས་སྐྱེས།
“ད་ང་འདི་ལྟར་འཆི་བ་ལས་ཐབས་གཞན་མེད་པ་ཡིན་ནམ།” ཨ་ནི་ཀརྨས་རང་ཉིད་ལ་དྲི་བ་འདི་འདྲ་ཞིག་བཏོན་པ་ཐེངས་དང་པོ་ཡིན། སྔོན་ཆད་འཆི་བ་ལ་དེ་ཙམ་མི་སྐྲག་མོད། ད་ནི་ཧ་ཅང་སྐྲག །འཆི་བ་ལ་སྐྲག་པའི་སྣང་བ་ཇེ་ཆེར་གྱུར་པ་དང་ཆབས་ཅིག །མི་ཡུལ་ལ་དུང་ཞེན་ཆེ་རུ་གྱུར། མི་ཡུལ་ནི་མི་རྣམས་འཚོ་གནས་བྱེད་ས་ཉག་གཅིག་ཡིན་པ་ལ་ངེས་ཤེས་རྙེད། དེ་ཙམ་ན་མིག་ཆུ་ཐིགས་པ་འགའ་ཇི་ལྟར་ཤོར་བའང་མ་ཤེས་པར། མིག་ཀོང་ནས་ཤོར་ཏེ་ག་ལེར་གཡས་གཡོན་གྱི་རྣ་ལྟག་ནས་སྐྲ་གསེང་དུ་བབས། མོས་ལག་པ་གཉིས་ཀས་མིག་ཆུ་སྐྱོར་ནས་ཁའི་ནང་ལ་འབབ་པར་ཐབས་ཤེས་བྱས་རུང་། དོན་མེད་དུ་སོང་བས་མཐར་མཛུབ་མོར་ལྡག་ཙམ་བྱས།
ལྷ་ལ་རེ་ཐག་ཆད་རྗེས། རེ་ས་སུ་ཡང་མེད་ཅིང་ཡིད་ལ་འཆར་རྒྱུ་ཆུ་ཙམ་རེད། འོན་ཀྱང་། ཆུ་བར་སྣང་ནས་འཕུར་ཏེ་འོངས་ནས་མོའི་ཁའི་ནང་དུ་འབབ་པའི་རེ་བ་མེད་པས་སྐྱབས་གནས་གཞན་ཞིག་ལ་སེམས་ཕྱོགས། དེ་ཙམ་ན་ཉེ་འཁོར་གྱི་མཚམས་པ་ཕོ་མོ་གཉིས་དྲན། ‘དགོས་དུས་བུ་མེད། སྦོ་དུས་ཕྱེན་མེད། ‘ཁོང་’གཉིས་ཡང་མི་འདུག་ཨང་། སྟབས་ཉེས་ནས་་་་་’ ཨ་ནི་ཀརྨའི་སེམས་ལ་དེ་ལྟར་དྲན་ཞིང་རེ་ལྟོས་ཀྱི་འདུན་པ་དང་ངོ་ཚ་བའི་སྣང་བ་འདྲེས་མ་ཞིག་སྐྱེས།
ཨ་ནི་ཀརྨ་རང་ཉིད་ཚེ་འདི་ཕྱི་གཉིས་ཀྱི་གང་ན་ཡོད་པ་ལ་ཐེ་ཚོམ་སྐྱེས། རྣམ་རིག་བསྒྲིམས་པ་ན། དབུགས་ཀྱི་རྒྱུ་བ་ད་དུང་ཆད་མེད་པ་སྙིང་ཁའི་འཕར་ལྡིང་གིས་བདེན་དཔང་བྱས་པས། མོའི་སེམས་ཀྱི་རེ་བ་རྟ་རྔ་ཙམ་པ་དེ་ལ་སླར་ཡང་གསོན་ཤུགས་རྒྱས་ཤིང་གང་འཚམས་ནས་”མི་སྐད”གྲག་བཞིན་པ་ཡང་ཚོར།
བརྩམས་སྒྲུང་སྙན་མོ་འདུག འོན་ཀྱང་ཨ་ནེ་ཀརྨ་རྒན་ཆོས་བྱས་པའི་ཚོར་བ་ཞིག་སྤྲད་ཀྱིས་འདུག ལྷ་ཚོགས་ཀྱི་སྣང་བ་འཆར་ལུགས་བཀོད་འདུག་ཀྱང་། རྩོམ་སྒྲུང་བབས་ས་མཐར་ཨ་ནེ་ཀརྨ་ལ་སེམས་ཁྲིད་ཉམས་ལེན་ཐག་ཆོད་པ་ཞིག་མེད་པའམ་ཉམས་ལེན་གནད་གཅིག་ལ་གཏད་སོ
མེད་པ་ཞིག་འདྲ་འདུག མི་སུ་གཅིག་ལ་ཁ་བརྡ་མི་བཟོ་སྙིང་མི་འདོད་བསམ་པ་དེས། འཁོར་བ་ངེས་འབྱུང་སྐྱོ་ཤས་ཡིན་པ་རྟོགས་ཐཡབ་མི་འདུག་དེ་ནི་ཞེ་སྡང་ངམ་ཕྲག་དོག་ཆེ་བའི་རྣམ་པ་ཞིག་ཚོར་གྱིས་འདུག
བཤད་ཡུལ་ཨ་ནི་ཀརྨ་ལ་གཏད་འདུག་ཀྱང་དོན་ངོ་མ་དགེ་འདུན་བསྟན་འཛིན་རང་གིས་བྱ་སྤྱོད་ལ་དམིགས་འདུག་སྙམ།
བརྩམས་སྒྲུང་སྙན་པོ་ཀློག་སྤྲོ་བོ་ཞིག་བྲིས་འདུག མདོར་བསྡུས་ན། དད་ཞེན་གྱིས་བཟི་བའི་ཆོས་པ་ཚོའི་སྐྱབས་རེ་ཉག་གཅིག་གི་ལྷ་ཚོགས་ཀྱིས་ཀྱང་། དད་ལྡན་པ་ཚོར་དགོས་གལ་གནད་འགག་གི་སྐབས་དང་། འ་ཆད་འུ་ཐུག་གི་སྐབས་སུ་རོགས་དན་ཅི་ཡང་གནང་མི་ཐུབ་པ་དེ་ཤུགས་བསྟན་གཙོ་བོ་བྱས་འདུག་ག་་་
སྒྲུང་གི་གཞུག་གུ་ཚར་མེད་པའི་བཟོ་ཞིག་འདུག མ་གཞི་ནས་དགེ་འདུན་བསྟན་འཛིན་ལ་ཨ་ནེ་ཀརྨའི་སྐོར་ལ་རྒྱུས་ཆེན་པོ་དེ་འདྲ་ཡོད་སྟངས་ལ་ལྟས་ན།། མཐར་ཨ་ནེ་ཀརྨ་དང་ཁོང་རང་གཉིས་གུ་རུ་ཡབ་ཡུམ་གྱི་ངོ་བོར་གྱུར་སོང་བའི་བཟོ་ཞིག་འདུག
བཀུར་འོས་པའི་ཁ་བརྡ་དྲ་བ་ཚང་ནས་ཁོ་བོ་ནང་འཇུག་ཡོང་བར་ཞུ།
སྟོན་པ་གཤེན་པོ་རབས་སྐྱིད་པོ་བྱས་ནས་བཞུགས་འདོད་ན། གུ་རུ་ཡབ་ཡུམ་ལ་བསྙོན་འཛུགས་རྒྱུ་དེ་བཞག་ན་དགའ་ཡོང། བཤད་རྒྱུ་ཆུ་ལས་རིང་བ་ཞིག་ཡོང་ན་ཅི་དགའ་མི་ཡོང་ད།
རྣམ་པ་ཚོས་ངའི་རྩོམ་འཁྱོག་འདི་སྣང་མེད་དུ་མ་བཞག་པར་མཆན་བཏབ་པ་ལ་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུ། ངས་བརྗོད་འདོད་པ་ནི་ཉམས་ལེན་པ་རྣལ་མ་ཞིག་གིས་གུ་རུ་རིན་པོ་ཆེ་ལ་སོགས་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྒྱུད་ཁུག་པ་ལས། ཉེ་རིང་ཆགས་སྡང་གི་བྲན་དུ་གྱུར་པ་དག་ལ་དེའི་སྐལ་བ་མེད་པ་དང་། མཐར་གཏུགས་ན་འཇིག་རྟེན་འདིར་རེ་ས་མི་ལས་ལྷག་སུ་ཡང་མེད་པ་དེ་ཡིན།
ང་ནི་ཆོས་མིན་སྲིད་མིན་གྱི་ཉོག་གཏམ་དག་ལས་བརྩམས་སྒྲུངའདི་མོ་ཀློག་རྒྱུ་བྱུང་བ་དགའ། ཨ་ནེ་ཀརྨའི་སེམས་ཁམས་ཀྱི་འཕོ་འགྱུར་དང་འབྲེལ་བའི་འཇིག་རྟེན་གྱི་ངོས་ཟིན་དེས་དོན་དམ་དུ་ང་ཚོས་་་ནམ་རྒྱུན་ལྟོ་འགྲངས་ཉི་མས་དྲོས་ཚེ་་ཆོས་པའི་གཟུགས་་་རྐྱེན་ངན་ཐོག་ཏུ་བབ་ན་ཐ་མལ་བ་་་ཞེས་པའི་བཤད་པ་དེ་་མི་སྣ་བྱེ་བྲག་པ་ཞིག་གི་སྣང་བརྙན་བརྒྱུད་ནས་བཞེངས་འདུག་པ་ལེགས་པའི་ཆ་རེད།
ཨ་ནེའི་རྨི་ལམ་གྱི་ཀློང་ནས་་ལྷའི་འཇིག་རྟེན་དུ་བསླེབས་པ་ལས་འཚོ་བ་དངོས་ཀྱི་ཐོག་ནས་ཁྱིམ་མཚེས་དང་ཐ་ན་་ཙི་ཙི་ཙམ་ལའང་བཟོད་སྒོམ་དང་བསམ་ཤེས་མེད་པའི་འཚོ་བའི་ངོ་བོ་དང་འཚོ་སྟངས་ཀྱི་འགལ་འཛོལ་འདི་ལྟ་བུ་བརྩམས་སྒྲུང་གི་བརྗོད་སྙིང་གི་དཀྱིལ་དུ་བཅུགས་ཐུབ་པ་དེ་རྩོམ་རྩལ་ལེགས་པའི་གྲས་སུ་བཞག་ཆོག་པ་རེད།
གང་ལྟར་རྩོམ་གྱི་བརྗོད་སྙིང་དང་མཚོན་ཐབས་གཉིས་ཐད་ལས་ལེགས་ཆ་མང་། བརྩམས་སྒྲུང་རིག་པའི་ཐད་ནས་བཤད་ན་་་སྐྱོན་ཆའང་སྐོར་རེ་འདུག་པས་མུ་མཐུད་འབྲི་སྦྱང་ལ་འབད་པར་བྱ།
བརྩམས་སྒྲུང་ཀློག་མི་ཤེས་པའི་མི་དག་གིས་་མཆན་ཉོག་རྒྱག་གིན་པ་ནི་ངོ་ཚ་མ་ཤེས་པ་རེད་རེད།
བསྟན་འཛིན་བྱམས་ཆེན་ལགས། ངས་རིགས་པའི་གཞུང་ལུགས་ཀྱི་ཐད་ནས་ཅི་ཡང་མི་ཤེས། འབྲི་དགའ་ཆེ་བ་ཙམ་ཡིན། ཉིད་ཀྱིས་སྐྱོན་ཆའི་ཕྱོགས་ནས་ཅུང་ཟད་གླེང་ན་བདག་ལ་ཕན་ངེས་པར་སྣང་བར་དེ་ལྟར་གནང་འཚལ།
འདི་འདྲའི་བརྩམས་སྒྲུང་ཡག་པོ་ཞིག་མ་མཐོང་བར་ལོ་མང་ཡིན། ཐུགས་རྗེ་ཆེ། ང་རང་ཉིད་ཀྱི་འཇོན་ཐང་དང་བསྡུར་ནས་བཤད་ན་རྩོམ་རབ་ཅིག་རེར་ཟེར་རྒྱུ་ཡིན།