ཨེ་མ་ཧོ།
དེ་རིང་འདི་ནས་མི་ཚོགས་ཀྱི་འཚང་ཁ་ནི་གྲོག་ཚང་ཁ་བརྡོལ་བ་ལྟ་བུའི་གྲངས་ཀ་ལ་ཚོད་འཛིན་དང་གནས་ངེས་མེད་དུ་བགྲོད་པ་དག་གི་ཁྲོད་ན་ངོ་ཤེས་ས་ཡང་གཅིག་ཀྱང་མེད་པའི་གནམ་ཐང་དུ་རང་ཉིད་གཅིག་པུས་ལག་སྒམ་དང་ཀུ་ཤུའི་གློག་ཀླད་ཆུང་ཆུང་ཞིག་བཟུང་ནས་བར་དོའི་སེམས་ཅན་བཞིན་དུ་ཤར་གླིང་བགྲོད་ཀྱི་ཨང་རྟགས་༣༢ པའི་ཁང་ཚན་དུ་སོང་། ལམ་བར་ནས་སྲུང་སྐྱོབ་ཉེན་རྟོག་པས་ཡུན་མི་རིང་བར་ངའི་ལུས་དང་། དངོས་ཆས་ལ་བརྟག་དཔྱད་ཟིན་ནས་ཁང་ཚན་དུ་བདེ་བར་ཐོན། དེ་ན་ཚང་མས་ལག་ཁྱེར་ཁ་པར་དང་འཕྲུལ་ཀླད་དང་གསར་ཤོག་ལ་གཡེང་ནས་ཡོ་གླིང་ཕྱོགས་ཀྱི་འཕུར་གྲུའི་གནམ་བགྲོད་དུས་ཚོད་ལ་སྒུག་བཞིན་འདུག
རང་གིས་ཨ་ཙི་འདི་དག་རང་གཞན་ཚང་མ་འདོད་པ་བདེ་བ་དང་སྡུག་བསྔལ་མི་འདོད་པའི་རྣམ་པ་མི་དང་སོ་སོར་འདོད་ཕྱོགས་སྒྲུབ་པ་ནི་གྲོག་མའི་འགྲོ་སྟངས་ཞིག་གཅིག་མཚུངས་རེད་མི་འདུག་གམ་སྙམ། མྱུར་བར་ཀུན་སློང་རྣམ་དག་སྣང་དུ་བཅོས་ཞིང་སྨོན་ལམ་ཡང་དག་བཏབས། ང་ཚོ་ཚང་མ་ནུབ་ཕྱོགས་བདེ་བ་ཅན་དུ་དགའ་ཡ་ཡེ་སྤྲོ་སངས་ངེ་བྱ་རྒོད་རྙི་ལས་ཐར་བ་བཞིན་དུ་དག་པའི་ཞིང་ཁམས་སུ་འདུན་པ་གཏད་ནས་ནམ་རྒྱུན་གྱི་ཁ་ཏོན་དེ་འདོན། སྐར་གྲངས་སུམ་ཅུ་ཙམ་སོང་ནས་ཁ་ཏོན་དཔེ་ཆ་ཉར་ཚེགས་ཟིན་པ་དང་། གནམ་ཐང་གི་རབ་གསལ་ཕྱི་བགྲོད་ཀྱི་སྒོ་འགྲམ་དུ་དབང་བསྡུད་གསོལ་འདེབས་འདོན་བཞིན་ངལ་གསོས་ངང་བསྡད།
གློ་བུར་དུ་ནུབ་ཕྱོགས་ཀྱི་ཨ་ནེ་གཟན་ཤམ་རྙིང་རུང་སྤུས་གཙང་གྱོན་པ་ཞིག་ཕེབས་སོང་། དེ་ཡང་རང་མཐོང་གི་ཆེ་འདོད་དང་ང་རྒྱལ་སོགས་གང་ཡང་མེད་པར་ལག་གཉིས་ཐལ་མོ་སྦྱར་ནས་བཀྲ་ཤིས་བདེ་ལེགས། བདེ་མོ་ཡིན་ནམ་གསུངས། ང་ཡང་ནམ་རྒྱུན་ངོ་ཤེས་མིན་པའི་མི་ལ་དོན་དག་མེད་པའི་སྐད་ཆ་བཤད་རྒྱུ་དགའ་བོ་མེད། ཁྱད་པར་དབྱིན་སྐད་རྒྱ་སྐད་ཀྱིས་ཉོག་གཏམ་བཤད་འདོད་གཏན་ནས་མེད་ཀྱང་། གཅིག་ན་སྟོན་པའི་ན་གཟའ་གྱོན་པ་གཅིག་མཚུངས་ཡིན་པ་དང་། གཉིས་ན་བོད་སྐད་དག་མས་སྣ་བསུས་ཞིང་འཚམས་འདྲི་གནང་བ་དང་། གསུམ་ན་དད་གུས་དང་ཞེ་ས་བཅས་བདག་ལ་འོས་ན་ངས་ལན་གང་ཡང་མ་བྱས་ན་འགྲིག་ས་མི་འདུག་སྙམ་ནས།
ངས། ཨེ། བཀྲ་ཤིས་བདེ་ལེགས། ཁྱོད་གང་ནས་ཡིན། མིང་ལ་ཅི་ཟེར་ཞུས།
མོས། ངའི་མིང་ལ་སྐལ་བཟང་དྲེགས་ལྡན་ཡིན། དབྱིན་ཡུལ་ན་དགོན་ནང་གཏན་འདུག་ཡིན། ཁྱེད་གང་ནས་ཡིན་ནམ། མཚན་ལ་ག་རེ་ཞུ། གང་དུ་ཕེབས་དགོས་སམ་གསུངས།
ངས་བསམ་པ་ལ་ནུབ་ཕྱོགས་སུ་ཨ་ནེ་གྲྭ་བ་ཤིན་ཏུ་དཀོན་པོ་རེད། མོའི་མིང་དང་། དགོན་པ་ཡོད་རབས་བཤད་ལུགས་ལ་བལྟས་ན་དོལ་ཚོགས་གཅིག་ཡིན་པར་ཐག་གིས་ཆོད། ཡིན་ན་ཡང་མི་མང་འདི་འདྲ་ཞིག་གིས་ནང་ནས་སྐད་ཆ་ལ་ལན་མ་བྱས་པར་མཚམས་བཞག་ན་མི་འགྲིག་སྙམ་ནས།
ང་བདེ་མོ་ཡིན། ང་ཡང་དབྱིན་ཇིའི་ལུང་པ་ན་བསྡད་ཡོད། ང་རང་གི་ཆོས་ཚོགས་ལ་འགྲོ་རྒྱུ་ཡིན། ངའི་མིང་ལ་དཔལ་དགྱེས་པ་ཡིན། ང་ནི་སྔ་འགྱུར་རྙིང་མ་པ། མཁན་པོ་ཞིག་ཡིན་ཞེས་བཤད།
ཁྱོད་ཨ་ནེ་ཡིན་ནམ། ཆོས་ལུགས་གང་ཡིན་ནམ། ཨ་ནེ་བྱས་ནས་ལོ་ག་ཚོད་འགོར་སོང་ངམ། ཞེས་དྲིས།
མོས་པུས་མོ་ས་ལ་གཙུགས་ནས་ཤིན་ཏུ་ཞེ་ས་དང་བཅས། ང་ཨ་ནེ་ཡིན། ཆོས་ལུགས་བཀའ་གདམས་པ་ཡིན། དགེ་བཤེས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་ལས་ཨ་ནེ་སྒྲུབ་ནས་ལོ་བཅུ་བཞི་ལྷག་ཡིན། ཞེས་དང་། ང་ནི་ཆོས་ལུགས་དང་སྲོལ་རྒྱུན་འཛིན་པ་ལ་ཤིན་ཏུ་དགའ་ཞེན་ཆེ་ཞེས་ཡིད་དབང་འཕྲོག་པའི་ཞི་དུལ་གྱིས་ལབ་སོང་། ད་དུང་མོས་མུ་འཐུད་དུ་བརྗོད་རྒྱུ། སོ་སོའི་སྙན་གྲགས་ཀྱི་ཆེད་ཙམ་མིན་པར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཞུགས་ནས་ང་ཡང་གིས་རང་དབང་ཆོས་ཀྱི་དཔལ་ལ་ལོངས་སུ་སྤྱོད་ན་སྙམ་ཡོད་གསུངས།
ངས། ཡ་ཡ། ཨང་སྟེགས་ཐོག་ལ་ཡར་བཞུགས། ལེགས་སོ། ངས་བོད་ཕྱི་ནང་གི་ལོ་རྒྱུས་དང་། རྒྱལ་ཕྱི་ནང་གི་གནས་ཚུལ། ཆོས་ཕྱི་ནང་གི་ཁྱད་པར་ཚང་མ་ཤེས་ཀྱིན་ཡོད། ང་ཚོ་ནུབ་ཕྱོགས་སུ་བཞུགས་པའི་རང་དབང་ཅན་ཚོ་རང་དབང་མེད་པའི་རྒྱ་ནག་གིས་མནར་གཅོད་གཉིས་ལ་བསམ་ན་གནམ་ས་བཞིན་ཁྱད་པར་ཆེན་པོ་ཡོད། ང་ཚོ་རང་དབང་ངོ་མ་རེད། ཡིན་ན་ཡང་ང་ཚོས་རང་དབང་དེ་སེམས་ཀྱི་ཞི་བདེ་དང་གུ་ཡངས་བློ་བདེ་བྱ་བ་དེ་ནང་པའི་ཆོས་གཞུང་ལས་བཤད་པ་བཞིན་འབྱུང་བར་མཛད་དགོས། ཆོས་ཆོས་བཞིན་དུ་སྤྱོད་དགོས། ཆོས་རྣམ་དག་སྒྲུབ་དགོས་རེད། འཁོར་བ་སྡུག་བསྔལ་ཡིན་པར་ཤེས་དགོས། དེ་ལས་ཐར་འདོད་ཀྱི་བློ་བཅོས་མིན་ཡོད་ན་ཨ་ནེ་དང་གྲྭ་བ་རྣམ་དག་རེད། དེ་འདྲ་འབད་དགོས་ཚུལ་སོགས་བཤད།།
མོས། གུས་འདུད་དང་བཅས་མིག་མཆི་མས་གང་ཏེ། འོ་ན་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་སམ་གསུངས།
ངས། དང་པོ་སྦྱོར་བ་སེམས་བསྐྱེད་རྣམ་དག བར་དུ་དངོས་གཞི་དམིགས་མེད་དམ་པ། མཐར་རྗེས་བསྔོ་བ་དམ་པ་གསུམ་ངེས་པར་ཚང་དགོས། དེ་ཚང་ན་དམ་པའི་ཆོས་ཡིན། སྤྱོད་པ་ཡང་གཞན་གནོད་གཞི་དང་བཅས་པ་སྤོང་བ། གཞན་ཕན་གཞི་དང་བཅས་པ་སྒྲུབ་པ། རང་གཞན་གྱི་སྣོད་བཅུད་ཀྱི་སྣང་བ་འདི་དག་གསང་བ་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་དང་མཐུན་པར་འབད་དགོས་པ་ལས། དེ་ལས་གཞན་དུ་གྱུར་ན་གང་ཡང་མི་ཕན། མི་རིགས་ཀྱི་རིགས་ཞེན་དང་ཆོས་ལུགས་ཞིག་གི་ཕྱོགས་ཞེན་ཁོ་ན་ཁ་ལ་ཁྱེར་ལག་ལ་བླངས་ནས་འཐབ་རྩོད་རྩོད་གླེང་གི་དམག་འཁྲུག་ནི་བླ་གྲྭ་ཨ་ནེ་སུ་ཡིན་ཡང་བྱས་ན་ཡག་པོ་མ་རེད། ཡིན་ན་ཡང་བདེན་དོན་གྱི་སེམས་ཀྱི་སོར་བྱང་སྔགས་ཀྱི་ཚུགས་ཀ་ཤོར་མི་ཉན་པ་སོ་སོའི་ལས་འགན་རེད། འདི་ནི་ངས་ཁོག་ནས་རྡོལ་བའི་བདེན་གཏམ་ཡིན། དྲང་པོ་གང་ཤར་ཞུས་པ་ཡིན།
ཁྱེད་ཨ་ནེ་ངོ་མ་ཞིག་ཡིན་ད་ཕྱིན་སོ་སོའི་སྲུང་སྡོམ་ཡག་པོ་སྲུངས། ཞི་ལྷག་སྒོམ་ཅི་ནུས་དང་། འདོད་ཆུང་ཆོག་ཤེས་ངང་མི་ཚེ་སྙིང་པོ་ཡོད་པར་མཛད་ནས་རང་དབང་བདེ་སྐྱིད་ངོ་མ་འདི་ཕྱི་གཉིས་ཀ་ཕན་བདེ་འབྱུང་བ་དེ་རེད། དེ་མིན་དོན་མེད་ཀྱི་འུར་སྒྲོག་དང་། དམ་པའི་ཆོས་དང་མཐུན་པའི་ལས་བསགས་ནས་དམ་ཆོས་ཉམས་ལེན་མ་བྱས་ན་ཕན་ཐོག་གཏན་ནས་ཡོད་མ་རེད། མདོར་ན་རིགས་ཞེན་དང་ལ་རྒྱ་ནི་རྣམ་དཔྱོད་ལེགས་པའི་ལམ་དུ་གཏོང་དགོས། བདེན་ཚིག་ལ་སྤོབས་པ་དགོས། སོ་ཐར་གྱི་ངེས་འབྱུང་དགོས། བྱང་སེམས་ཀྱི་སྙིང་རྗེ་དགོས། གསང་སྔགས་ཀྱི་དག་སྣང་དང་ལྟ་སྒོམ་སྤྱོད་ལམ་ཚང་མ་མཐུན་དགོས་པ་རེད་ཀོ དེ་དང་དམ་པའི་ཆོས་དང་མ་མཐུན་ན་ཆོས་མིན་པས་དེ་ལུགས་ངེས་པར་མཁྱེན་དགོས། ངས་ཏཱ་ལའི་བླ་མའི་ཕྱོགས་སྒྲུབ་པ་མིན། ཁྱེད་ཚོའི་ཕྱོགས་ལ་སྨད་པ་མིན། གཟུར་གནས་ཀྱི་གཟུ་བ་ཞིག་བྱས་ནས་བསམ་བློ་བཏང་ན་འཛམ་གླིང་མི་དམངས་དུང་ཕྱིར་བདུན་ཅུ་ལྷག་གི་ནང་ན་ང་ཚོ་ནང་པ་དུང་ཕྱུར་གཅིག་ཙམ་ལས་ནང་པ་སངས་རྒྱས་པ་ཤིན་ཏུ་ཉུང་། དེ་བས་བོད་བརྒྱུད་ནང་བསྟན་ལ་ཞུགས་པ་ཉུང་།
དེས་ན་བསྟན་པ་འདི་ལ་ཤ་ཚ་དང་སོ་སོའི་རང་ལ་སྙིང་རྗེ་བྱས་ནས་མདོ་རྒྱུད་མན་ངག་དང་མཐུན་པ་ཞིག་དགོས་པ་ལས་སྐད་འབོད་དང་སྒྲོ་སྐུར་མང་པོ་ལབ་རྒྱུ་མང་དྲགས་ན་རང་གཞན་གཉིས་མེད་འགྱུར་བས་གཟབ་དགོས། འཇིག་རྟེན་པའི་དྲེགས་པ་ལ་སྐྱབས་སུ་འགྲོ་བཞིན་ནང་པ་སངས་རྒྱས་པ་ཡིན། བཀའ་གདམས་པ་ཡིན་བཤད་ན་སྣ་འཐེན་ནས་ཁ་ནང་དུ་ཨེ་འོང་ལྟ་བ་དང་གཅིག་མཚུངས་རེད།
མདོར་ན་བཀའ་གདམས་པའི་མིང་དེ་འཇིག་རྟེན་པའི་ལུགས་སུ་སྒྱུར་ན་ཡག་པོ་གཏན་ནས་མེད་མ་རེད། དེ་ལྟར་བྱས་ན་དམ་པའི་ཆོས་ཀྱི་རྩ་བ་རུལ་ཚར། ཉམས་ལེན་གྱི་སྡང་པོ་བསྐམས་ཚར། ཚེ་འདི་ཕྱི་གཉིས་ཀ་མེད་པའི་ངོ་ཚ་དང་། ཁྲེལ་མེད་ཉོ་བཞིན་འཆི་དགོས་ན་མི་འགྱོད་དམ།
བཀའ་གདམས་པ་ངོ་མ་ཞིག་ཡིན་ན། བཀའ་གདམས་ཕ་ཆོས་རྣམས་ལ་གཟིགས་དང་། ལྷག་པར་འབྲོམ་སྟོན་པས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།།བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།། ཞེས་སོགས་གསུངས་པ་ལྟར་རོ། ། ཁྱད་པར་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་བློ་སྦྱོང་ཚིག་བརྒྱད་མ་ལྟ་བུ་གཟིགས་དང་། གཞན་ཞིག་ལ་རང་དབང་དགོས་ཟེར་སྐད་འབོད་རྒྱག་པ་བཀའ་གདམས་པའི་ཆོས་བརྒྱུད་གཙང་མ་ལ་ད་སྔོན་གཏན་ནས་བྱུང་མ་མྱོང་བ་དང་།དེ་འདྲ་སྐད་ཅོལ་རྒྱག་པ་བཀའ་གདམས་པའི་ཕ་ཆོས་དང་རྒྱབ་འགལ་དངོས་རེད། དེས་ན་འུར་རྒྱུགས་མ་བྱས་ན་ཨ་ནེ་དག་མ་དང་སྐལ་བ་བཟང་པོ་རེད། དེ་མིན་དྲགས་ལྡན་ནམ་འཇིག་རྟེན་པ་རེད། གང་ལྟར་ངས་བསམ་པ་དཀར་པོས་ཁྱོད་ལ་ཁ་ཏ་དང་ཁ་ལག་གཙང་མས་མཆོད་པ་ལྟ་བུ་ཡིན་བཤད་དོ།
མོས། ལགས་སོ། ཞེས་གུས་འདུད་ཐལ་སྦྱར་བཅས་ཁྱེད་ཀྱི་སྐུ་མདུན་དུ་ཡང་སྐྱར་ཡོང་ཆོག་པར་ཞུ་གསུངས་སོང་།།
ངས། ལགས་སོ། བདེ་མོ་ཕེབས་ཞེས་ལན་བཅས་སོ་སོར་གྱེས་སོ།
ཡིན་ན་ཡང་ངའི་ས་གནས་དང་འབྲེལ་ཐུག་ཁ་བྱང་གང་ཡང་སྤྲད་ཀྱང་མེད་ལ་ངས་མོའི་ཁ་བྱང་སོགས་རྗེས་སུ་འབྲེལ་གནས་གང་ཡང་བྱེད་འཆར་མེད་དོ།།
ཕྱི་ལོ་༢༠༡༤ /༡༢ /༢༩ ལའོ།།
་་་་་་་་་་་་་་་་ གསང་སྔགས་ཀྱི་དག་སྣང་དང་ལྟ་སྒོམ་སྤྱོད་ལམ་ཚང་མ་མཐུན་དགོས་པ་རེད་ཀོ དེ་དང་དམ་པའི་ཆོས་དང་མ་མཐུན་ན་ཆོས་མིན་པས་དེ་ལུགས་ངེས་པར་མཁྱེན་དགོས། ངས་ཏཱ་ལའི་བླ་མའི་ཕྱོགས་སྒྲུབ་པ་མིན། ཁྱེད་ཚོའི་ཕྱོགས་ལ་སྨད་པ་མིན། གཟུར་གནས་ཀྱི་གཟུ་བ་ཞིག་བྱས་ནས་བསམ་བློ་བཏང་ན་འཛམ་གླིང་མི་དམངས་དུང་ཕྱིར་བདུན་ཅུ་ལྷག་གི་ནང་ན་ང་ཚོ་ནང་པ་དུང་ཕྱུར་གཅིག་ཙམ་ལས་ནང་པ་སངས་རྒྱས་པ་ཤིན་ཏུ་ཉུང་། དེ་བས་བོད་བརྒྱུད་ནང་བསྟན་ལ་ཞུགས་པ་ཉུང་། ་་་་་་་་་་་་་
དབྱིན་ཇི་ཨ་ཎེ་དེ་དོལ་ཕྲུག་ཞིག་་ཡིན་ས་རེད་་་འདའ་ལེ།
དོལ་འདྲེ་མ་དེ་སེམས་དྲང་ཞིག་ཡིན་ན། བློ་ཆོས་སུ་ཁྲིད་དགོས་བ་དང་། ལུས་དོལ་འདྲེ་ཚང་ནས་སྐྱོབས་དགོས་སོ། མགོ་མ་ཚོས་མགོ་སྐོར་འོག་གི་དོལ་འདྲེ་ཕོ་མོ་ལ་ལག་འབྲེལ་འཇོག་ཐུབ་ན་བཟང་ངོ། སྐྱབས་ཡང་དག་གི་འོག་ནས་ཆོས་ཡང་དག་ཞིག་བྱེད་དུ་འཇུག་དགོས་སོ།
སྐྱབས་རྗེ་ཕ་བོང་པས་དོལ་རྒྱལ་ལ་རེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་གྱི་གསོལ་མཆོད་སྤེལ། ༸གོང་ས་ཡིད་བཞིན་ནོར་བུས་དོལ་རྒྱལ་ལ་ལུང་བསྟན་ཞུས། མཐར་གསུམ་ག་ལ་ནག་ཐིག་གཅིག་ཕོགས་པ་འདྲ་བ་མི་འདུག་གམ། ལགས།
དོལ་རྒྱལ་དོལ་རྒྱལ་མ་གསུངས། དྲང་བདེན་དྲང་བདེན་མ་ལབ། གཞན་དོན་གཞན་དོན་མ་ཟེར། ཕྱོགས་ལྷུང་ཕྱོགས་ལྷུང་མ་བཤད། ལ་རྒྱ་ལ་རྒྱ་མ་སྨྲ། རང་ཉིད་ལ་རྒྱའི་རྒྱལ་པོ། རང་ཉིད་ཕྱོགས་ལྷུང་གི་དཔའ་བོ་ཡིན་པ་འཛམ་གླིང་ན་གྲགས་ཡོང། ཧཧཧཧཧ
སྤྲུལ་སྐུ་གྲགས་རྒྱན་གྲོངས་ནས་ནི། །
དོལ་གྱི་ཆུ་བོར་གདོན་འདྲེར་སྐྱེས། །
༸པཎ་ཆེན་ལ་སོགས་མཁན་བླ་ཡིས། །
བདག་སྐྱོངས་མ་མཛད་འུ་ཐུག་ནས། །
༸ས་སྐྱའི་བདག་ཆེན་དམ་ཕྱོགས་སུ་བྲོས། །
ཕྱིས་སུ་དགེ་ལྡན་རི་ཁྲོད་དུ། །
༸ཕ་བོང་བདེ་ཆེན་སྙིང་པོས་བསྟེན། །
༸ཁྲི་བྱང་བླ་མས་སྲོག་གཏད་ཞུས། །
༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། །
གཞིས་བྱེས་གཉིས་སུ་ཁྱབ་སྤེལ་མཛད། །
༸གོང་མཆོག་ཀྱང་དེས་རྐྱེན་བྱས། །
བཅུ་ཁྲག་འགའ་ཤས་ཧུར་དག་བསྟེན། །
ཕ་རྒོད་བླ་མའི་ཞལ་ལུང་དེ། །
འདྲེ་རྒོད་དོལ་རྒྱལ་སྐྱོབས་ཕྱིར་མཛད། །
སྨོན་ལོག་དམ་སྲི་ཤུགས་ལྡན་གྱི། །
བསྟན་འགྲོར་གནོད་པ་མངོན་སུམ་མཐོང་། །
དེ་ནས་ད་ལྟའི་བར་དུ་ནི། །
དམ་མིན་དམ་ལྡན་དབྱེ་བའི་ཕྱིར། །
ཁ་དང་ཁ་སྤུ་སོ་སོར་འབྱེད། །
རྒྱ་བོད་རྒྱབ་རྩར་སོ་སོར་ལངས། །
བདུད་ཕོ་བདུད་མོ་སྡིག་ཅན་ཀུན།
སྙིང་རྗེའི་ཡུལ་ཞེས་སྟོན་པས་གསུངས།
གདོན་འདྲེ་འབྱུང་པོ་དོལ་རྒྱལ་ཡང་།
སྙིང་རྗེས་ཚར་གཅོད་ཚར་གནོན་དགོས། །
ཚོགས་གཙོ་སྤེན་ཚེས་དོལ་རྒྱལ་སྐོར་ལ།
https://www.youtube.com/user/ctaonlinetv