ཆབ་མདོ་ངག་ཕུན།
དེ་ཡང་སྔོན་གྱི་དུས་སུ་ཆུ་རོང་མ་ཞེས་པའི་ཚ་བ་ཆེ་བའི་ལུང་པ་ཞིག་ཏུ་རྒས་པོ་ཀུན་མཁྱེན་ཟེར་བ་ཞིག་ཚོར་སྡོད་བྱེད་ཀྱི་ཡོད། ཀུན་མཁྱེན་ནི་ལུང་པ་དེར་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་ཞིང་། མི་ཚེ་ནང་དུ་སྐྱིད་སྡུག་སྣ་ཚོགས་ཤིག་མྱོང་བའི་མི་རྒས་ཞིག་ཀྱང་ཡིན་པ་རེད། ཀུན་མཁྱེན་ནི་ཆུང་དུས་ནས་ལུང་པ་དེར་ཞིང་ལས་ཁོ་ནར་བརྟེན་ནས་མི་ཚེའི་འཚོ་བ་རོལ་གྱི་ཡོད། ཀུན་མཁྱེན་ལོ་བཅོ་ལྔ་ཙམ་ཟིན་རྗེས་ཕ་མ་གཉིས་ལ་གློ་བུར་ནད་གཞི་དྲག་པོ་འཕོག་པ་དང་། སྤུན་ཉེ་འབྲེལ་ཚོས་སྨན་ཁང་དུ་བསྟེན་གཏུགས་སོགས་ཀྱིས་རོགས་པ་དང་ཐབས་ཤེས་གང་ཡོང་བྱས་རུང་ཕན་ཐོགས་མེད་པ་སྔ་ཕྱི་རིམ་པ་བྱས་ཏེ་ཕྱི་མའི་ལམ་དུ་གཤེགས་པ་རེད།
དུས་དེ་ནས་བཟུང་སྟེ་ནང་གི་འགན་འཁུར་ཚང་མ་ཀུན་མཁྱེན་གྱི་ཕྲག་སྟེང་དུ་ལྷུང་ཞིང་། ཀུན་མཁྱེན་གྱིས་མི་འདོད་བཞིན་དུ་ནང་གི་འགན་འཁུར་དང་ལེན་བྱེད་དགོས་བྱུང་། ཀུན་མཁྱེན་ནི་གཞན་གྱི་བུ་ཕྲུག་ལྟར་ལོ་ཆུང་གི་ཚོར་བ་རོལ་རྒྱུ་གོ་སྐབས་བྱུང་མེད་ལ། ཀུན་མཁྱེན་ལོ་ཆུང་ཡང་བསམ་བློ་གཏོང་སྟངས་གནས་ཚད་མཐོན་པོ་ཡོད་ཅིང་། ཕྱི་ཡི་ཀུན་སྤྱོད་ཞི་ཞིང་འདུལ་བ་དང་། ནང་གི་སྨྲ་བ་མཁས་ཤིང་ཀུན་གྱིས་ཡིད་སྨོན་ཤོར་བའི་གཞོན་ནུ་ཞིག་ཡིན་པ་རེད། སྡོད་རི་བོང་ལས་གཙུག་པ་དང་། འགྲོ་ཞི་མི་ལས་མཁས་པ་ཡོད་པས་གྲོང་མི་རྒན་འཁོགས་རྣམས་ཀྱིས་ཡང་ཡང་བསྟོད་དབྱངས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད་ལ། གྲོང་མི་བར་དུ་མཐུན་ལམ་བཟང་བ་དང་། རྒན་རབས་རྣམས་ལ་གུས་ཞབས་དེ་ལས་ཀྱང་ཡག་པོ་ཡོད།
རིམ་གྱིས་ལུང་པ་དེར་ཁོ་རང་ལོ་ཚོད་དང་མཉམ་པའི་བུ་མོ་དཔག་བསམ་སྒྲོན་མ་ཟེར་བའི་ཉམས་ཆུང་ཞིང་ཡ་རབས་ལྡན་པའི་བུ་མོ་ཞིག་ཡོད་པས། ཁོ་གཉིས་ཆུང་དུས་ངོ་ཤེས་དང་འདྲིས་པོ་ཡོད་ནའང་ཀུན་མཁྱེན་གྱིས་དཔག་བསམ་སྒྲོལ་མ་ལ་ང་ཁྱེད་ལ་དགའ་ཡི་ཡོད་ཚུལ་ལབ་ནུས་ཀྱི་མེད། རིམ་གྱིས་ཀུན་མཁྱེན་གྱི་ཉེ་འབྲེལ་ཚོས་བུ་མོ་གཞན་དང་གཉེན་སྒྲིག་བྱེད་དགོས་ཚུལ་ཡང་ཡང་བརྗོད་ཀྱི་ཡོད་རུང་ཀུན་མཁྱེན་གྱིས་འདོད་མོས་ཁྱོན་ནས་བྱེད་ཀྱི་མེད། ཉིན་གཅིག་ཀུན་མཁྱེན་གྱི་བསམ་པར་དེ་འདྲའི་སེམས་ནང་དུ་ཉར་ནས་བསྡད་པ་ཡིན་ན་ཕན་ཐོགས་ཡོང་བ་ཞིག་མི་འདུག །དེ་ལས་ཁ་གསངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་ཞེས་པ་རེད་བསམ་ནས་ཉེ་འབྲེལ་ཞིག་ལ་ཁོ་བོ་དཔག་བསམ་སྒྲོལ་མ་དང་གཉེན་སྒྲིག་བྱ་རྒྱུ་འདོད་མོས་ཡོད་ཚུལ་བརྗོད་དོན་ལྟར། ཉེ་འབྲེལ་དེས་དཔག་བསམ་སྒྲོན་མ་མནའ་མ་སློང་ནས་ཁོ་གཉིས་ཕན་ཚུན་གཉིས་མོས་ཀྱི་ཐོག་གཉེན་སྒྲིག་བྱས་ནས་མི་ཚེའི་མཉམ་དུ་འཚོ་བ་རོལ་ནས་བསྡད། རིམ་གྱིས་བཟའ་ཟླ་དཔག་བསམ་སྒྲོན་མ་ལ་ཁོག་ཏུ་ཕྲུ་གུ་འཁོར་བ་དང་། ཟླ་དུས་ཚང་རྗེས་ཕྲུ་གུ་བུ་ཞིག་བཙས། ཕ་ཀུན་མཁྱེན་ཧ་ཅང་དགའ་སྣང་དཔག་མེད་དུ་སྐྱེས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྒྱ་མི་ཆུང་བ་སྤེལ། བུའི་མིང་ལ་ལྷག་བསམ་ཞེས་བཏགས། ཕ་ཀུན་མཁྱེན་དགོང་མོ་ལས་མཚམས་གྲོལ་རྗེས་བུ་ལྷག་བསམ་གཉའ་བ་སྒང་ལ་འཁྱེར་ནས་བྱམས་སྐྱོང་ཆེན་པོས་ལྟ་རྟོག་བྱེད་ཀྱི་ཡོད། བཟའ་མི་གཉིས་ཀྱིས་བུ་ལྷག་བསམ་ལ་ཧ་ཅང་གི་བྱམས་སྐྱོང་གི་ལྟ་རྟོག་བྱེད་ཀྱི་ཡོད་ཅིང་། བུས་གང་ཞིག་བྱ་འདོད་ན་བྱེད་བཅུག་པ་ལས་མ་བྱེད་ཅེས་གཤེ་གཤེ་ཚིག་ཅིག་ཀྱང་གཏོང་གི་མེད། གྲོང་མི་བསམ་ཡོད་ཅན་འགའ་ཤས་ཀྱིས་ཕ་མ་གཉིས་ཀྱི་བུ་ཕྲུག་གཅེས་ལངས་བཏང་ཆེ་དྲག་འདུག །ཕྲུ་གུ་མ་འོངས་པའི་མདུན་ལམ་ལ་གནོད་སྐྱོན་ཐེབས་ཚུལ་ཡང་ཡང་སེམས་པ་རྣམ་དག་གི་བཤད་ཀྱི་ཡོད་མོད། ཀུན་མཁྱེན་བཟའ་མི་གཉིས་ཀྱིས་ད་ལྟ་ལོ་ཆུང་རེད་ཅེས་བརྗོད་ན་སྣང་མེད་ཐོག་ནས་ཉན་འཇོག་བྱེད་ཀྱི་མེད།
མཐར་དཔག་བསམ་སྒྲོན་མ་ལ་ནད་གཞི་དྲག་པོ་ཞིག་འཕོག་པ་དང་། ཕ་བུ་གཉིས་ཀྱིས་རྒྱ་བོད་ཀྱི་སྨན་ཁང་ཁག་ཏུ་འཁྱེར་ནས་བཅོས་ཐབས་དང་། ལྷ་བླ་ཁག་ཏུ་ཞབས་རྟེན་དང་རིམ་འགྲོ་གང་ཡོང་བྱས་རུང་ཕན་ཐོགས་གང་ཡང་མེད་པས་ཕྱི་མའི་ལམ་དུ་གཤེགས། མ་དཔག་བསམ་སྒྲོན་མ་མ་གྲོང་བའི་སྔོན་ལ་བུ་ལྷག་བསམ་ལག་པ་ནས་དམ་པོ་བཟུང་སྟེ་ཨ་མས་བུ་ཁྱོད་ལ་རེ་སྐུལ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡོད་པས། དགོང་མོ་སྔ་ཙམ་མར་ཉོལ། ཞོགས་པ་སྔ་ཙམ་ལངས། དེ་བཞིན་རོགས་པ་སྡུག་པ་མཉམ་དུ་གཏན་ནས་འགྲོ་མི་རུང་། ཨ་ཕས་ལམ་སྟོན་གང་གནང་བ་རྣམས་རྡོ་ལ་རི་མོ་བྲིས་པ་ནང་བཞིན་བྱེད་དགོས་པ་ལས་ཆུ་ལ་རི་མོ་བྲིས་པ་ནང་བཞིན་གཏན་ནས་བྱེད་མི་རུང་སོགས་བསླབ་བྱ་ཡུན་རིང་གནང་བཞིན་དབུགས་ཀྱི་རྒྱུ་བ་ཆད། ལྷག་བསམ་གྱིས་ཨ་མ་ཞེས་ངུ་ནས་བསྡད་པ་ལས་བྱ་རྒྱུ་གང་ཡང་མེད་པ་གྱུར་བ་རེད།
དེ་ནས་ཕ་བུ་གཉིས་དང་གྲོང་མི་རྣམས་ཀྱི་རོགས་པ་བྱས་ཏེ་ཕུང་པོ་དུར་ཁྲོད་དུ་འཁྱེར་ནས་ཞུགས་འབུལ་བྱས། དུས་དེ་ནས་ནང་ལ་ཕ་བུ་གཉིས་ལས་མེད་ཅིང་། ཀུན་མཁྱེན་ནང་དུ་སླེབས་པ་དང་གཅིག་མ་ཚང་བ་ལྟ་བུ་སྣང་བ་ཤར་གྱི་ཡོད། ཀུན་མཁྱེན་ནི་བཟའ་ཟླ་གྲོངས་པའི་སེམས་སྡུག་གིས་ཁེངས་ཤིང་གནས་ཀྱི་ཡོད། ཀུན་མཁྱེན་གྱི་སེམས་ནང་དུ་ངས་འདི་འདྲ་བྱས་པ་ཡིན་ན་ག་ལ་འགྲིགས །ངེད་ཕ་བུ་མི་ཚེའི་ཚོར་བ་རོལ་དགོས་རེད་བསམ་ནས་རང་ཉིད་རང་ཉིད་ཀྱིས་སེམས་གསོ་བྱས་ཤིང་། ཨུ་ཚུགས་རྒྱབ་སྟེ་ལས་དོན་བྱེད་ཀྱི་ཡོད། འདི་འདྲའི་གནས་སྟངས་འོག་ནས་ལོ་ཟླ་རིམ་གྱིས་རྫོགས་པ་དང་། བུ་ལྷག་བསམ་ཡང་ཕོ་ལོ་ཉི་ཤུ་མ་ཟིན་ཙམ་སླེབས་པ་དང་། ལོ་ཚད་དེ་ཙམ་ཞིག་སླེབས་ཟིན་ནས་གཉེན་སྒྲིག་བྱེད་པའི་ལོ་ཚོད་སླེབས་པ་ཡང་ཕ་ཀུན་མཁྱེན་དྲན་པ་བརྗེད་པ་ལྟ་བུ་འགྱུར། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ཉིན་གཅིག་ལྷག་བསམ་གྱིས་ཨ་ཕ་ལ་སྐད་ཆ་ཙམ་ཡང་མ་བྲིས་ནས་མནའ་མ་ཡིན་ཟེར་ནས་ནང་དུ་བུ་མོ་ཞིག་ཁྲིད་ནས་འོང་བ་དང་། ཕ་ཀུན་མཁྱེན་གྱིས་བུ་ཁྱོད་ཀྱི་ང་ལ་སྐད་ཆ་དྲིས་པ་ཡིན་ན་བུ་མོ་ནང་མི་དང་སྐད་ཆ་བཤད་ནས་གཉེན་སྒྲིག་བྱས་ན་འགྲིགས་ཀྱི་རེད་པ། དེ་འདྲའི་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་མ་ཞེས་བཤད་པ་ལས་གཞན་གང་ཡང་མ་བཤད་ཅིང་། ཕ་ཀུན་མཁྱེན་གདོང་གི་རྣམ་འགྱུར་ལས་དེ་ཙམ་འདོད་བློ་མ་ཁེངས་པའི་རྣམ་པ་མངོན་ཡང་། བུས་ནང་དུ་མནའ་མ་ཁྲིད་ཟིན་པ་སོང་བྱ་ཐབས་གང་ཡང་མ་རྙེད་ནས་མཉམ་དུ་བསྡད་བཅུག་པ་རེད། མནའ་མའི་མིང་ལ་ལྷ་མཚོ་ཞེས་ཟེར་ཞིང་། མནའ་མོ་ལྷ་མཚོ་ནི་ངོ་གདོང་གི་མཛེས་བཟོ་ལ་དོ་དབྱིངས་བྱེད་པ་ལས་ནང་གི་ལས་དོན་ཐོག་ཏུ་དོ་འཁུར་བྱེད་མཁན་ཞིག་མིན། ཕ་ཀུན་མཁྱེན་གྱིས་བུ་ལ་ད་ཁྱོད་རང་གཉིས་ཞིང་ལས་ཐོག་ཏུ་དོ་སྣང་བྱེད་དགོས་པ་ཞིག་ལས་སྟོན་ཐོག་ཡག་པོ་ཞིག་མ་བྱུང་བ་ཡིན་ཁ་ལ་ག་རེ་བཟའ་རྒྱུ་ཡིན་ནམ་ཞེས་ཡང་ཡང་བཤད་ཀྱི་ཡོད་མོད། ཁོ་གཉིས་ཀྱིས་ཉན་འཇོག་རྩ་བ་རང་ནས་བྱེད་ཀྱི་མེད། ཕ་ཀུན་མཁྱེན་ནི་ལོ་ན་ཚོད་དབང་གིས་ཞིང་ཁར་གཡོག་བྱ་བྱེད་ཐུབ་ཀྱི་མེད་མོད། སེམས་ཀྱིས་མ་བཟོད་ནས་བུ་དང་མནའ་མ་ལ་ཞིང་ཁར་གཡོག་བྱ་བྱེད་དགོས་པའི་ཡང་ཡང་བཤད་ཀྱི་ཡོད། ཕ་རྒན་ཀུན་མཁྱེན་གྱིས་དེ་དག་བཤད་དུས་མནའ་མ་ལྷ་མཚོ་རྣ་བར་ཁྱོན་ནས་འགྲོ་ཡི་མེད་ལ། མནའ་མ་ལྷ་མཚོ་ནི་རང་བཞིན་ལོ་ཆུང་བའི་སྣང་བ་ལས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་ཤེས་མཁན་གྱི་བུད་མེད་གཅིག་མིན་པས། ནང་གི་ཕ་རྒན་ཀུན་མཁྱེན་ལ་མི་འདོད་པའི་རྣམ་འགྱུར་ཡང་ཡང་སྟོན་གྱི་ཡོད།
རིམ་གྱིས་མནའ་མ་ལྷ་མཚོར་ཕྲུ་གུ་བུ་མོ་ཞིག་བཙས། བུ་མོའི་མིང་ལ་བདེ་སྐྱིད་ཅེས་བཏགས་པ་རེད། མནའ་མ་ལྷ་མཚོ་ནི་ཕྲུ་གུ་སྐྱེས་ནའང་ད་དུང་ནང་གི་ལས་དོན་ཐོག་ཏུ་དོ་སྣང་བྱ་རྒྱུ་ཕར་བཞག་ད་དུང་རང་ཉིད་མཛེས་བཟོ་ལ་དུས་ཚོད་མང་བ་གཏོང་གི་ཡོད། ཕྲུ་གུ་ངུ་ནས་བསྡད་ནའང་སྣང་མེད་ཀྱིས་ངུ་བཅུག་གི་ཡོད་ཅིང་། ཕ་ཀུན་མཁྱེན་སེམས་ཀྱི་མ་བཟོད་ནས་བུ་མོ་སྤང་དུ་བླངས་ནས་ལྟ་རྟོག་བྱེད་དགོས་ཐུག་གི་ཡོད། རིམ་གྱིས་བདེ་སྐྱིད་ལོ་གསུམ་ཆགས་པ་དང་ཕ་མ་གཉིས་ལས་བདེ་སྐྱིད་ཀྱི་སྤོ་པོ་ལ་དགའ་སྣང་མང་བ་བྱེད་ཀྱི་ཡོད། ག་དུས་དུས་ཚོད་བྱུང་བ་ཡིན་ན་སྤོ་པོའི་འགྲམ་དུ་འོང་ནས་བསྡད་ཀྱི་ཡོད། དེ་དག་མནའ་མ་ལྷ་མཚོས་མཐོང་ནས་བུ་མོ་བདེ་སྐྱིད་ལ་སྤོ་པོ་མཉམ་དུ་བསྡད་མི་དགོས་ཞེས་གཤེ་གཤེ་གཏོང་བ་དང་། སྐབས་རེ་ཉེས་རྡུང་གཏོང་གིས་ཡོད་པ་རེད། དེར་བརྟེན་མ་ལྷ་མཚོའི་མ་མཐོང་བ་བྱས་ནས་བདེ་སྐྱིད་ཡོང་ནས་སྤོ་པོའི་འགྲམ་དུ་བསྡད་ནས་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ཀྱི་ཡོད། དེས་སྤོ་པོ་ཀུན་མཁྱེན་གྱི་སེམས་ནང་དུ་བདེ་བ་འདྲ་ཞིག་སྦྱིན་གྱི་ཡོད། ལྷ་མཚོས་ཁ་ལག་བཟའ་བར་སྤོ་པོ་ནང་དུ་སྐད་བཏང་གི་མེད་ལ། ཁ་ལག་ཉུང་ངུ་དེ་འདྲའི་སྤོ་པོ་སྤྲད་ཀྱི་ཡོད། དེ་དག་བུ་མོ་བདེ་སྐྱིད་ཀྱིས་མཐོང་དུས་སེམས་ཕམ་དང་འབྲེལ་རང་ཉིད་ཀྱི་བསྐལ་བ་སྦས་ནས་ཕ་མ་གཉིས་ཀྱི་མ་མཐོང་བ་བྱས་ནས་འཁྱེར་འོང་སྟེ་སྤོ་པོ་ལ་སྤྲད་ཀྱི་ཡོད།
མཐར་ལྷ་མཚོས་ཁྱོད་རང་གི་ཨ་ཕ་ནི་ཁྱེད་རང་མེད་སྐབས་ནང་དུ་རྒན་འཁོགས་འགའ་ཤས་སྐད་བཏང་ནས་ཤོ་བག་རྩེད་ནས་བག་མེད་ཀྱི་ལོངས་སྤྱོད་བྱེད་ཀྱི་འདུག་ཚུལ་དང་། ཁོ་ཚོའི་མདུན་དུ་ང་ལ་ལས་སྟངས་མེད་ཚུལ་སོགས་ཀྱི་དམའ་འབེབས་བྱེད་ཀྱི་ཡོད་ལུགས་མ་ཉེས་ཁ་ཡོག་བཤད་ནས་ཕ་བུ་བར་དཀྲུག་ཤིང་སྣ་ཚོགས་བཞག་ནས་མཐར་ལྷག་བསམ་ཕ་ལ་མི་དགའ་བ་བཟོས། དུས་དེ་ནས་བཟུང་སྟེ་ལྷག་བསམ་གྱིས་ཕ་ལ་སྐད་ཆ་ཙམ་ཡང་བཤད་ཀྱི་མེད་ལ། ཕ་ཀུན་མཁྱེན་གྱིས་བུ་འགྲམ་དུ་ཕྱིན་ནས་སྐད་ཆ་བཤད་པའི་ཐབས་ཤེས་རིམ་པ་བྱས་རུང་ལྷག་བསམ་གྱིས་སྐད་ཆ་བཤད་རོགས་བྱེད་ཀྱི་མེད། བུས་བྱེད་སྟངས་དེས་ཕ་ཀུན་མཁྱེན་གྱི་སྙིང་ནང་གྲི་བཙུགས་པ་ནང་བཞིན་ན་ཟུགས་གཏོང་གི་ཡོད། དུས་དེ་ནས་བཟུང་སྟེ་ཕ་ཀུན་མཁྱེན་གྲོངས་མེད་ཁེར་རྐྱང་དུ་ལྷག་པའི་སྣང་བ་ཤར་ནས་ཉལ་ཁང་དུ་གྲོགས་མེད་གཅིག་པུ་བཟའ་ཟླ་དྲན་ནས་མིག་ཆུ་གཏོང་བཞིན་བསྡད་ཀྱི་ཡོད།
གནས་སྟངས་དེ་འདྲའི་འོག་ནས་ལོ་ཟླ་རིམ་གྱིས་རྫོགས་པ་དང་། བུ་མོ་བདེ་སྐྱིད་ཆེན་པོ་ཆགས་ནས་སློབ་གྲྭ་གྲོལ་རྗེས་ལམ་སང་སྤོ་པོ་སྡོད་སར་ཡོང་ནས་སྤོ་པོ་མཉམ་དུ་སྐད་ཆ་འདྲ་བཤད་ནས་སྡོད་ཀྱི་ཡོད། ཕ་མ་གཉིས་ལས་ལྷག་ཙམ་བུ་མོ་བདེ་སྐྱིད་ཀྱིས་སྤོ་པོ་ལ་ལྟ་རྟོག་བྱེད་ཀྱི་ཡོད། མཐར་བདེ་སྐྱིད་མཐོ་སློབ་ཏུ་འགྲོ་དགོས་འཁེལ་བ་དང་། སྤོ་པོ་ཀུན་མཁྱེན་ལ་སྐད་ཆ་ཙམ་ཡང་བཤད་ས་མེད་པ་གྲོགས་མེད་ཁེར་རྐྱང་དུ་ལྷག །སྐབས་རེ་ཕ་ལྷག་བསམ་བུ་མོ་བདེ་སྐྱིད་ཐུག་ཏུ་སློབ་གྲྭར་ཡོང་གི་ཡོད་པ་དང་། སྐབས་དེ་དུས་བུ་མོས་སྤོ་པོ་བདེ་མིན་གྱི་སྐད་ཆ་ཡང་ཡང་དྲིས་ཀྱི་ཡོད་ལ། དེ་བཞིན་བདེ་སྐྱིད་ཀྱིས་ཕ་ལྷག་བསམ་ལ་སོ་སོའི་ཤ་ལས་མཆེད་པའི་ཨ་ཕ་རེད་ལྟ་རྟོག་ཡག་པོ་བྱེད་དགོས་ཚུལ་བཤད། ཕ་ལྷག་བསམ་གྱིས་བུ་མོ་ཁྱོད་རང་སློབ་སྦྱོང་ལ་དོ་སྣང་བྱས་དང་སྤོ་པོ་ལ་སེམས་ཁྲལ་མི་དགོས་ཞེས་ཁས་ལེན་དམ་བཅས་བྱས་པས། དེ་ནས་བུ་མོ་བདེ་སྐྱིད་བློ་ཕྲན་བུ་བདེ་ཙམ་བྱུང་།
བདེ་སྐྱིད་སློབ་སྦྱོང་ཁོ་ནར་འབད་བརྩོན་བྱེད་ཀྱི་ཡོད་པས་སློབ་གྲྭ་དེར་ལོ་ངོ་བཞི་ཙམ་གང་འདྲ་བྱས་ནས་རྫོགས་པ་མ་ཤེས་པའི་སྣང་བ་ཤར། དེ་ནས་རིམ་གྱིས་བདེ་སྐྱིད་མཐོ་སློབ་དེ་ནས་སློབ་མཐར་ཕྱིན་ནས་དགུན་གཞུང་དེར་བདེ་སྐྱིད་ནང་དུ་སླེབས། བདེ་སྐྱིད་ས་ཐོག་སྡོད་ལོང་མེད་པར་སྤོ་པོ་སྡོད་སར་ལྟ་བར་ཕྱིན། སྤོ་པོ་སྡོད་ས་ནི་གཙང་མ་བཟོས་ནས་སྤོ་པོ་མཐོང་རྒྱུ་མེད་པས། ལམ་སང་ཕྱིར་འོང་ནས་མ་ལྷ་མཚོ་ལ་སྤོ་པོ་གང་དུ་ཡོད་རེད་དམ་ཞེས་དྲིས། ཕ་ལྷག་བསམ་གྱིས་ངེད་གཉིས་ནང་གི་ལས་ཀ་བྱེད་དགོས་པ་དང་སྤོ་པོ་གཡོག་རྒྱུ་བཅས་ཁོམ་པ་ཞིག་མི་འདུག་པས། སྤོ་པོས་འདོད་མོས་ལྟར་རྒན་གསོ་ཁང་ལ་བཅུག་བཞག་ཡོད་ཅེས་བཤད་པ་དང་། བུ་མོ་བདེ་སྐྱིད་རང་དབང་མེད་པ་མིག་ཆུས་ཁེངས་ཤིང་། རྒས་གསོ་གང་དུ་ཡོད་དམ་ཞེས་དྲིས། ཕ་ལྷག་བསམ་གྱིས་བདེ་སྐྱིད་རྒན་གསོ་ཁང་ཟེར་བ་དེར་ཡོད་རེད་ཅེས་བཤད།
བུ་མོ་བདེ་སྐྱིད་ནང་དུ་ཇ་ཙམ་མ་འཐུང་བ་ཤར་རྒྱག་རླངས་འཁོར་ཞིག་གླས་ནས་བདེ་སྐྱིད་རྒན་གསོ་ཁང་དུ་ཕྱིན། རྒན་གསོ་ཁང་གི་ཕྱི་ལོག་དེར་བགྲེས་སོང་དུ་མ་ཞིག་ཡིག་དྲུག་བགྲངས་ནས་བསྡད་ཡོད་པ་མཐོང་བ་དང་། སྤོ་པོ་མཐོང་ས་ཨེ་འདུག་ཞི་བར་བལྟས་རུང་ཁྱོན་ནས་མ་མཐོང་། དེ་འདྲའི་ངང་ནས་ཁང་པའི་ཁུག་ཀྱོག་དེར་བགྲེས་སོང་ཞིག་གིས་མགོ་ལ་ཞ་མོ་གྱོན་ནས་བསྡད་ཡོད་པ་མཐོང་བ་དང་། དེའི་འགྲམ་དེར་ཕྱིན་ནས་ཞི་བར་བལྟས་པས། སྤོ་པོ་ཀུན་མཁྱེན་ཡིན་པ་ཤེས་རྗེས་ལམ་སང་བདེ་སྐྱིད་ཀྱི་སྤོ་པོ་ཞེས་འཐམ་ནས་མི་ཆུ་ཤོར། སྤོ་པོ་ཀུན་མཁྱེན་བུ་མོ་བདེ་སྐྱིད་ཡིན་པ་སྐད་ངོ་ཤེས་པ་དང་། བདེ་སྐྱིད་ཀྱི་མགོ་ལ་བྱིལ་བྱིལ་ཐེངས་འགའ་ཤས་བྱས་ཏེ། ཁྱོད་ག་དུས་ནང་དུ་སླེབས་པ་ཡིན་ནམ་མཐོ་སློབ་ཐོན་ཚར་བ་ཨེ་རེད་ཅེས་དྲིས། སྤོ་པོ་ལགས་ང་མཐོ་སློབ་ཐོན་ནས་ནང་དུ་སླེབས་པ་ཡིན། ངས་སྤོ་པོ་ལ་ལྟ་རྟོག་བྱེད་ཐུབ་མ་སོང་ཞེས་མིག་ཆུ་གཏོང་བཞིན་བརྗོད་པ་དང་། སྤོ་པོས་དེ་འདྲའི་སེམས་སྡུག་བྱེད་དགོས་པ་གང་ཞིག་འདུག །ང་ནི་གསོན་པོ་གནས་འདུག་པ་ཁྱོད་ཀྱི་ཕ་མ་གཉིས་ང་འདིར་སྐྱེལ་རོགས་ཞེས་ཨུ་ཚུགས་རྒྱབ་ནས་ང་རང་འདོད་མོས་ཐོག་ནས་ཡོང་བ་ཞིག་ཡིན་པ་ལས་གཞན་གང་ཡང་མ་རེད་ཅེས་བཤད་རུང་། སྔོན་གྱི་གནས་སྟངས་དེ་དག་ཤེས་ཀྱི་ཡོད་པས་བུ་མོ་བདེ་སྐྱིད་གཏམ་དེར་ཡིད་ཆེས་ག་ལ་བྱེད་སྲིད། བདེ་སྐྱིད་ཀྱི་སེམས་ནང་དུ་སྤོ་པོས་ང་སེམས་གསོ་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་ནས་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་བསྡད། མཐར་བདེ་སྐྱིད་ཀྱིས་སྤོ་པོ་ལག་པ་བཟུང་ནས་ནང་དུ་ལོག་འགྲོ་ཞེས་བཤད་པ་དང་། སྤོ་པོ་ཀུན་མཁྱེན་གྱིས་ང་དེར་སྐྱིད་པོ་ཞེ་དྲག་འདུག །ལྷག་དོན་འདིར་ཡར་འཛུལ་ཚར་དུས་མར་དོན་ཆོག་ཆོག་གཅིག་ཡོད་མ་རེད། ཡིན་ནའང་གང་ལྟར་གནས་དེར་ཁ་དོན་དགེ་སྦྱོར་བྱེད་ས་ཡག་པོ་འདུག་ལ། ང་རང་དང་ལོ་ཚོད་མཉམ་པ་རྒས་འཁོགས་ཚོ་དང་མཉམ་དུ་འདས་སོང་གི་སྐད་ཆ་འདྲ་བཤད་ནས་སྐྱིད་པོ་འདུག་ཟེར། ཡིན་ནའང་ངོ་གདོང་གི་རྣམ་འགྱུར་དེ་དག་ལ་བལྟས་ཚེ་སེམས་ནང་དུ་སྐྱིད་པོ་ཞིག་མེད་པར་ཚོར་ཐུབ་ཀྱི་ཡོད། བདེ་སྐྱིད་ཀྱིས་ཨུ་ཚུགས་མ་རྒྱབ་ནས་ལྟོ་ཕད་ཁ་ཕྱེས་ནས་ཤེལ་གྱི་ཕྲེང་བ་ཞིག་ཚུར་སྟོན་ནས་འདི་ངས་སྤོ་པོ་བརྔན་པ་ཆེད་དུ་ཁྲོམ་ནས་ཉོས་ནས་ཡོང་བ་ཡིན་ཟེར། སྤོ་པོ་ཀུན་མཁྱེན་གྱིས་ཤེལ་ཕྲེང་དེར་མ་ཎི་ཕྲེང་སྐོར་གཅིག་འདོན་ནས་རྟེན་འབྲེལ་ཡག་པོ་འགྲིགས་སོང་། ངས་སྒྲོལ་མའི་གཟུངས་སྔགས་འབུམ་ཐེར་གཅིག་བསགས་ཐུབ་པ་བྱེད་ཀྱི་ཡིན་ཟེར།
མཐར་བདེ་སྐྱིད་ཕྱིར་ནང་དུ་ཡོང་བ་དང་། ནང་དུ་སླེབས་དུས་ཕ་མ་གཉིས་ལ་སྐད་ཆ་ཚིག་ཅིག་ཀྱང་མ་བཤད་ནས་དགོང་མོ་ཁ་ལས་བཟས་ནས་ཉལ་ཁང་དུ་ཕྱིན་ནས་ཉལ། བདེ་སྐྱིད་རྒན་གསོ་ཁང་གི་གནས་སྟངས་དེ་དག་མིག་མདུན་དུ་འཁོར་བ་དང་གཉིད་སྐྱིད་པོ་ཞིག་ཁྱོན་ནས་མ་ཁུག་ཅིང་། དེ་ཡང་རྒན་གསོ་ཁང་དུ་བགྲེས་སོང་དེ་དག་མང་ཆེ་བའི་བུ་རྒྱུད་ཡོད་མཁན་རྐྱང་རེད་མོད། བུ་རྒྱུད་ཚོས་ངན་ཁག་འདྲ་མིན་སྣ་ཚོགས་བཏགས་ནས་ཕ་མ་རྒས་འཁོགས་རྒས་གསོ་ཁང་དུ་བསྐྱལ་བ་ཤ་སྟག་ཞིག་རེད། བགྲེས་སོང་འགའ་ཤས་ཀྱིས་བཤད་ན། བུ་ཕྲུག་ཆེན་པོ་ཆགས་པ་དང་། ཕ་མ་ལ་ལྟ་རྟོག་བྱ་རྒྱུ་དེ་ལས་ཀ་ལྷག་མ་ཞིག་ཏུ་ངོས་འཛིན་བྱེད་པ་ལས་ཆུང་དུས་གསོ་སྐྱོང་བྱེད་པ་དེ་དག་དྲན་པ་བརྗེད་ནས་རྒན་གསོ་ཁང་དུ་བསྐྱལ་བ་རེད། ཡིན་ནའང་བུ་རྒྱུད་ལ་སྐྱིད་པོ་བྱུང་ན་དེ་ག་རང་གི་འགྲིགས་པ་རེད། ང་ཚོ་ནི་ཉིན་མ་གཅིག་གཉིས་ཀྱི་མགྲོན་པོ་རེད་ཟེར་བ་དང་། ཡང་རྒས་འཁོགས་འགའ་ཤས་ཀྱིས་བཤད་དོན་བུ་ཕྲུག་ཆུང་དུས་ཆམ་པ་ཙམ་ཞིག་འཕོག་པ་ཡིན་ན་མཚན་མོ་ཉལ་ཁུག་གི་མེད་ལ། ཚ་བ་འཇག་ཐབས་ཀྱི་ཆེད་དུ་ལག་རས་རློན་པ་བཟོས་ནས་ཐོད་པ་བཞག་གི་ཡོད། ཁ་ལ་བཟའ་རྒྱུ་ཞིམ་པོ་རག་པ་ཡིན་ན་རང་ཉིད་ཀྱི་བཟའ་མ་ནུས་ནས་བུ་ཕྲུག་གི་ཆེད་དུ་འཁུར་ནས་ཡོང་གི་ཡོད། གྱོན་ཆས་ཡག་པ་གཅིག་ཡོད་ན་བུ་ཕྲུག་ལ་གཡོག་ནས་རང་ཉིད་ཀྱི་གྱོན་ཆས་རལ་པ་གྱོན་ནས་སྡོད་ཀྱི་ཡོད། དེ་བཞིན་ཕྲུ་གུ་རྩེད་མོ་རྩེས་ནས་སར་བརྡབ་ནས་གཟུགས་པོར་རྨ་ཕྲན་བུ་ཙམ་ཞིག་བཟོས་པ་ཡིན་ནའང་རང་ཉིད་ཀྱི་ལུས་ཐོག་ཏུ་རྨ་བཟོས་པ་ལྟར་ཚོར་སྣང་ཡོང་གི་ཡོད། དེ་འདྲའི་བྱམས་བརྩེ་ཐོག་ནས་གསོ་སྐྱོང་བྱས་པ་ཡིན། འོན་ཀྱང་མཐའ་ཞུགས་ཕ་མ་རྒས་དུས་རྒས་གསོ་ཁང་དུ་བསྐྱལ་བ་རེད་ཅེས་ཡིད་སྐྱོ་པོའི་ཐོག་ནས་རྣམ་པ་བགྲེས་སོང་དེ་དག་གིས་ཕན་ཚུན་སྐད་ཆ་བཤད་པ་དེ་དག་བདེ་སྐྱིད་ཀྱིས་སེམས་ནང་འཁོར་ཞིང་སེམས་སྐྱོ་ནས་མཚན་མོ་ཉལ་ཡག་པོ་ཞིག་མ་ཁུག་པ་རེད།
ཕྱི་ནས་ནམ་སྐྱ་མདའ་གཏོང་བ་དང་། བདེ་སྐྱིད་ཉལ་ས་ནས་ལངས་ཏེ་ཕྱི་ལོག་ཏུ་ཕྱིན་ནས་ཡུལ་ལྗོངས་ལ་བྱ་ར་བྱས་ནས་བསྡད། ཤིང་ནགས་གསེང་ནས་བྱ་བྱིའུ་ཚོགས་ཀྱི་སྐད་སྣ་ཚོགས་ཤིག་སྒྲོག་བཞིན་མཆིས་ལ། གྲོང་པ་ཚོས་ཁང་སྟེང་ནས་དུ་བ་སྔོ་འཕྱུར་རེ་བཏང་བ་མཐོང་དུས་ཞོགས་ཇ་བསྐོལ་གྱི་ཡོད་པ་ཤེས་ཐུབ། དེ་བཞིན་སྤང་ལྗོངས་སྟེང་དུ་བྱིའུ་ཨ་མས་བྱིའུ་ཕྲུག་ལ་སྒུར་འབུ་འཐུ་ནས་སྤྲད་པ་སོགས་མཐོང་དུས་སོ་སོར་ཕ་མའི་དེ་འདྲ་ཞིག་བྱས་ཏེ་གསོ་སྐྱོང་གནང་ནས་རྐང་པ་གང་དུ་ལངས་མ་ཐུབ་པ་བྱུང་བ་ཡིན་རུང་། ཆེན་པོ་ཆགས་དུས་ཕ་མ་ལ་དྲིན་ལས་འཇལ་རྒྱུའི་ཚབ་ཏུ་རྒས་གསོ་ཁང་དུ་བསྐྱལ་བ་དེ་དག་ནི་དེ་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ་སྙམ་པའི་ཚོར་སྣང་དང་འབྲེལ་བདེ་སྐྱིད་ཀྱི་སེམས་ནང་དུ་ན་ཟུག་དྲག་པོ་ཞིག་བཏང་།
ཕྱིར་ནང་དུ་ཡོང་ནས་ཞོགས་བཟས་ལ་རོལ་ནས་བསྡད། ཕ་ལྷག་བསམ་གྱིས་བུ་མོ་བདེ་སྐྱིད་སེམས་མ་སྐྱིད་པ་ཡོད་པ་དེ་དག་པ་མཐོང་དུས་ཕ་ལྷག་བསམ་སེམས་མ་སྐྱིད་པ་ཡོང་གི་ཡོད། ཡིན་ནའང་བྱ་ཐབས་གང་ཡང་མེད་པས། མཐར་བདེ་སྐྱིད་ཀྱི་སེམས་ནང་ངས་ཕ་མ་གཉིས་ལ་འདི་འདྲའི་མ་འདོད་པའི་རྣམ་འགྱུར་སྟོན་ན་གང་ཞིག་ཕན་ཐོགས་ཡོད་སྙམ་ནས་ཕ་མ་གཉིས་ལ་སྐད་ཆ་བཤད་མགོ་བཙུགས་ཤིང་། བདེ་སྐྱིད་ནང་དུ་དལ་ལྷོད་དུ་མ་བསྡད་པ་ཕ་མ་གཉིས་ལ་རོགས་པ་གང་ཐུབ་བྱེད་ཀྱི་ཡོད། ད་ཚོད་གཞི་ནས་ལྷག་བསམ་གྱིས་སོ་སོ་ཆུང་ཆུང་སྐབས་ཀྱི་བྱེད་སྟངས་དེ་དག་ཕྱིར་དྲན་བྱུང་བ་དང་། ལོ་ཆུང་དུས་ཕ་མ་གཉིས་ལ་རོགས་པ་བྱ་རྒྱུ་ཚབ་ཏུ་རོགས་པ་མཉམ་དུ་གང་སར་འཁྱམས་འགྲོ་ཡི་ཡོད་པ་དང་། ནང་དུ་ཚུར་སླེབས་རྗེས་ཁ་ལག་བཟའ་ཐུབ་ཙམ་ལས་ལས་ཀ་ཐོག་ཏུ་རོགས་པ་ཁྱོན་ནས་བྱེད་མྱོང་མེད། ད་དུང་ཕ་མ་གཉིས་ལ་སུན་པོ་ཡང་ཡང་བཟོ་ཡི་ཡོད་པ་སོགས་ཡིད་དུ་འཁོར་ནས་སེམས་སྡུག་གིས་ཁེངས་ཤིང་གནས།
ད་གཟོད་གཞི་ནས་བློ་འགྱོད་དང་འབྲེལ་སོ་སོའི་བརྩེ་བའི་ཨ་ཕ་ལ་ཡག་པོ་ཞིག་བྱས་མེད་པ་རྟོགས། ཕྱི་ཉིན་ནམ་ལངས་པ་དང་ཕ་ལྷག་བསམ་ཉལ་ས་ནས་ལངས་ཏེ་ཞོགས་ཇ་འཐུང་། ལྟོ་ཕད་ནང་དུ་བཟའ་ཆས་འགའ་ཤས་འཁྱེར་ནས་དེ་རིང་ང་རྒས་གསོ་ཁང་དུ་ཨ་ཕ་ཐུག་ཏུ་འགྲོ་རྒྱུ་ཡིན་ཟེར། བུ་མོ་བདེ་སྐྱིད་ཀྱིས་ང་ཡང་ཨ་ཕ་མཉམ་དུ་སྤོ་པོ་ཐུག་ཏུ་འགྲོ་རྒྱུ་ཡིན་ཟེར་ནས་ཕ་བུ་གཉིས་དལ་གྱིས་རི་ངོགས་ནས་ཡར་འཛེགས་ནས་ཕྱིན། མཐར་རྒས་གསོ་ཁང་དུ་སླེབས་ཤིང་། ནམ་ཚོད་དགུན་དུས་ཡིན་པ་སོང་རྒས་འཁོགས་རྣམས་ཕྱི་ལོགས་སུ་ཉི་མ་སྲོས་ནས་བསྡད་ཡོད་ཅིང་། ཕ་ཀུན་མཁྱེན་ནི་རྐུབ་བཀྱག་ན་མོ་ཞིག་གི་ཐོག་ཏུ་ལག་ཏུ་ཤེལ་ཕྲེང་ཞིག་བཟུང་ནས་ཡིག་དྲུག་བགྲང་བཞིན་ཡོད་པ་མཐོང་བ་དང་།
ལྷག་བསམ་ཨ་ཕའི་འགྲམ་སླེབས་པ་དང་སྤུས་མོ་སར་བཙུགས་ཤིང་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་ངས་ནོར་འཁྲུལ་ཆེན་པོ་བྱས་འདུག་པས་ཨ་ཕ་ལགས་དགོངས་དག་ཟེར་ནས་བྱིས་པ་ལོ་བརྒྱད་ཟིན་ཙམ་ཞིག་བརྔན་པའི་ཆེད་དུ་ངུ་བ་ལྟར་ལྷག་བསམ་ཕའི་མདུན་དུ་ངུ་བཞིན་མཆིས། དེ་དག་བུ་མོ་བདེ་སྐྱིད་ཀྱི་མཐོང་བ་དང་། བུ་མོ་བདེ་སྐྱིད་ཀྱང་སེམས་སྐྱོ་ནས་རང་དབང་མེད་པ་མིག་ཆུ་ཤོར། ཕ་ཀུན་མཁྱེན་གྱིས་ད་དེ་འདྲ་བྱེད་དགོས་མ་རེད། ནོར་འཁྲུལ་བྱས་པ་ངོས་འཛིན་ཐུབ་ན་དེ་ག་རང་འགྲིགས་པ་རེད། ང་ནི་འདི་ཕྱོགས་སུ་སྐྱིད་ཐག་ཆོད་འདུག་ཟེར། ལྷག་བསམ་གྱིས་ཨ་ཕ་ལགས་དེ་འདྲ་མ་གསུང་རོགས་ནང་དུ་ལོག་འགྲོ་ཟེར་ནས་ཞུ་བ་འཐེན་པ་དང་། དེ་བཞིན་རྒས་གསོ་ཁང་གི་འགན་འཛིན་གྱི་མདུན་དུ་བཅར་ནས་ལྷག་བསམ་གྱིས་ངས་ཨ་ཕ་ནང་དུ་ཁྲིད་འགྲོ་རྒྱུ་ཡིན་པས། བཀའ་འཁྲོལ་ཅི་ནས་གནང་རོགས་གནང་ཞེས་རེ་སྐུལ་ཨུ་ཚུགས་རྒྱབ་ནས་ཞུས་བ་འཐེན། མཐར་འགན་འཛིན་དེས་ཁྲིད་སོང་ན་འགྲིགས་ཀྱི་རེད་མོད། ཨ་ཕ་ལྟ་རྟོག་གང་ཡོང་བྱེད་དགོས་ཚུལ་སོགས་བཤད། དེ་ནས་ཕ་ཀུན་མཁྱེན་ནང་དུ་ཕྱིར་ཁྲིད་ཡོང་བ་དང་། དུས་དེ་ནས་བཟུང་སྟེ་བཟའ་མི་གཉིས་ཀྱི་ལྟ་རྟོགས་གང་ཡོང་བྱེད་ཀྱི་ཡོད་པས། ཕ་བུ་མཉམ་འཛོམས་ཀྱིས་མཐའ་མཇུག་གི་མི་ཚེ་བདེ་སྐྱིད་ལྡན་པའི་ངང་ནས་ཚོར་བ་རོལ་རྒྱུ་བྱུང་བ་རེད་དོ།། །།
སྨྲས་པ།
བཀའ་དྲིན་བརྗེད་ཐབས་མེད་པའི་ཐོག།
ཨ་མའི་ཁོག་ཏུ་ཟླ་དགུ་འཁུར།།
དཀའ་སྡུག་ཆེན་པོ་མྱོང་ན་ཡང་།།
ད་དུང་ཞལ་རས་འཛུམ་མདངས་སྟོན།།
བསམ་ཤེས་མེད་པའི་སྐྱེ་བོ་འགས།།
རང་ཉིད་ཆེན་པོ་ཆགས་པ་དང་།།
ཕ་མ་རྒས་གསོ་ཁང་དུ་བསྐྱལ།།
དེ་དག་མཐོང་དུས་ཡིད་སེམས་སྐྱོ།།
དེ་འདྲའི་བཀའ་དྲིན་བསྐྱངས་པའི་མར།།
དྲིན་ལས་ལོག་མཇལ་བྱེད་ཕོད་དམ།།
ཕ་མ་བཀའ་དྲིན་ཆེ་བ་ཞིག།
དངོས་པོ་གང་ཡང་ཡོད་མ་ཡིན།།
དེར་བརྟེན་རང་རེའི་བུ་ཕྲུག་ཚོས།།
གསོན་པོ་རིང་དུ་གནས་པའི་སྐབས།།
དྲིན་ཅན་ཕ་མ་རྣམ་གཉིས་ལ།།
ཞབས་ཕྱི་ཞུས་ན་དེ་ལྷག་མེད།།