གངས་དཀར་སེམས།
གུས་མོའི་མིང་ལ་ཚེ་རིང་གཡང་འཛོམས་ཟེར་ཞིང་། ང་ཆུང་དུས་ཕ་ཡུལ་བོད་ནས་ཇོ་མོ་བཟོས་བཞག་པ་ཞིག་ཆགས་ཀྱི་ཡོད། ངའི་ཕ་མ་གཉིས་ལ་ཕྲུ་གུ་ལྔ་ཡོད་པའི་ནང་ང་རང་ཨང་གསུམ་པ་དེ་ཡིན། ངའི་གཅེན་པོས་ནང་གི་ཁྱིམ་ཐབ་བཟུང་བ་དང་། གཅེན་མོ་མནའ་མར་སོང་། གཅུང་པོ་དེ་རྗེས་གྲྭ་པ་བྱས། ཐ་ཆུང་གཅུང་མོ་དེ་སློབ་གྲྭར་བཏང་ཡོད་པ་རེད།
ངའི་དྲན་ཡུལ་ལྟར་ན་དེ་སྔོན་ངའི་ཕ་མ་གཉིས་ནས་ང་ཇོ་མོ་བཟོས་པར་དགའ་ཚོར་དེ་ཙམ་གནང་མྱོངས་མེད་མོད། དེ་རྗེས་ངའི་གཅུང་པོ་ཆོས་སྒོར་བཞུགས་ཅིང་གྲྭ་པ་བཟོ་ཉིན་ཕ་མ་གཉིས་ཀྱིས་དགའ་སྟོན་དང་རྟེན་འབྲེལ་ཆེན་པོར་བརྩིས་ནས་མཛད་སྒོ་ལྟ་བུ་གྲོང་པ་ཁྱིམ་མཚེས་དང་སྤུན་མཆེད་གཉེན་ཉེ་ཚང་མ་ནང་ལ་སྐད་བཏང་ནས་ཐུགས་སྤྲོ་བཏང་ཡོད་པ་མ་ཟད། དེ་ནི་ངེད་ཁྱིམ་ཚང་དུ་མ་འོངས་པར་དགེ་བཤེས་ཅིག་ཡོང་རེའི་སྤོབས་པ་དང་ཕྱི་མི་ཚོར་བསྟོད་ས་འཕྱར་སའི་གཟི་བརྗིད་དང་སྤོབས་པ་ལྡན་པ་ཞིག་ལ་བརྩིས་ཡོད། སྐབས་དེར་ངའི་སེམས་ནང་ཏོག་ཙམ་མི་དགའ་བའི་ཚོར་བ་འདྲ་དུས་ཡུན་བྱུང་ཡང་། རྗེས་སུ་གཅུང་པོ་གྲྭ་པ་བཟོས་པ་དེ་ངེད་ཁྱིམ་མི་ཡོངས་དགའ་འོས་པ་ཞིག་རེད་བསམ།
ང་ཇོ་མོ་བཟོ་དགོས་པ་དེའང་གཞན་སྤྱི་མཚུངས་ལྟར་འཇིག་རྟེན་ལ་ཞེན་པ་ལོག་སོང་བ་དང་། མི་ཚེའི་ནང་ལུས་སེམས་གཉིས་ལ་སྡུག་ངལ་ཧ་ཅང་ཆེན་པོ་མྱོངས་ནས་འ་ཆད་འུ་ཐུག་ནས་བགྱིས་པ། ཡང་ན་སངས་རྒྱས་ཀྱི་བསྟན་པར་ངེས་ཤེས་གཏིང་ཟབ་རྙེད་ནས་འཇིག་རྟེན་ལ་ཞེན་པ་ལོག་སོང་ནས་ངེས་འབྱུང་སྐྱེས་ནས་ཇོ་མོ་བཟོས་པ་སོགས་གང་ཡང་ཆག་གི་མེད། དེ་ནི་ང་རང་ཆུང་དུས་ནས་རང་བཞིན་གྱིས་མི་དང་མིའི་དབར་གྱི་རྙོག་འཛིང་དང་།
གྱ་གྱུར་ཆེ་བའི་འབྲེལ་ལམ། མི་ཁ་མང་པོའི་ཅ་ཅོ་སོགས་ཀྱི་འུར་ཟིང་ལ་མི་དགའ་ཞིང་། དུས་རྒྱུན་ཁུ་སིམ་མེར་གྱི་ཁོར་ཡུག་ཏུ་ཁེར་རྐྱང་དུ་བསྡད་ནས་ས་དྲན་རྡོ་དྲན་འདྲ་བཟོ་རྒྱུར་ཧ་ཅང་དགའ་མཁན་ཞིག་ཡིན་པས་རེད། ང་ཨ་ནེ་བཟོ་དགོས་པའི་དགོད་བྲོ་བའི་དམིགས་ཡུལ་ངོ་མ་འདི་གཞན་ལ་ཁ་སངས་གཏིང་སངས་ཐོག་ནས་བཤད་ན་སོ་སོ་ངོའང་ཚ་འོང་མཁན་ལྟ་བུ་ཆགས་ཀྱི་འདུག
ངའི་གཅེན་པོ་ནི་གཟུགས་སྟོབས་ཆེ་ལ་རྣམ་པའང་རྫིག་པོ། རྟག་ཏུ་ཚང་མ་དང་འགྲོག་འབྲེལ་བདེ་བའི་མི་ཞིག་ཡིན། ང་ཚོའི་ལུགས་སྲོལ་ལྟར་ན་གཅེན་པོ་ནི་མ་འོངས་པར་ཁྱིམ་བདག་ཆག་ངེས་ཡིན། འོན་ཀྱང་ཁོས་ནང་མིི་བདུན་གྱི་འཚོ་བ་རོལ་སྟངས་ལ་རྩིས་གསལ་པོ་བསྐོར་མི་ཤེས་པར་རྟག་ཏུ་ཕ་མ་གཉིས་ལ་བྱིས་པ་སྣབས་ལུད་ཅིག་དང་མཚུངས་པའི་དྲི་བ་མང་དག་བཀོད་དུས་ང་སུན་གྱི་ཡོད་ལ། གཅེན་མོ་མནའ་མར་སོང་སྟེ་ཕྲུ་གུ་འགའ་སྐྱེས་ནས་མཚམས་རེར་ཕྱི་མ་ཁྱིམ་དུ་ལོག་དུས་ང་ཚོར་ཁྱོ་ག་དང་ཁོའི་ཕ་མས་གཅེན་མོས་ཅི་བྱས་ཀྱང་མི་འགྲིག་པར་ཞར་དང་ཞོར་ལ་བརྙས་བཅོས་དམའ་འབེབས་སྣ་ཚོགས་བྱས་ལུགས་ཀྱི་ལོ་རྒྱུས་རིང་མོ་དེ་དག་བཤད་དུས་ང་ཉོབ་ཡོང་གི་འདུག ད་དུང་ཐ་ན་དེ་སྔོན་ཁྱིམ་མི་ཚོ་ཁེངས་སྤོབས་སྐྱེས་མྱོང་ཞིང་གྲྭ་པ་བཟོས་ཚར་བའི་གཅུང་པོས་ཀྱང་དགོན་པའི་ནང་གཅིག་གཅིག་གཉིས་གཉིས་འགྲིག་མེད་ཚུལ་དང་གཅུང་མོས་སློབ་གྲྭའི་ནང་གི་རྫོགས་རྒྱུ་མེད་པའི་ལབ་གླེང་དེ་དག་ནང་མི་ཚོར་བཤད་རྒྱུ་ལའང་དགའ་པོ་རེད།
གང་ལྟར་ང་ཚོའི་ནང་མིས་བརྗོད་གཞི་སྣ་ཚོགས་ལ་ཞེ་ལོག་པའི་ཚོད་དཔག དྲི་དོགས་དང་སོམ་ཉི། ཡོངས་རྫོགས་ལ་རེ་བ་ཟད་འདྲའི་སྡུག་ཕྱོགས་ཀྱི་རྙོག་བཤད་དེ་དག་འགོ་བརྩམས་གྲབས་ཡོད་པ་ཙམ་གྱིས་ང་རང་དེ་མུར་སྒོ་ཕྱིར་བུད་དེ་གྲོང་སྟོད་ཀྱི་ལ་མགོར་ཁུ་སིམ་མེར་བསྡད་དེ་ཐག་རིང་ས་ཤིག་ལ་རྒྱང་ལྟ་བྱེད་ཀྱི་ཡོད།
ངས་གྲྭ་པ་ཨ་ནེ་ཚོ་ངོ་མ་ཁྱིམ་མིའི་རྙོག་དྲ་ཚ་པོ་དག་ནི་ཉན་མི་དགོས། ཞིང་ལས་ངལ་རྩོལ་སོགས་ལའང་འཛེམས་ནས་བསྡད་ན་འགྲིག དེ་བས་ལྟོ་གོས་ཙམ་ལའང་སེམས་འཕྲལ་མི་དགོས་པར་དགོན་པ་དང་ནང་མིས་སྦྱིན་གནང་ཡོད་དུས་བློ་གཅིག་སེམས་གཅིག་གིས་བསྐལ་བ་བཟང་པོ་དེ་ངོ་ཤེས་ཏེ་ཆོས་ལ་བརྩོན་ནས་བསྡད་ཆོག་པ་དང་། ཡང་ན་དབེན་གནས་ཉམས་དགའ་ས་ཤིག་ཏུ་སྒོམ་སྒྲུབ་བྱེད་པ་བཅས་སོ་སོའི་སེམས་དེ་བཅུན་ནས་སྡོད་ཐུབ་ན་དེ་ནི་མིའི་རིགས་ལ་ལྷ་ཡུལ་ལྟ་བུའི་ཕུག་བསམ་དང་མཛེས་སྡུག་གི་འཚོ་བ་རོལ་སྟངས་ཤིག་རེད་ཨང་བསམ་ནས་རྟག་ཏུ་སྨོན་གྱི་ཡོད།
ད་བརྗོད་གཞི་གཙོ་བོ་ནི་ང་ཇོ་མོ་ཇི་ལྟར་བྱས་ཚུལ་སྐོར་ཡིན་པས་འདི་ལྟར། ང་ཚོ་གྲོང་པའི་ཕུ་ལ་སྒོམ་སྒྲུབ་གནང་མཁན་ཨ་ནེ་སྨྱོན་མ་ཟེར་བ་ཞིག་ཡོད། ངས་ད་ལྟའང་ཁོང་མོའི་མཚན་དངོས་ཅི་ཡིན་མི་ཤེས། ལ་ལས་མོ་ནི་རྟག་ཏུ་རིག་པ་དྭངས་གསལ་མེད་ཅིང་མཚམས་རེར་ཁ་ནས་སྨྱོ་ལབ་རྐྱང་བྱེད་ཅིང་ཉིན་གྲངས་བདུན་བརྒྱད་ཙམ་སོང་ཡང་ཟས་ཁམ་གང་ཟ་མི་དགོས་པའི་སྨྱོན་མ་རང་རེད་ཟེར་གྱི་འདུག་ལ། ཁག་ཅིག་གིས་མོས་སྐར་རྩིས་ནག་རྩིས་བསྐོར་ཤེས་པ་མ་ཟད་སྔོན་ཤེས་ཅན་ཞིག་ཡིན་ཟེར་གྱི་འདུག ད་དུང་ཕྱུགས་རྫི་རེ་གཉིས་ཀྱིས་དེ་སྔོན་མོའི་སྒྲུབ་ཕུག་ནས་ཉི་འོད་ཡ་མཚན་དེ་འདྲ་འཕྲོ་བཞིན་པའང་མཐོང་འདུག་པར་བརྟེན། ཁོང་མོ་ནི་འཕྲུལ་མེད་ཀྱི་མཁའ་འགྲོ་མ་ཞིག་རེད་ཟེར་མཁན་གཞན་ཡང་ཡོད། ངས་སྔོན་དུ་བཤད་གླེང་དེ་དག་ལ་དེ་ཙམ་དོ་སྣང་མེད་ཅིང་ཁོང་མོར་དམིགས་བསལ་གྱི་མཐོང་སྣང་ཡག་པོའང་གང་ཡང་མེད་པ་མ་ཟད། སེམས་གཏིང་ནང་གཅིག་བྱས་ན་མོས་ཆོ་ག་ཆོས་འཕྲུལ་རྫུན་མ་འདྲ་འཁྲབ་སྟེ་མི་རྣམས་ཀྱི་རྨོངས་དད་ལ་བསྐུལ་མ་བྱེད་གྱི་ཡོད་ངེས་སྙམ། ཡིན་ཡང་དེ་རྗེས་ཀྱི་གནས་ཚུལ་གཅིག་གིས་ངས་ཁོང་མར་ལྟ་སྟངས་རྦད་དེ་འགྱུར་སོང་།
དེའང་ངས་ཇོ་མོ་ཁོང་ལ་གུས་བརྩི་ཞུ་དགོས་དོན་དང་ང་རང་ཨ་ནེ་ཞིག་བྱ་བསམ་པའི་རྒྱུ་རྐྱེན་གཙོ་བོའང་དོན་དག་གཅིག་དེ་རང་ལ་ཐུག་ཡོད། ང་ཚོའི་གྲོང་པར་སྤྲང་པོ་སྨྱོན་པ་བཀྲ་དོན་ཟེར་བ་ཞིག་ཡོད། གྲོང་པའི་ཕྲུ་གུ་ཚོ་རྟག་ཏུ་ཕྱོགས་གཅིག་ཏུ་རུབ་ནས་སྤྲང་པོ་བཀྲ་དོན་ཟེར་བའི་རྒས་པོར་རྡོ་གཡུག་པའམ་བསྙད་འདོག་ནས་བསྡད་ཀྱི་ཡོད། གྲོང་པའི་མི་ལ་ལས་ཀྱང་རྒྱུན་དུ་སྨྱོན་པ་བཀྲ་དོན་ལ་བརྙས་བཅོས་དང་འཕྱ་དམོད་བྱེད། གལ་ཏེ་མི་སྐྱོ་པོ་ཐ་ཤལ་གྱི་དཔེ་འདྲ་བཀོད་དུས་མང་པོས་སྨྱོན་པ་བཀྲ་དོན་གླེང་གཞི་ཡིན་ངེས་ནི་རྒྱུན་སྲོལ་ལྟར་རེད།
དེ་རྗེས་སྐབས་ཤིག་ཨ་ནེས་སྤྲང་པོ་བཀྲ་དོན་གྱི་ལག་ནས་འཇུས་ཏེ་མོ་རང་སྡོད་སའི་སྒྲུབ་ཕུག་ལ་འཁྲིད་སོང་ནས་ལྟ་རྟོགས་བྱས་ནས་ཡོད་སྐད། ཡང་གྲོང་པའི་མི་ངན་ལ་ལས་དེ་ནི་ཇོ་མོས་མོ་རང་ལ་མག་པ་ཞིག་འཁྲིད་འདོད་པས་རེད་སོགས་འཕྱ་དམོད་དང་ལྐོགས་ལབ་མང་ཙམ་བྱས་སོང་ཏེ་ངའི་སེམས་ནང་རྣམ་རྟོགས་དེ་ཁྱོན་ནས་མ་ཤར། ཤེས་གསལ་ལྟར་ན་སྤྲང་པོ་བཀྲ་དོན་དེ་སྔོན་གཞན་ཡུལ་དུ་ཕྱུག་པོ་ཁྱིམ་ཚང་ཞིག་གི་བུ་ཐ་ཆུང་དེ་རེད་འདུག དེ་རྗེས་ཡུལ་ལུང་དེར་གློ་བུར་བའི་ཡུལ་ལྷ་གཞི་བདག་གི་གནོད་སྐྱོན་རེད་ཅེས་པའི་ཡ་མཚན་གྱི་ནད་ཡམས་འཇིགས་སུ་རུང་བ་ཞིག་ཁྱབ་ནས་བཀྲ་དོན་གྱི་ཕ་མ་གཉིས་དང་སྤོ་བོ། གཅེན་པོ་གཉིས་བཅས་ནང་མི་བཞི་ནད་ཡམས་ཁྲོད་དུ་འདས་སྐྱོན་སོང་འདུག དེ་ནས་ཁོའི་སྤུན་ཉེ་འགའ་ཡོད་པ་དེ་ཚོས་དེ་མུར་ནང་དུ་ཡོང་ནས་བཀྲ་དོན་གྱི་ཁྱིམ་ནས་རྒྱུ་ནོར་ཡོངས་འཇམ་རྩུབ་གཉིས་ཀྱི་སྒོ་ནས་འཕྲོག་བཅོམ་ཚུལ་དུ་རྐུ་འཁྱེར་བྱས། སྐབས་དེར་བཀྲ་དོན་ལ་ཕ་བརྒྱུད་ནས་ཡོད་པའི་སྙིང་ནད་ཏོག་ཙམ་ན་ཞིང་རང་ལོ་བཅུ་གཉིས་ལོན་ཙམ་གྱི་བྱིས་པ་ཞིག་དང་རྒྱུན་དུ་ནས་ཕ་མ་སྤུན་མཆེད་ཀྱི་ལྟ་རྟོགས་འོག་ཏུ་འཚོ་བཞིན་ཡོད། ཁོས་ཡ་ང་བའི་མིག་སྔར་གྱི་སྐྱོ་གནས་དེ་དག་མཐོང་སྟབས་སྙིང་ནད་སྡུག་ཏུ་སོང་ནས་ཉིན་འགའི་ནང་དངོས་སུ་སྨྱོ་སོང་འདུག དེ་རྗེས་སྤྲང་པོ་བཀྲ་དོན་ཁང་སྟོང་གི་ཁྱིམ་གཞི་དེར་མ་བསྡད་པར་གང་སར་སྤྲང་འཁྱབ་ལ་སོང་ཞིང་། མཐར་ང་ཚོའི་གྲོང་དུ་སླེབས་ནས་འདིར་རྒྱུན་སྡོད་བྱས་པ་དང་། ད་ཆ་བཀྲ་དོན་ནི་རང་ལོ་བདུན་བཅུ་བརྒལ་ཟིན་པའི་རྒས་པོ་ཞིག་ཡིན།
ཨ་ནེ་ཇོ་མོས་སྤྲང་པོ་བཀྲ་དོན་མོའི་སྒྲུབ་ཕུག་ཏུ་འཁྲིད་དེ་སྨྱོ་རྒན་འདིར་ལྟ་རྟོགས་གང་ལེགས་བྱས་པ་མ་ཟད། བཤད་སྲོལ་ལྟར་ན། མོས་བཀྲ་དོན་གྱི་སྨྱོ་ནད་ལ་དཔག་པའི་ཆོས་འཆད་པས་སྤྲང་རྒན་ཁོང་གི་ལུས་སེམས་གཉིས་ག་ལེར་སོས་ནས་རིག་པ་དྭངས་གསལ་དུ་སོང་བ་མ་ཚད་སྨྱོ་ནད་ཀྱང་དྲག་བསྐྱེད་དུ་སོང་། སྤྲང་པོ་བཀྲ་དོན་གྱིས་སྒྲུབ་ཕུག་དེ་ཁོའི་མ་ཁྱིམ་ལྟར་བརྩིས་ནས་རྒྱུན་དུ་དུས་ཚོད་ནམ་ཡོད་ལ་ཕུག་པའི་མཐའ་འཁོར་དུ་ཤིང་འབྲས་ཀྱི་སྡོང་པོ་བཙུགས་པ་དང་། མེ་ཏོག་སྣ་ཚོགས་བཏབས་ཏེ་ཧ་ཅང་མཛེས་སྡུག་ལྡན་པའི་ལྡུམ་ར་ལྟ་བུར་བསྒྱུར་ཡོད་པར་བརྟེན། གྲོང་པའི་སེམས་བཟང་ཅན་གྱི་རྒན་རབས་འགའ་ཡིས་བྱམས་དང་སྙིང་རྗེ་ལྡན་ན་ནམ་མཁའི་བྱའང་འཁོར། སྡུག་དང་ངན་པ་ཆེ་ན་སྤང་གི་བུའང་ཤོར་ཟེར་བའི་འཇིག་རྟེན་གྱི་གཏམ་དཔེ་དེ་ཅི་མ་བདེན་སོགས་གསུང་ནས་དབུགས་དབྱུང་མཛད་སྲོལ་ཡོད།
གུས་མོར་མཚོན་ནའང་སྤྲང་རྒན་བཀྲ་དོན་གྱི་གནས་ཚུལ་དེ་བྱུང་རྗེས་སེམས་གཏིང་ནས་ཨ་ནེར་རྗེས་སུ་ཡིད་རང་ཆེན་པོ་ཚོར་འགོ་བརྩམས་སོང་ལ། ང་རང་སྒྲུབ་ཕུག་ཕྱོགས་སུ་འགྲོ་ཐེངས་རེར་མེ་ཏོག་ལྡུམ་རའམ་ངའི་སེམས་སུ་ས་དུམ་དེ་ནི་ལྷ་ཡུལ་ལྟ་བུའི་ཞི་ལྷོད་བག་ཡོད་ཀྱི་གནས་མཆོག་ཁྱད་པར་བ་གཅིག་མཐོང་གི་ཡོད། དེའི་རྐྱེན་གྱིས་ཡིན་འདྲ་ལ་ངའང་མ་འོངས་པར་ཁོང་མོ་ནང་བཞིན་ཨ་ནེ་ཇོ་མོ་ཞིག་བྱ་རྒྱུའི་སྐུལ་སློང་ངམ་ཆོད་སེམས་བརྟན་པོ་ཞིག་གི་རྩ་བ་དེ་དུས་བྱུང་།
འོན་ཀྱང་ང་དེ་རྗེས་ཇོ་མོ་ཞིག་བཟོས་ཟིན་ནའང་གཞན་ཟེར་རྗེས་འབྲང་གིས་ད་དུང་དྲན་རྒྱུ་རྒོད་པོ་རང་བྱས་ཏེ་ཕྱིའི་མཐུན་རྐྱེན་ལ་ལེགས་བསྒྱུར་འདྲ་འབྱུང་ན་བསམ་བཞིན་གྱ་གྱུར་གྱི་འཚོ་བའི་བརྒྱུད་ལམ་མང་པོ་མྱོང་ནས་ད་ཆ་མགོ་སེར་ལུང་པ་འདིར་ཡུལ་གྱར་དུ་སླེབས་ཡོད། དེ་སྔོན་ང་བཙན་བྱོལ་རྒྱ་གར་ཡུལ་དུ་བཙུན་དགོན་ཞིག་ནང་ལོ་བཅུ་གྲངས་ཙམ་ནང་ཆོས་སྦྱོང་ནས་བསྡད་མྱོང་། འོན་ཀྱང་ད་དུང་ཡང་འཇིག་རྟེན་གྱི་བྱ་བར་ཞེན་པ་གཏིང་ལོག་གི་ལྟ་བ་དེར་ངེས་ཤེས་ཅིག་རྙེད་རྒྱུའི་ཚབ་ཏུ་མ་འོངས་པའི་མི་ཚེའི་མདུན་ལམ་ཟེར་བའི་འཇིག་རྟེན་པའི་སྡེའི་བརྩོན་བྱ་དེ་དང་ཁྱོན་ནས་ཁ་བྲལ་མ་ཐུབ་པར་བརྟེན། ངས་ཕྱི་རྒྱལ་མགོ་སེར་ལུང་པ་ནས་ཉུང་མཐའ་ན་དངུལ་བསགས་ནས་ཁྱིམ་མི་ཚོའི་དཀའ་ངལ་ཏོག་ཙམ་སེལ་ཐུབ་རྒྱུ་རེད་དྲན། ང་འདིར་སླེབས་ནས་ལོ་གསུམ་ལྷག་སོང་འདུག་ལ་མགོ་སེར་ཚོའི་བྱེད་ལུགས་གནས་སྟངས་ལ་ཧུར་ཐག་གིས་སྦྱོང་ནས་འཚོ་བ་བསྐྱེལ་དགོས་ཀྱི་ཡོད།
ཐོག་མར་གཞུང་འབྲེལ་གྱིས་སློབ་གྲྭར་བཏང་ནས་ཕྱི་སྐད་དང་ལས་འཚོལ་སྐོར་སློབ་སྦྱོང་བྱས། དེར་ང་རང་དེ་སྔོན་རྒྱ་གར་དུ་ཡོད་དུས་ཨིན་ཡིག་ཟུར་སྦྱོང་ཏོག་ཙམ་བྱས་པའི་བཀའ་དྲིན་ལ་གཙོ་བོར་བརྟེན། འདིར་ལས་འཚོལ་ཕྱིར་ཆེད་ལས་ཅིག་སྦྱངས་པ་དེ་ལའང་དཀའ་ངལ་ཆེན་པོ་དེ་ཙམ་འཕྲད་མ་སོང་། འདིར་འབྱོར་བའི་ངའི་དེ་སྔོན་གྱི་ཆོས་གྲོགས་སམ་བཙུན་དགོན་གཞན་ནས་ཡིན་པའི་ཨ་ནེ་ཁག་གཅིག་ཀྱང་སླེབས་ཡོད། དེའི་ནང་གི་མང་ཆེར་ད་ལྟ་ཆང་ས་བརྒྱབས་ནས་ཕྲུ་གུའང་ཡོད་ལ་འཇིག་རྟེན་པའི་འཚོ་བ་བསྐྱེལ་ནས་ཡོད།
ཐོག་མར་ང་འདིར་གསར་འབྱོར་ཡིན་སྐབས་ཁ་ཤས་ཀྱིས་ཁོ་ཚོར་སྐུ་ཞབས་ག་གེ་མོའི་ཕྲུ་གུ་དེ་ཟེར་བའི་ཟོལ་འདྲ་དང་། ཨ་ནེ་གཅིག་གཅིག་མིག་མིག་གི་ཁྱོ་ག་ཟེར་བ་ཟོལ་འདྲའི་དགོད་བྲོ་བའི་སྐད་ཆ་དེ་འདྲའང་གོ་མྱོང་། དེ་ནི་སྔོན་ནས་མི་ཚོས་གང་ཟག་དེར་འབོད་སྟངས་ཁོང་རྣམས་གྲྭ་བཙུན་ཡིན་པའི་སྐབས་ལྟར་ལས་དེ་རྗེས་སྐྱ་སར་བབས་ཟིན་རྗེས་ལམ་སེང་ཁ་བཅོས་མ་ཐུབ་པས་གྲྭ་པ་དང་ཨ་ནེ་ལོག་ཚར་ཡང་སྔར་བཞིན་དེ་འདྲ་འབོད་ཀྱི་ཡོད་པ་མཐོང་བས་ང་ནི་སེམས་ནང་དགོད་མོ་བསྲན་མ་ཐུབ་པ་ལྟར་བྱུང་བ་འདི་ནི་ཞོར་འཕྲོས་ཙམ་ཡིན། དེ་མིན་འདིར་ང་དང་འདྲ་བའི་ཇོ་མོ་རེ་གཉིས་ཡོད་པས་ཕྱག་ལས་མི་འདྲ་བ་གནང་ཞིང་། དབུ་སྐྲའང་བཞར་ནས་མགོ་རིལ་ཚུལ་དུ་རང་སྲོལ་བཞུགས་མཁན་ཡིན། ངས་མི་ཚོས་ང་ལ་དོ་སྣང་དང་དམིགས་བསལ་འདྲ་མི་མཐོང་བའི་ཆེད་དུ་སྐྲ་རིང་པོ་བཞག་ནས་ཡོད། དེར་བརྟེན། ངོ་ཤེས་མིན་གྱི་རིགས་མཐུན་མང་པོས་ང་ཇོ་མོ་ཡིན་མིན་ཡང་གསལ་པོ་ཤེས་ཀྱི་མེད་སྟབས་བོད་པ་འདུ་འཛོམས་ཀྱི་སྐབས་ཤིག་ལ། ངོ་ཤེས་ཨ་ཅེ་ཞིག་གིས་ང་ལ་སེམས་བཟང་ངང་ད་དུང་ཁྱོ་ག་མི་འཚོལ་བའི་རྒྱུ་རྐྱེན་ཅི་ཡིན་མིན་དང་། མི་ཚེ་འཕྲོག་བརླགས་གཏོང་ནས་འདི་འདྲ་སྐྱ་མིན་སེར་མིན་ལ་བསྡད་ན་ཡག་པོ་མེད་ཚུལ། ཨ་ཅེ་མོ་རང་གི་སྤུན་མཆེད་རྒྱ་གར་དུ་ཡོད་པ་ཞིག་གུས་མོར་ངོ་སྤྲོད་ཀྱིས་འདིར་འབྱོར་རྗེས་ཁོང་མོའི་སྤུན་མཆེད་དེས་གུས་མོའི་མི་ཚེར་ལྟ་རྟོགས་མཐའ་འཁྱོང་ཡོང་བར་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཆོག་ལུགས་སོགས་མང་པོ་ཞིག་གསུངས་བྱུང་།
ངས་ཁོང་མོ་ང་ལ་སེམས་ཉེ་ཉེ་དང་ཕན་སེམས་བཅང་མཁན་ཡིན་པ་ཤེས་ནས་དེར་རྫུན་བཤད་འདོད་མེད་རྐྱེན་ང་ད་དུང་ཨ་ནེ་ཇོ་མོ་ཞིག་ཡིན་ལུགས་ཞུས་པར། ཨ་ཅེས་དེ་མུར་དེ་འདྲ་ཡིན་ན་བཟང་ལུགས་དང་། འཇིག་རྟེན་པའི་འཚོ་བར་དེ་ཙམ་ཡིད་སྟོན་འོས་མིན། གཞན་ཡང་རིགས་མཐུན་འགའ་མགོ་སེར་ལུང་པར་འབྱོར་ཚར་རྗེས་སོ་སོའི་རྒྱུད་ལ་དགོས་ངེས་ཀྱི་ཡ་རབས་བཟང་སྤྱོད་ཀྱང་བརྗེད་དེ་གཞན་གྱི་བཟའ་ཚང་དབར་འཚང་ནས་ཕན་ཚུན་གཉིས་ཀ་སྐྱིད་པོ་མེད་པར་བཟོས་ནས་སྡིག་པ་རྫབས་ཆེན་བསགས་ལུགས། སྐྱ་བོ་འགའ་རས་ཨ་ནེ་གྲྭ་པ་ཚོར་དགའ་རོགས་དང་འདུག་རོགས་འཚོལ་རོགས་བྱེད་པར་ཧུར་བརྩོན་ཆེ་ལུགས། གྲྭ་པ་ཨ་ནེ་ལོག་ཚར་བའི་རིགས་འགའ་ཡིས་དེ་སྔོན་ཆོས་སྒོར་བཞུགས་མྱོང་ཡང་ཆོས་ཀྱི་དྲི་མ་ཙམ་རང་རྒྱུད་ལ་མེད་པར་རིགས་མཐུན་ནང་ཁུལ་ཕན་ཚུན་འཁོན་སེམས་དང་ངོ་ཚ་ཁྲལ་མེད་ཀྱི་སྤྱོད་ངན་སྤེལ་ཞིང་། སྡོམ་པ་ལོག་ཀྱང་དུས་མཚུངས་དད་པའང་ལོག་ཚར་ནས་གཞན་མང་པའི་མདུན་ཧ་ལས་ཧོན་འཐོར་དགོས་པའི་སྤྱོད་ངན་སྤེལ་ལུགས་སོགས་ཀྱི་ལོ་རྒྱུས་རེ་ཟུང་ང་ལ་བཤད་དེ་མུ་མཐུད་ཇོ་མོ་བྱེད་ན་ངོ་མ་བསྟོད་འོས་ལ་གཞན་གྱིས་གུས་བརྩི་ཡོད་སྐོར་ཡང་གསུངས་བྱུང་།
མདོར་ན། ད་ལྟའི་ཆར་ང་ལ་མཚོན་ན་གཙོ་བོ་མ་འོངས་པར་མུ་མཐུད་སྡོམ་པ་སྲུང་ནས་སྡོད་ཐུབ་མིན་སྒེར་ལའང་ངོ་མོ་ངེས་ཤེས་ཅིག་མེད། གང་ཡིན་ཟེར་ན། ངའི་ཆོས་སེམས་དེ་བརྟེན་པོ་མེད་པ་དང་གཅིག ང་ལ་རྒྱུན་གཏན་དུ་འཚོ་བའི་ཐད་ཁེར་རྐྱང་གི་སུན་སྣང་ཆེ་བ་དང་གཉིས། ངའི་གཟུགས་པོ་ལའང་རྒྱུན་དུ་ནས་མོ་ནད་ལྟ་བུ་ཞིག་འབྱུང་བཞིན་ཡོད་པ་དེར་གཞན་གྱིས་ཟེར་ན་དེ་ནི་བུད་མེད་ཀྱི་ན་ཚ་ཞིག་ཡིན་ཕྱིན་ཆང་ས་བརྒྱགས་ཚར་ན་དེ་དྲག་བསྐྱེད་འགྲོ་རྒྱུ་རེད་ཟེར་བ་དང་གསུམ། གང་ལྟར་བཟང་ངན་གཉིས་ཀྱི་ཆ་ལྡན་པའི་ཕྱི་རྒྱལ་གྱི་ལམ་དང་ལུགས་སྲོལ་དར་ཆེ་བ་སོགས་ང་མུ་མཐུད་ཨ་ནེ་ཇོ་མོ་ཞིག་བྱེད་བསམ་པའི་ཆོད་སེམས་ལ་གཡོ་འགུལ་སྟེར་བཞིན་ཡོད།
འོན་ཀྱང་ཕྱོགས་གཞན་ཞིག་ནས་ངས་དུས་རྒྱུན་ལས་ཀ་ཚར་རྗེས་གང་ཐུབ་ཀྱིས་སྔ་སྲོལ་ལྟར་དཔེ་ཆ་ཀློག་རྒྱུ་དང་། གཞན་དུས་ཁོམ་རེ་འབྱུང་ན་དྲ་ཐོག་ནས་དགེ་བའི་བཤེས་གཉེན་དང་བླ་མའི་བཀའ་ཆོས་སོགས་ཉན་ནས་སོ་སོའི་དེ་སྔོན་ཨ་ནེ་བྱས་ཟིན་པའི་དམ་བཅའ་དེ་བརྟན་པོ་ཡོང་བར་ཧུར་ཐག་འབད་ཐག་གིས་བསྐུལ་འདེད་བྱེད་ཀྱི་ཡོད། གཙོ་བོ་ང་རང་སྒེར་ངོས་ནས་ཀྱང་དེ་སྔོན་སོ་སོའི་བཞག་པའི་དམ་བཅའ་དེ་ལས་སྟབས་བདེའི་སྒོ་ནས་དོར་འདོད་མེད་པས་ངས་སྔ་དགུང་གཉིས་སུ་ཆག་མེད་ཀྱི་ཁ་འདོན་དང་སྨོན་ལམ་འདེབས་ཀྱི་ཡོད་ལ། ཅི་ཡིན་ན་མི་ཤེས། གང་ལྟར་ཡང་ང་རང་སྡོམ་ལྡན་གྱི་ཨ་ཉེ་ཇོ་མོ་ཞིག་ཡིན་པར་གཞན་གྱི་མི་མཐོང་སའི་སེམས་ཁོངས་རུས་པའི་གསེང་ནས་དེར་ཁེངས་དྲེགས་ཡིན་ནམ་སྤོབས་པ་ཡིན་མི་ཤེས་པའི་ཚོར་བ་མཁྲེགས་པོ་ཞིག་གིས་བསྐུལ་བཅག་སྟེར་གྱི་ཡོད།
ད་ཆ་ང་ཕྱི་ནས་ཨ་ནེའི་གཟུགས་ཅན་ཙམ་གྱིས་སོ་སོ་གང་ཐུབ་བཅུན་ཐབས་ཡིན་ཁུལ་ལས་སེམས་ཁམས་རྒྱུན་དུ་ནས་འཁྲུག་བཞིན་གནས་ཡོད། དོན་དམ་པའི་གཞན་སྡིག་སྤོང་དགེ་བསྒྲུབ་ཀྱི་ཆོས་ཕྱོགས་ཀྱི་བྱ་བར་ཆེར་ནུས་པ་ཐོན་སོང་བསམ་པ་གཅིག་ཀྱང་མེད་ཁར། སེམས་པ་འཁྲུག་ཡོང་དུས་ལམ་སེང་གཞན་མང་པོ་དང་འདྲ་བར་ཆང་ས་བརྒྱབ་ནས་སོ་སོར་ཉུང་མཐའ་ཡང་མི་གཞན་ནང་བཞིན་དུས་རྒྱུན་ཆག་ས་བརྟེན་ས་ལྟ་བུ་ཞིག་བཟོས་ན་ཁེར་རྐྱང་གི་ངལ་དུབ་འདི་མྱོང་མི་དགོས་པས་ཡོང་རྒྱུ་ཅི་ཡོད་བསམ་པ་དང་། ཡང་མཚམས་རེར་ངའི་བསམ་བློའི་ཕུག་ན་ད་དུང་ཡང་ནང་པའི་ཆོས་དང་སངས་རྒྱས་ཀྱི་བསྟན་པར་ངེས་ཤེས་རྙེད་མ་ཐུབ་ཀྱང་། དེ་ལ་གཡོ་ཟོལ་མེད་པའི་དད་པ་དང་འདུན་པ་གཙང་མ་ཞིག་ཡོད་པས་སོ་སོའི་བསམ་བློ་དེ་ཕྱིའི་དཀའ་ངལ་ཙམ་གྱིས་འགྱུར་མི་ཉེན་ལ། རང་རིགས་ཀྱི་ཆོས་དང་རིག་གཞུང་འདི་བརྒྱུད་འཛིན་དགོས་ན་སྒེར་ངོས་ནས་རླབས་ཆེན་གྱི་དོན་སྙིང་ལྡནཔའི་བྱ་བ་ཆེན་པོ་བསྒྲུབ་མ་ཐུབ་ནའང་། སངས་རྒྱས་ཀྱི་རྗེས་འབྲང་གཙང་མ་སྡོམ་ལྡན་གྱི་ཨ་ནེ་ཞིག་ཡིན་པས་གཞན་ལ་ངོ་གནོང་དགོས་མེད་བསམ་ནས་ཨུ་ཚུགས་བྱེད་དེ་ཇོ་མོའི་ངོ་བོར་རང་སྲོལ་སྡོད་ཡོད།
མདོར་ན་ངས་ད་དུང་ཡང་སངས་རྒྱས་ཀྱི་བསྟན་པ་འདིར་ངེས་ཤེས་རྙེད་མིན་ལ་མ་ལྟོས་པར། ངས་དུས་དང་རྣམ་པ་ཀུན་དུ་བཟང་པོར་ཡིད་རང་བྱེད་པའི་བློ་འདི་འགྱུར་མི་སྲིད་པས། ངས་དཀོན་མཆོག་གསུམ་གྱིས་ང་ལ་གདོང་གྲོགས་མཛོད། ཆོས་སྒོར་བཞུགས་པའི་ལས་དེར་གདོད་གྲོགས་མཛོད། ཆོས་སྒོར་བཞུགས་རྗེས་སྡོམ་ལྡན་ཇོ་མོར་གནས་ཐུབ་པར་གདོང་རོགས་མཛོད། ཕྱི་གླིང་པའི་ཁྲ་ཁྲ་ཟིང་ཟིང་གིས་ང་མི་བསླུ་བར་གདོང་གྲོགས་མཛོད། ཚེ་གཅིག་ལུས་གཅིག་འདི་སངས་རྒྱས་བསྟན་པ་ཉི་ཤར་འདིའི་རྗེས་འབྲང་གཙང་མ་ཞིག་བྱ་རྒྱུ་འདི་རྒྱུན་མཐུད་ཐུབ་པར་གདོང་རོགས་མཛོད་ཅིག་ཅེས་སྔ་དགོང་གཉིས་ལ་ཆག་མེད་ལྟར་སྨོན་ལམ་ཤུགས་དྲག་འདི་ལྟར་སྙིང་ནས་འདེབས་ཀྱི་ཡོད།
བརྩེ་བའི་ཀློག་པ་པོ་ལགས། མགོ་སེར་ལུང་པར་ལས་ཀའི་བྲེལ་འཚུབ་དང་སྒོར་མོ་གསོག་དགོས་ཤིང་། ཕྱི་ནང་གི་ཁོར་ཡུག་ཁྱོན་ནས་མི་འདྲ་ས་འདིར་ངས་ཨུ་ཚུགས་བྱས་ཏེ་སྡོམ་ལྡན་གྱི་ཇོ་མོར་རང་སྲོལ་གནས་ཐབས་བྱེད་ཀྱི་ཡོད་མོད། ལ་ལས་ང་ནི་མཁྲེགས་བཟུང་ཅན་དང་རྗེས་ལུས་ཅན། རྨོངས་དད་ཆེ་ལུགས་སོགས་ངའི་བསམ་བློ་དང་རྩ་བ་ནས་མི་འདྲ་བའི་ལྡོག་ཕྱོགས་ནས་བཤད་མཁན་འདུག ང་སྐད་ཆ་དེ་དག་གོ་དུས་སེམས་ནང་ངུ་མ་དགོད་ཀྱི་ཚོར་བ་འདྲ་སླེབས་པ་ཙམ་ལས་དེར་དགག་ལན་ཚ་ཐག་ཆོད་དེ་འདྲ་བཤད་མི་ཕོད། གང་ཡིན་ཟེར་ན། དོན་དངོས་ཐོག་ང་ལ་སྤོབས་པ་དེ་འདྲ་མེད་པས་ཡིན། ང་ནི་གཞན་གྱིས་ཕྱི་ཚུལ་ནས་སྐྱོ་ཉམས་གང་ཡང་མཐོང་མི་ཐུབ་ཅིང་། རྒྱུན་དུ་ནས་ནང་སེམས་འཁྲུག་སྡོད་པའི་ཉམས་ཆུང་གི་ཨ་ནེ་ཇོ་མོ་ཞིག་ཡིན་ལགས།
ཇོ་མོ་ལགས་ ངོ་མཚར་ཤིན་ཏུ་ཆེ། གལ་སྲིད་རོགས་པ་རེ་དགོ་མཁོ་བྱུང་ན་ ང་ལ་འབྲེལ་བཏུག་གནང་རོགས་ཞུ། bhusuku@outlook.com
ཨ་ནེ་ལས་ལྷག་མི་ལུས་མེད། །
ཇོ་མོ་ལས་ལྷག་མོ་ལུས་མེད། །
གངས་དཀར་སེམས་ཁྱོད་སེམས་མ་ཆགས། །
གངས་དཀར་སེམས་ཀྱིས་རང་སྡོམ་སྲུངས། །
ཀརྡོས།
༄། །གུས་ཤིང་བརྩེ་བའི་ཨ་ཎེ་ཇོ་མོ་ལགས།
ཁྱེད་ནས་འཇིག་རྟེན་སྤྱི་དང་། ཁྱད་པར་ཨ་ཎེའི་མི་ཚེ་བསྐྱལ་བའི་བརྒྱུད་རིམ་ཁྲོད་ཀྱི་འཚོ་བ་དག་སྦས་གསང་མེད་པར་དཔྱད་རྩོམ་འདིའི་ཐོག་བརྒྱུད་འགོད་བྱས་པར་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར། འཇིག་རྟེན་འཁོར་བའི་རང་གཤིས་གཤོམ་པ་དང་འདྲ་ལ། རྩོམ་པ་འདི་ནས་མི་མང་པོར་གནས་ལུགས་ཤེས་པའི་མཐུན་རྐྱེན་ཡང་ཐོན་ངེས་པས། རྗེས་སུ་ཡི་རངས་ཞུ། ད་རྩོམ་པ་འདི་ལ་བསམ་ཚུལ་གསེད་བཀྲོལ་ཕྲན་བུ་བཤད་ན། བཀའ་འཕགས་པའི་བདེན་པ་བཞིའི་གནས་ལུགས་ལ་ཐོས་བསམ་རྣལ་མ་ཞིག་འབྱོར་ཡོད་ན། སངས་རྒྱས་ཀྱི་བསྟན་པ་ལ་ཡིད་མི་ཆེས་པའི་གནས་མེད་པ་ཡིན། འོ་ད་དེ་འདྲ་ཞིག་མ་བྱུང་ན་ནི། གཞན་གྱི་ཟེར་རྗེས་སུ་འབྲངས་པ་དང་། འཕྱ་སྨོད་ལྐོག་ལབ་ལ་འཇིགས་པ་དང་། རང་ཉིད་ཆེར་རློམ་སྤམ་མདོག་སོགས་ཀྱིས་བསླད་དེ། གཞན་གྱི་མིག་མདུན་དུ་གྲྭ་པདང་། ཨ་ཎེ་ཡིན་མདོག་བྱས་ན་ཉམས་ལེན་གར་ཡང་མི་ཕྱིན་པའི་ཁར། ཞེ་ཕུགས་སུ་དུས་ནམ་ཡང་འཇིག་རྟེན་པའི་ཕུན་ཚོགས་ཁྲ་ཁྲ་ཟིང་ཟིང་བློས་མི་ཐོངས་པར། སོམ་ཉིའི་དྲྭ་བར་ཚུད་དེ་སྡུག་བསྔལ་འབའ་ཞིག་པ་དེ་འོང་ངོ་། མདོ་ལས་ཀྱང་། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། ཞེས་གསུངས་ཡོད་དོ།
འཇིག་རྟེན་འདི་ན་མི་སྡེ་རང་རང་སོ་སོའི་དད་མོས་ཆོས་ལུགས་དང་། བདེ་སྒྲུབ་སྡུག་སེལ་གྱི་ཐབས་ཚུལ་རིག་གཞུང་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་པ་ལས། སངས་རྒྱས་ཀྱི་བསྟན་པ་ནི་རྩེ་ཕུད་དེ་ཡིན་པ་ཚན་རྩལ་ཆོས་ལུགས་ལྟ་གྲུབ་མི་འདྲ་བ་གང་འདྲ་ཞིག་གི་མདུན་དུའང་། ཁུངས་འཕེར་བ། བརྟག་བཟོད་པ། དཔུང་འགྲན་ཐུབ་པ་ནི་དེ་ཁོ་ན་ཡིན་ནོ། འོན་ཀྱང་དེ་ཉམས་སུ་ལེན་པ་ལ་ཉམས་ལེན་གྱི་རིམ་པ་སྣ་ཚོགས་ཤིག་ཡོད་པས། ངེས་པར་དུ་གྲྭ་པ་དང་། ཨ་ཎེ་བྱ་མི་དགོས་ལ། ཐེག་ཆེན་པ་དང་། རིག་པ་འཛིན་པ་སྔགས་འཆང་ཡང་བྱ་མི་དགོས། ཉམས་ལེན་གྱི་རིམ་པ་རྣམས་རང་ལྕོགས་བྱ་བ་ལས། མི་ཚེ་གཅིག་གི་ནང་དེ་དག་ཚང་མ་བྱ་དགོས་པ་མེད་ལ། བྱེད་ཐུབ་པའང་མི་འོང་།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་སུ་བླངས་པར་ཉམས་ལེན་གྱི་གཞི་རྟེན་དུ་སྐྱབས་འགྲོ་རྣལ་མ། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་བསླད་པ་ཞིག་དགོས་རང་དགོས་ཏེ། མེད་ཐབས་མེད་པ་ཡིན། དེ་གཞི་ལ་བཞག་སྟེ་་་་དེ་ནས་རིམ་པ་བཞིན་དུ་དགེ་བསྙེན་བྱ་འདོད་ནའང་འདྲ། དགེ་ཚུལ་བྱ་འདོད་ནའང་འདྲ། དགེ་སློང་བྱ་འདོད་ནའང་འདྲ། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ནའང་འདྲ། དེ་དག་ལས་ཀྱང་ཆེས་མཐོ་བའི་ཉམས་ལེན་རིག་པ་འཛིན་པ་གསང་བ་སྔགས་ཀྱི་དབང་བསྐུར་དམ་ཚིག་སྡོམ་པ་ལེན་འདོད་པ་ཅི་འདྲ་ཞིག་ཡིན་ཀྱང་། རང་རང་སོ་སོའི་འཁོས་དཔག་ཞེ་གཅོད་ལ་བསྟུན་ཏེ་བྱ་དགོས། དེ་འདྲ་བྱས་ན། དངོས་གནས་ཆོས་མགོ་ཐོན་པ་ཞིག་འོང་བ་ཡིན། དེ་མ་གཏོགས་མི་གཞན་གྱི་ཁ་སྙན་ཟེར་རྗེས་སུ་འབྲངས་པ་དང་། ཨོ་ཚོད་རྨོངས་ཚོད་བྱ་བ་དང་། གཏམ་སྙན་གྲགས་ལ་དམིགས་ཏེ་ལས་ཀ་བྱས་ན་ནི། གནས་སྐབས་མིག་སྔར་མཛེས་མཛེས་འདྲ་ཞིག་འོང་ཡང་། སེམས་ལ་ཁ་གཏད་གཅོག་རྒྱུ་ལས་སླ་པོ་རྩ་བ་ནས་མེད་པས། སྡུག་བསྔལ་གྱི་གཞི་ཚུགས་རྒྱུ་ཉག་གཅིག་ཡིན།
རང་རེའི་སྤྱི་ཚོགས་ནང་་་་གྲྭ་པ་ལོག་པ་དང་། ཨ་ཎེ་ལོག་པ་ལ་ཐ་ཤལ་དུ་བརྩིས་ཏེ་དམའ་འབེབས་ཤུགས་ཆེན་གཏོང་བ་དང་། ཁོང་ཅག་ཀྱང་་་ད་ནི་་་བྱུང་མ་སོང་། ཞེས་་་དབུགས་རིང་བཏང་། ་་་ཡི་ཆད་སྲོ་ཤི་་་་་་སེམས་ཞུམ། དེ་ནས་གྲོང་དང་གྲོང་བརྡལ་་་་་ཁྲོང་འཁྱེར་དག་ཏུ་སོང་སྟེ། ཆང་འཐུང་། ཤོ་སྦག་རྒྱན་རྩེད་ལ་སོགས་ཏེ་གང་བྱུང་གི་ལས་ལ་ཞུགས་ཏེ། མི་ཚེ་ཐ་ཤལ་བསྐྱལ་བ་དེ་འདྲ་དག་ཀྱང་མཐོང་རྒྱུ་འདུག་པས་དེ་འདྲ་རང་བྱ་མི་དགོས། གྲྭ་དང་ཨ་ཎེ་ལོག་པ་དངོས་གནས་བཅས་པའི་ཁ་ན་མ་མཐོ་བའི་རྩ་བ་དང་འགལ་བས་་སྡིག་ཁམ་པོ་ཆེ་གསོག་པ་དངོས་བདེན་ཡིན་རུང་། སེམས་ཀྱི་རང་བཞིན་འོད་གསལ་བ་ལ་སྡིག་སྒྲིབ་སོགས་ཀྱིས་བསླད་པ་ནམ་དུའང་གཞུག་ཏུ་མེད་པ་ཡིན། དེས་ན་་་་་སླར་ཡང་་་གཞུང་གི་དགོངས་པ་ལྟར་བཤགས་སྡོམ་ཚུལ་བཞིན་བྱས་ཏེ་་་་རང་གིས་གང་ལྕོགས་པའི་ཆོས་སམ་སྡིམ་པ་ཞིག་་་ལག་ཏུ་བླངས་ཏེ་་་་ཉམས་སུ་བླངས་ན་་་་ཞེ་བློ་བདེ་ལ་་་་མི་ཚེ་བཟང་མཐར་འཁྱོལ་བ་ཞིག་ཡོང་རྒྱུ་དོན་མི་ཟ། ཡང་འགའ་རེས་་་ནི་་་་ཆོས་དང་འཇིག་རྟེན་གྱི་གནས་ལུགས་ཅིའང་མགོ་མ་འཚོས་པར་་་་་བླ་མ་ཡོད་ཚད་ལ་གཏུགས། སྡོམ་པ་ཡོད་ཚད་བླངས། དབང་བསྐུར་ཡོད་ཚད་ཞུས། གྲྭ་ཆས་སིང་སིང་སྤྲས། མཐོ་རེ་མཐོ་ཚད་ལ་རྒྱུགས་ཏེ་་དོན་དུ་་་་ནི་་་མི་དགེ་བཅུ་པོའང་ངོ་མ་ཤེས་། དགྲ་འདུལ་གཉེན་སྐྱོང་ལ་བརྩོན་པའི་་་་དགེ་སློང་། སྔགས་འཆང་། དགེ་བཤེས། མཁན་པོ། སྤྲུལ་སྐུ་ཡིན་ཟེར་ཁ་ཕོ་སྒྲོགས་མཁན་ཇི་སྙེད་ཅིག་ཡོད་དེ། སྡུག་བསྔལ་གྱི་རྩ་བ་བཙུགས་ཏེ་ཡོད་དོ། དེས་ན་་་་ཆོས་ཀྱི་་་གནས་ལུགས་མཐར་ཐུག་པ་ནི། མཐོ་མཐོ་འདྲ་ཆགས་ལ་མ་བསྙེགས་པར་རང་སེམས་དང་དཔང་པོ་དངོས་རྭ་སྤྲད་དེ་་་་ད་གཟོད་གཅིག་ཡིན་ཟེར་ན། འོ་ད་སུ་གཅིག་ལའང་་་་སྐྲག་མི་དགོས། གནོང་མི་དགོས། བློ་བདེ་བ། ཞེ་གཙང་བ། བརྟག་ཐུབ་པ། རང་གིས་རང་ལ་ཁྲེལ་མི་དགོས་པ་ཞིག་འོང་སྟེ། སྐྱིད་པའི་འགོོ་ཚུགས་པ་ཡིན་ནོ། གྲོས་འདེབས་འདི་ལ་ཕན་ཐོགས་རེ་འདུག་ན་ནི་་་་དེ་བཞིན་བྱོས། ཕན་ཐོགས་མི་འདུག་བསམ་ན་ནི་་་་ཐེངས་གཅིག་བཀླགས་ཏེ་་་ཁ་བརྡ་དྲྭ་ཚིགས་འདིར་བོར་བར་བྱའོ། བཀྲིས།
སྨྱུག་མིང་གངས་དཀར་སེམས་ཁྱོད་མ། །
བུ་མོ་ཡིན་མིན་ངས་མི་ཤེས། །
ཨ་ནེ་གངས་དཀར་སེམས་ཁྱོད་མ། །
ཨ་ནེ་ཡིན་མིན་ངས་མི་ཤེས། །
ཇོ་མོ་གངས་དཀར་སེམས་ཁྱོད་མ། །
ཇོ་མོ་ཡིན་མིན་ངས་མི་ཤེས། །
གངས་དཀར་སེམས་ཀྱི་རྩོམ་ཡིག་མར། །
ཀརྡོ་ང་ཡི་མཆན་བཀོད་ཡོད། །
ཨ་ནེ་ལགས་ཀྱིས་ཡག་པོ་བྲིས་འདུག རྗེས་སུ་ཡི་རང་ཡོད། ཁྱེད་རང་རྒྱལ་ཁབ་གང་དུ་ཡོད། ཨུ་ཚུགས་བྱས་ཏེ་སྡོམ་ཁྲིམས་སྲུང་དགོས་མ་རེད། དགའ་རོགས་འཚལ་ཆོག་པ་ལ། གནད་འགག་དེ་དགའ་རོགས་ཆོས་ལ་དད་མོས་ཡོད་མཁན་ཞིག་མཉམ་དུ་འཚོ་བ་བསྐྱལ་ན་ཡོད་ཚད་ལེགས་ལམ་དུ་འགྲོ་སྲིད་པ་རེད། །
སྤྱིར་བཏང་སྡོམ་པ་དམ་ཚིག་བསྲུང་བ་ནི་གཞན་ངོར་འཛེམ་ནས་བསྲུང་བ་མ་ཡིན་པར་དོན་དངོས་རང་ལ་ཕན་གང་ཐོགས་ཀྱིས་ཡོད་པ་ལེགས་པར་ར་འཕྲོད་ནས་བསྲུང་ཐུབ་དགོས། ལྷག་པར་དུ་དེང་སང་གི་དུས་ཚོ་དེར་གྲྭ་བ་དང་ཇོ་མོ་མང་པོ་ཞིག་རབ་དང་རིམ་པ་སྐྱ་སེར་ཕབ་བཞིན་པ་ནི་དངོས་ཡོད་གནས་ཚུར་རེད།
དེ་ལྟར་སྐྱ་སེར་ཕབ་པ་ལ་རྒྱུ་མཚན་མང་པོ་མཆིས་ངེས། ངའི་བསམ་ན་ང་ཚོ་ལོ་ན་ཆེ་རུ་སོང་དུས་སེམས་ལའང་དྲན་རྒྱུ་མང་བ་དང་། འདོད་པ་མང་བ། བློ་ཚུགས་མི་ཐུབ་པ་སོགས་རྒྱུ་རྐྱེན་མང་པོས་ཆོས་གྲྭར་བསྡད་འདོད་མེད་པ་དང་། ཡང་འགའ་ཤས་ནི་བསམ་བློ་གུ་དོག་ཆེ་བ་སྟེ་ལོ་དང་ཞག་ཙམ་ལས་མི་ཚེའི་ལམ་ཐག་རིང་པོ་རྒྱང་བལྟ་བྱེད་མི་ཐུབ་པར་འཕྲལ་དུ་གང་བདེ་དང་། གང་ཕན་སོགས་ལ་བསམ་བློ་ཕྱོགས་ནས་ཕུགས་ཀྱི་མདུན་ལམ་རིང་པོ་ཡལ་བར་དོར་བས་ཡིན།
མངོན་མཐོའི་རྒྱུ་ནི་གསུངས། །
་
ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །
་
ལ་ལར་ཚུལ་ཁྲིམས་བདེ་བ་ཡིན། །
ལ་ལར་ཚུལ་ཁྲིམས་སྡུལ་བསྔལ་ཡིན། །
་
ཨ་ནེར་ཚུལ་ཁྲིམས་བདེ་བ་རེད། །
ཇོ་མོར་ཚུལ་ཁྲིམས་སྡུག་བསྔལ་རེད། །
ཨ་ནི་ཐོབ་དང་ཇོ་མོ་ཐོབ། །
དེ་ནི་དུས་ཀྱིས་བསྟན་བགྱི་རེད། །