སྐྱོ་བྲག་དགའ་དབང་།
ཀྱེ་མ། སྐྲ་དཀར་གྱིས་མགོ་བོ་ཡོངས་སུ་མཛེས་པའི་སྐབས་འདིར། གཤིས་རྒྱུད་འཇམ་ལ་ཕན་སེམས་ཀྱིས་ཕྱུག་པ། ཆགས་སྡང་དང་དྲེགས་པའི་མཐུ་ཉམས་པ། ལས་འབྲས་ལ་ཡིད་ཆེས་ཤིང་སྒོ་གསུམ་དགེ་བ་ལ་སྐུལ་བ། དྲང་བདེན་གྱི་ལམ་ལ་སྤྱོད་པ་ཤུགས་ཀྱིས་འགྲོ་བ། ཤེས་བྱ་གང་ལ་ཡང་བློ་གྲོས་ཀྱི་རྩལ་ཡངས་ཤིང༌། གཞན་ལ་བཤད་པའི་ཉམས་མྱོང་གི་ཡོན་ཚད་མཐོ་བ། ལྷག་པར་དབྱིན་ཇིའི་སྐད་ཡིག་ལ་བྱང་ཆ་ཕུལ་དུ་ཕྱིན་པས། བོད་སྐད་དང་དབྱིན་ཇི་བར་གྱི་འགྲོ་སྟངས། གལ་འགངས་ཆེ་བའི་གནད་འགག་སོགས་སྟོན་པ་ལ་མངའ་བརྙེས་པ། རྒྱུ་འདོད་དང་དཀའ་ཚེགས་རྒྱང་རིང་དུ་བསྐྱུར་ཏེ། མོས་པ་ཡོད་པའི་སློབ་བུ་ལ་ཚིག་རེ་རེ་བཞིན་ཡང་ནས་ཡང་དུ་འདོམས་པའི་དགེ་རྒན་འཆི་མེད་ལགས་ཀྱི་མདུན་ནས། སེམས་སྤོབས་བསྐྱེད་དེ། ཉིན་གྲངས་མང་པོར་དབྱིན་ཇིའི་སྐད་ཡིག་ལ་སྦྱང་བ་ནན་ཏན་བགྱི་བའི་ཁུལ་བྱས་ཀྱང༌། ཚུལ་བཞིན་ངེས་པ་ནི་ཉིན་གུང་གི་སྐར་མའི་ཟླ་གྲོགས་སུ་སོང༌།
ཨེ་མ། ད་ལྟ་ང་ཡིས་བོད་སྐད་ཐབས་རྡུགས་ཤིག་ཤེས་ཀྱི་འདུག་པ་འདི་ཕ་མ་དྲིན་ལྡན་དེས་ག་འདྲ་བྱས་ནས་སློབ་ཐུབ་པ་ཡིན་ནམ་སྙམ་པའི་ཐེ་ཚོམ་ནི་ཆུ་ཡི་རྦ་རླབས་བཞིན་དུ་གཡོ། ནམ་ཟླ་ནི་དཔྱིད་ཀའི་དུས་སུ་སླེབས། བྱ་བྱིས་ཀྱིས་སྐད་འགྱུར་འདྲ་མིན་ནི་འཐེན། ལྷག་པར་ཁུ་བྱུག་བུ་མོས། ད་ནི་སེམས་ལྡན་དག་སྤྲོ་བར་གྱིས་དང༌། ཅི་ཡང་འཕེལ་བའི་དབྱར་གྱི་དུས་ལ་བབས་སོ་ཞེས་པའི་བརྡ་སྐད་ནི་སྒྲོགས། དལ་བུས་ཡོང་བའི་རླུང་བསིལ་བ་དག་གིས་རྩི་ཤིང་གི་ཡལ་འདབ་གསར་འཁྲུངས་རྣམས་ནི་ཡམ་ཡོམ་དུ་སྐྱོད།
ཕྱོགས་ཕྱོགས་ཀྱི་རི་ངོས་རྣམས་སུ་ཡིད་དུ་འོང་བའི་ཆུ་འཛིན་དང་ན་བུན་རྣམས་ཀྱི་འདུ་འགོད་ཀྱི་བྱ་བ་ནི་རྩོམ། སྐབས་སྐབས་སུ་འཇམ་ལ་སྙན་པའི་འབྲུག་སྒྲ་དང་བཅས་ཏེ་སྦྲང་ཆར་ཟེགས་མ་ཐར་ཐོར་དུ་འཐོར་བས་ལུས་ཀྱི་དྲི་མ་དང་ཚ་གདུང་སེལ་བའི་ཁྲུས་ཀྱང་ནི་བྱེད། མི་རིགས་དང་སྐད་རིགས་འདྲ་མིན་སྣ་ཚོགས་པའི་ཕོ་མོ་རྒས་གཞོན་རྣམས་ཀྱི། ཆས་གོས་དང་ཆོས་ལུགས། གཤིས་ཀ་དང་གོམས་སྲོལ། བསམ་ཚུལ་དང་བསྒྲུབ་བྱ། མཐོ་དམན་དང་བདེ་སྡུག ཁ་དོག་དང་ཉམས་འགྱུར་སྣ་ཚོགས་པས་འཁོར་བའི་རང་བཞིན་ནི་འདི་ལྟ་བུ་ཡིན་ནོ་ཞེས་པའི་བརྡ་ཆོས་ནི་སྟོན།
སྐྱབས་གཅིག་འཁོར་ལོའི་མགོན་པོ་རྒྱལ་ཚབ་རིན་པོ་ཆེའི་བཀའ་དྲིན་གྱིས་འདུག་ཁང་དང་ཟས་གོས་སོགས་ནི་ཕུན་སུམ་ཚོགས། སྣག་ཤོག་དང་བྲིས་ཐུར་ཡན་གྱི་མཁོ་ཆས་ནི་བསྩལ། སྔོན་གྱི་ལས་འབྲས་བཟང་པོས་འབྱུང་བ་འཁྲུགས་པའི་ན་ཚ་དང༌། གོང་འོག་གཏུག་པའི་ལས་ཀ་སོགས་ནི་མེད། རང་བསམ་ཐིངས་པའི་དགེ་སྒྲུབ་ནི་མ་ནུས། བྱང་ཕྱོགས་སུ་བསྐྱོད་པས་དཔྱིད་ཀྱི་ཉི་མ་ནི་འཁོར་བ་བཞིན་དུ་རིང༌། བཟོ་རྩལ་གོང་འཕེལ་དུ་སོང་བའི་འབོལ་གདན་དག་བཟང་བས་འདུག་མལ་ནི་ཞིང་ཁམས་ཀྱི་ས་གཞི་བཞིན་དུ་བདེ། རང་ཡུལ་གྱི་བཀོད་པ་ནི་ཡིད་ལ་མེ་ལོང་གི་གཟུགས་བཞིན་ཤར། བླ་མ་དང་ཕ་མའི་བཀའ་དྲིན་ནི་ཨ་མ་རྒྱང་རིང་དུ་སོང་བའི་བུ་ཆུང་གི་སེམས་བཞིན་དྲན། ཉེ་འབྲེལ་དང་མཆེད་གྲོགས་བར་གྱི་བརྩེ་གདུང་ནི་ཤིང་སྐམ་ལ་མཆེད་པའི་མེ་བཞིན་འབར། ཡུད་ཀྱིས་སླེབ་པའི་རྫུ་འཕྲུལ་དང་ནུས་པ་ཡོད་ན། དེ་དག་ལ་ད་ལྟ་རང་ལན་གཅིག་འཕྲད་ན་སྙམ་པའི་བློ་ནི་རི་གཟར་གྱི་འབབ་ཆུ་ཤུགས་དྲག་བཞིན་དུ་རྒྱས། ཡུལ་གཞན་དག་ལ་གཡོ་བའི་འཇུག་ཤེས་ཀྱི་ནུས་པ་ནི་དུར་ཁྲོད་དུ་བོར་བའི་ཕུང་པོ་བཞིན་དུ་ཉམས་པས། རེ་ཞིག་རི་བོང་གཉིད་དུ་ཡོལ་བའི་ངང་ཚུལ་བཞིན་ལུས་སོ། །
སླར་ཡང་ཕ་མ་དྲན་པའི་སྐྱོ་གདུང་གི་མེ་ལྕེ་གནོན་མི་ཐུབ་པ་ཞིག་ལང་སོང་བས་ཚིག་ཁ་ཤས་མི་ལབ་ཁག་མེད་བྱུང༌།
ཨ་མ། ཨ་མ། ཁྱོད་ནི་བསམ་གྱིན། བསམ་གྱིན། ཅི་འདྲའི་བཀའ་དྲིན་ཆེ་བ་ཞིག་ལ། ཁྱོད་ཀྱིས་ངའི་དོན་དུ་དཀའ་ལས་དྲག་པོ་ག་འདྲའི་ཆེན་པོ་ཞིག་མྱོང་ཡོད་རྒྱུ་རེད། དཀའ་ལས་དེ་དག་གཟུགས་སུ་གྲུབ་ཡོད་ན་ཅི་འདྲའི་རི་བོ་ཆེན་པོ་ཡིན་ཀྱང་འདྲ་འདྲ་ག་ལ་བྱེད་ནུས། ངའི་རྣམ་ཤེས་ཁྱོད་ཀྱི་ལུས་ལ་ཞུགས་མ་ཐག་ནས་ལུས་སེམས་ལྕི་བ་དང་འབྱུང་ཁམས་འཁྲུགས་པའི་ཚོར་བ་མང་པོ་ཅིས་མ་བྱུང༌། གནོད་བྱེད་ང་ནི་ཉིན་རེ་བཞིན་ཇེ་ཆེ་ཇེ་ཆེར་སོང་བས་ཁྱོད་ཀྱི་ཟུག་རྔུ་ཡང་ཇེ་སྡུག་ཏུ་སོང་སྟེ། ན་ཚོད་གཞོན་ནུ་ཡིན་ཀྱང་ལུས་ནི་རྒན་མོ་བས་ལྕི། སེམས་ནི་གདུང་བས་ཁེངས། པགས་པའི་མདངས་ནི་ཡལ། ཚ་གྲང་གི་ནད་རིགས་མང་པོ་ནི་འཁྲུགས། ཟས་སྐོམ་ནི་ཡི་གར་མི་འགྲོ། མཆོར་སྒེག་ནི་ཁད་ཀྱིས་ཉམས། ཡིད་དུ་མི་འོང་བའི་ཕོ་ཆེན་ནི་ཆགས། ལས་ལ་འཇུག་པའི་སྤོབས་པ་ནི་ཤོར། མི་སྙན་པའི་ཚིག་ངན་སྣ་ཚོགས་ནི་ཐོས། སྤྱོད་ལམ་སུ་ལ་ཡང་བདེ་མོ་ནི་མེད། འཆི་ནའང་ཅི་ཤེས་སྙམ་པའི་འཇིགས་སྐྲག་ནི་རྟག་པར་ཡིད་ལ་འཁོར།
ནམ་ཞིག་བཙའ་བ་ན་ཤ་རུས་སོ་སོར་བྱེ་བའི་ཚོར་བས་མི་ངོ་དང་རང་ངོ་མི་ཤེས་པར། སུས་བལྟས་ཀྱང༌། ཤི་ཚར་རམ། ཚར་རམ༌། སྙམ་པ་ནི་འབྱུང༌། ཅུང་ཟད་འགུལ་རྒྱུ་ཡོད་པའི་ནུས་པ་རྙེད་མ་ཐག །རང་གི་ན་ཚ་ཟུག་གཟེར་ཐམས་ཅད་རྒྱང་དུ་འཕངས་ནས། བུ་ཤི་མིན་བལྟ་བ་ལ་ནི་ཞུགས། རང་གི་ཕོ་ཁུག་ལ་ནི་བླང༌། མི་གཙང་བ་ཐམས་ཅད་ནི་བསལ། རང་ཤི་མིན་ལ་བསམ་བློ་ཡེ་མི་གཏོང་བར། བུ་མ་ཤི་བ་ལ། ཨ་ལ་ལ། སྙམ་པའི་བློ་ནི་བསྐྱེད། ཨ་མ་ཁྱོད་ཀྱི་སྐྱེ་ལམ་ནས་རྣག་ཁྲག་ཡུན་རིང་དུ་ཟགས་ཏེ་ཕལ་ཆེར་ཁོག་སྨད་རུལ་བྱང་དུ་འགྲོ་བ་རང་གར་བཞག་ནས། བུ་ལ་སྨན་དཔྱད་རིམ་གྲོ་ནི་བྱེད། འབུ་ཉམ་ཆུང་བས་ཀྱང་ཞན་པའི་ཉ་རེ་ཉོ་རེ་བ་དེ་ཤི་བའི་དོགས་པས་གཉིད་ནི་རྒྱུན་པར་མི་ཡོང༌།
གཞན་གྱིས་མཐོང་ཡང་སྐྱུག་ལྡང་བྱེད་པའི་མཆིལ་སྣབས་དང་གཅིན་སྐྱག་ཐམས་ཅད་ཁ་ཡིས་གཞིབས་པ་དང༌། ལག་པ་གཙང་མས་ཇི་མི་སྙམ་པར་ཕྱི་བདར་ནི་བྱེད། མེ་ཆུ་གཡང་ས་སོགས་ཀྱི་འཇིགས་པ་ཐམས་ཅད་ལས་ནི་སྐྱོབ། བུ་ཁུར་དྲུད་གང་ནུས་བྱས་ཏེ་སུའི་ཡང་རྗེས་སུ་མི་ལུས་པའི་ལས་ཀ་ནི་སྒྲུབ། སྨྲ་བརྗོད་འགྲོ་འདུག །ཟ་གོན་སོགས་ཀྱི་ཤེས་བྱ་གལ་པོ་ཆེ་རྣམས་ནི་སློབ། བུ་ཡི་ངོ་འཛུམ་དཀར་ནག་ནི་སྲུང༌། དཀའ་བའི་ལས་ཀ་ནི་རང་གིས་བྱས། དལ་བའི་གནས་སུ་ནི་བུ་བཞག །མི་ཁ་དང་གཏམ་ངན། ཟས་གོས་དང་རྒྱན་ཆ་སོགས་ངན་ཚད་ཐམས་ཅད་ནི་རང་གིས་ཁུར། བཟང་དགུའི་འབྱོར་པས་ནི་སྟོབ། ལེགས་ཉེས་བླང་དོར་ནི་གང་ཤེས་བསྟན་ཀྱང༌། ལས་ངན་པོ་ངས་ནི། རྒྱག་རྡུང་ཐུབ་ན་རྒྱག་རྡུང༌། མིག་སྡང་ཐུབ་ན་མིག་སྡང༌། ཚིག་ངན་ཐུབ་ན་ཚིག་ངན། བརྙས་བཅོས་དང་ཁྱད་གསོད། མགོ་སྐོར་དང་འཕྲོགས་བཅོམ།
ཐ་མ་སྲོག་ལ་རྒོལ་བའི་བར་སོགས་ངན་པ་སྣ་ཚོགས་པས་སེམས་ཁྲལ་དང་སྡུག་བསྔལ་ཅི་ཐུབ་གང་ཐུབ་མ་གཏོགས་བཟང་པོའི་ཞབས་ཞུ་ནི་སྣེ་གཅིག་ཀྱང་འགྲུབ་མི་འདུག །ཀྱི་ཧུད།
ཕ་ཡང་དེ་དང་ཕྱོག་འདྲ་ཡིན་པས་དེས་བཀའ་དྲིན་གོ་བར་བྱེད་པ་ལས་ལོགས་སུ་སྨྲ་བ་ལ་དགོས་པ་མི་འདུག །ཕ་མའི་བཀའ་དྲིན་དེ་དག་གི་ནང་ནས་སྣེ་གཅིག་ཁོ་ནའི་དྲིན་ལན་འཇལ་བ་ལ་ཡང༌། བསྐལ་ཆེན་ཁྲི་འབུམ་མང་པོའི་ཡུན་དུ་སྙིང་རྩར་རྒྱུ་བའི་ཁྲག་དྲོན་མོ་བཏུང་བར་ཕུལ་ཡང༌། ཆ་ཤས་ནས་ཆ་ཤས་སུ་གྱུར་པ་ཙམ་ཡང་འཇལ་ཐུབ་ཀྱི་མི་འདུག །ཀྱེ་མ།
བཀའ་དྲིན་ཕྱོགས་མཚོན་ཙམ་ཞིག་འཇལ་ཐུབ་པའི་ནུས་པ་དེ་ང་ལ་ནམ་ཡོང་རྒྱུ་རེད། བླ་མ་དཀོན་མཆོག ཧཱ།
རྒྱ་མཚོའི་ནང་ནས་བླངས་པའི་ཆུ་ཐིག་ཙམ་པོ་དེ་མ་གཏོགས། ད་ནི་མང་པོ་མི་ལབ། ལུས་དང་ངག་གི་ཚུགས་ནི་མ་ཐུབ། སྐྲ་དང་བ་སྤུ་ནི་ལང༌། ཁ་སྣ་དང་མིག་གི་ཆུ་ནི་རྡོལ། ཤུགས་དང་ལྡན་པའི་དབུགས་ངར་ངར་པོ་དུས་རིང་རབ་ན་ལན་རེ་ཡར་མར་དུ་འགྲོ་འོང་བྱེད་ཀྱི་འདུག ཨཱ།
དེ་འདྲའི་སེམས་པ་དེ་རྟག་པར་ཡོད་ན་དགའ་བ་ལ་སྟེ། རྣམ་རྟོག་འདྲེ་མོ་འདིས་ནི་གར་སྟབས་ལ་འདི་སྒྱུར་དང་འདི་མི་སྒྱུར་བའི་ངེས་པ་མི་འདུག་པས། དཔྱིད་དུས་ཀྱི་ན་བུན་བཞིན་དུ་ཡམ་ཡོམ་དུ་གཡོ་བ་ནི་བཤད་ཅི་དགོས། དེས་ན་ཕ་མ་ལགས་ཐུགས་ཁྲོ་མ་གནང༌།
ཁ་ཤས་ཀྱིས་ཟེར་ན། རང་རང་གི་ལས་ཀྱིས་བསྐྱེད་པས་ཕ་མ་དྲིན་ཆེན་གང་ཡང་མིན་ནོ་ལོ། །
ཨེ་མ། དེའི་རྣམ་དཔྱོད་ལ་ལྟོས་དང༌། འབྲས་ཀྱི་མྱུ་གུ་སྐྱེས་པར་བྱེད་པ་ལ་ཡང༌། ས་བོན། ཞིང་ས། ཆུ་ལུད་དྲོད་སོགས་མང་ཙམ་འཛོམས་དགོས། དེ་བཞིན་དུ་མི་སྐྱེ་བ་ལ་ཡང༌། ས་བོན་ལྟ་བུ་རྣམ་ཤེས། ཞིང་ས་ལྟ་བུ་ཕ་མ། ཆུ་ལུད་དྲོད་སོགས་ལྟ་བུ་ལས་ཡིན་པས། བསོད་ནམས་མ་ཟད་ཅིང༌། ངན་འགྲོར་མྱུར་དུ་མི་ལྟུང་བའི་གང་ཟག་རྣམས་ཀྱིས་ངན་ལམ་ལ་ཡིད་མ་རྟོན་ཅིག །
ཁོ་བོས་འདིར་བརྗོད་པ་ཐམས་ཅད་ནི་བདེན་པ་ཉག་ཅིག་ལས་སྒྲོ་སྐུར་ཕྲ་མོ་ཙམ་ཡང་ག་ལ་ཡོད། དེས་ན་དགེ་བ་ཞིག་ཡོད་ནའང་ཅི་ཤེས། གལ་སྲིད་སྐྲ་རྩེ་བརྒྱར་གཤགས་པའི་ཆ་ཤས་ཙམ་ཞིག་བདོག་ནའང་ཕ་མའི་རང་བཞིན་དུ་གྱུར་པའི་འགྲོ་བ་རྣམས་བདེ་བའི་རྒྱུ་རུ་ཅིའི་ཕྱིར་མི་བསྔོ།
དེ་འདྲའི་དཀལ་ཡོད་ན་ཁྱིམ་དུ་ལོག་རྒྱུ་ལས་ཅི།