མདའ་ཚན་པ།
དེ་རིང་གཟའ་ཉི་མའི་ཞོགས་པར། ཨ་ཕ་དང་བཟའ་ཟླ། ཁོ་རང་གི་ལོ་བཅུ་གསུམ་དང་ལོ་གསུམ་ལོན་པའི་བུ་གཉིས་བཅས་ཀྱིས་ནམ་རྒྱུན་བཞིན་ཅོགཙེའི་མཐའ་བསྐོར་ཏེ་ཞོགས་ཇ་ཟ་བཞིན་ཁ་བརྡ་བྱེད་བཞིན་འདུག དེ་རིང་གི་ཁ་རྡ་ནི་ནམ་རྒྱུན་དང་མི་འདྲ་བར་ཨ་ཕ་ཤི་རྗེས་དུར་ལས་ཇི་ལྟར་བྱེད་རྒྱུའི་སྐོར་རེད། ཨ་ཕས་བཤད་རྒྱུར།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་མེ་ལ་བསྲེག་མི་དགོས།
ཨ་ཕ་ལ་གནམ་རྒན་མའི་ཞལ་ངོར་དུ་བས་བདུག་འདོད་མེད།
ཨ་ཕ་ལ་རང་བྱུང་གི་མཁའ་རླུང་རྗས་ཀྱིས་སྦག་འདོད་མེད།
ཨ་ཕ་ལ་མི་མངོན་པའི་རྣམ་ཤེས་ཚོགས་གསུར་དྲིས་བསུན་པ་བསྐུར་འདོད་མེད།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་དུར་ལ་སྦས་མི་དགོས།
ཨ་ཕ་ལ་མ་ཡུམ་ས་གཞིའི་ཕང་བར་བརྐོ་བསྔོག་བྱེད་རྒྱུའི་འདོད་པ་མེད།
འདི་ལྟར་བྱས་ཡོང་ན། ནམ་ཞིག་ང་ཚོའི་མཛེས་སྡུག་ལྡན་པའི་ས་གཞི་འདི་དུར་བྱང་གིས་ཁེངས་ངེས།
ལྷག་པར་དུ་ཨ་ཕའི་རོ་གོག་དེ་མི་ཡུལ་ཞིག་ཏུ་འཇོག་པར་མི་དགའ།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ད་ལྟ་ཨ་ཕ་གསོན་ཡོད་པའི་སྐབས་སུའང།
རང་གི་སྐྱེས་ས་འཚར་ཡུལ། རྩེད་ཡུལ་དགོད་ཡུལ།
ཕ་ས་ལུག་གི་བྲང་མགོ་འདྲ་བ་དེར་འགྲོ་བའི་རང་དབང་མི་འདུག
ད་ཕལ་ཆེར་ཤི་དུས་སུ་རོ་ཡང་ཕ་ཡུལ་དུ་འཁྱེར་ཐུབ་རྒྱུ་མ་རེད།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་སུ།
ཨ་ཕའི་རོ་ཁྱེར་ལ། ལ་དྭགས། འབྲས་ལྗོངས། ཡང་ན་འབྲུག་ཁོངས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཁྱེར་ལ།
ཨ་ཕའི་རོ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རོ་ཤ་དུ་ཁ་དང་ཀོ་དུ་ཁ་བྱོས་ལ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རུས་གོག་རྡོ་བར་ལ་བརྡུང་སྟེ་ཞིབ་ཞིབ་བཟོས་ནས་བྱ་རྒོད་ལ་ཟ་ཆུག
ཁྱེད་ཚོས་གདོང་པར་ཁྲག་མི་འཐོར་བའི་ཆེད།
ཕྱེ་སྐྱ་ཐོབས་ཀྱི་ཐོབས་ཀྱི་རྡོ་བར་ལ་རྡུངས།
སྙིང་རྗེ། བྱ་རྒོད་ལྟོགས་པ་དེ་ཚོས་ཨ་ཕ་ཟོས་ནས་ཁོ་ཚོའི་གྲོད་ཁོག་བརྒྱག་སོང་།
ཨ་ཕ་ཤི་རྗེས་ཀྱི་རྣམ་ཤེས་ལ་ཕན་ནི་རེད།
ཁྱེད་ཚོ་དེ་ལ་ཞེད་སྣང་བྱེད་དགོས་དོན་ཡོད་པ་མ་རེད།
ཨ་ཕའི་རྣམ་ཤེས་ཀྱི་འགྲུལ་བཞུད་རིང་མོའི་ཁྲོད།
ཨ་ཕའི་ལུས་པོ་འདི་ནི་དགོང་མ་གཅིག་ལ་ཞག་སྡོད་བྱེད་སའི་སྤྱིལ་ཁང་ཧྲལ་ཧྲུལ་ཞིག་ལས་ཅི་ཡང་མིན།
ཤི་ཚར་དུས་ཤི་ཚར་བ་རེད།
རོ་ངན་གོས་ཆེན་གྱིས་གཡོགས་པ་དང་རོ་སྒམ་རྩ་ཆེན་ཉོ་བ་དེ་འདྲ་བྱས་ནས་ལྐུགས་རྟགས་མ་སྟོན།
དེ་ནི་མགྲོན་པོ་ཕྱིནཚར་རྗེས་སྤྱིལ་ཁང་ལ་མཛེས་རྒྱན་སྤྲས་པ་ལྟ་བུ་རེད།
དུར་ལས་བྱེད་སྟངས་འདི་ཨ་ཕའི་ཕ་ཡུལ་གྱི་དུར་ལས་བྱེད་སྟངས་རེད།
འདི་ནི་ཨ་ཕ་ཆེས་དགའ་བའི་དུར་ལས་བྱེད་སྟངས་ཤིག་ཀྱང་རེད།
འདི་ནི་ཆེས་གདོད་མའི་དུས་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རང་བྱུང་གི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་སྟབས་བདེ་ཡིན་པའི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རྗེས་གཙང་གི་དུར་ལས་བྱེད་སྟངས་ཤིག་རེད།
ཨ་ཕས་ཁ་ཆེམས་བཞག་ཚར་རྗེས།
མིག་གཅིག་གི་ནང་ནས་དྭངས་ཤིང་གཙང་བའི་མིག་ཆུ་ར་ཡའི་མ་ཞིག་མར་དྲུད་ཡོང་།
དེ་ནས། ཨ་ཕ་ཁ་རྡ་དྲ་ཚིགས་ནང་འཛུལ་ཏེ་གང་ཞིག་འབྲི་བཞིན་འདུག
འབྲི་བཞིན་འབྲི་བཞིན་ཨ་ཕ་དངོས་གནས་ཤི་སོང་།
ཨ་ཕ་ལ་བོད་ཀྱི་ས་མཚམས་ཤིག་ཏུ་རོ་ལས་བྱེད་བཞིན་འདུག
ཨ་ཕའི་ངོ་ཤེས་གྲོགས་པོ་ཚང་མས་ཨ་ཕའི་ཆེད་དུ་བོད་ཕྱི་ནང་ཀུན་ཏུ་མ་ཎི་འདོན་བཞིན་འདུག
ཨ་ཕའི་རོ་ལས་བྱེད་ས་ན་གྲྭ་བ་ཁ་ཤས་ཀྱིས།
མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་
ཅེས་ངག་གི་དབྱངས་རྟ་ལ་དྲངས་ནས་ཨ་ཕས་འདོན་མི་ཤེས་པ་མང་པོ་ཞིག་འདོད་བཞིན་འདུག
དར་ཅིག་གི་རིང་ལ། ནམ་མཁའི་སྤྲིན་རུམ་ནས་བྱ་རྒོད་མང་པོ་གཤོག་འགྱུར་རྒྱག་བཞིན་ཡོང་སྟེ
ཨ་ཕ་ཟོས་ཚར་། ཨ་ཕའི་ཀླད་ཞོ་ཡང་མཆུ་ཚགས་རྒྱག་བཞིན་རྒྱག་བཞིན་ཟོས་ཚར།
ཨ་ཕའི་ཐོད་པུར་གཅིག་པོ་ལས་ཤུལ་དུ་ཅི་ཡང་ལྷག་མི་འདུག
བྱ་རྒོད་རྣམས་གྲོད་ཁོག་བརྒྱགས་རྗེས་ཁ་བོད་ཕྱོགས་སུ་འཁོར་ནས་འཕུར་མགོ་བརྩམས།
ཨ་ཕའི་ཤ་རུས་ཁྲག་གསུམ་བྱ་རྒོད་ཚོས་ཁྱེར་ཏེ་ནམ་མཁའི་དབྱིངས་སུ་ལྡིང་།
ནག་རིབ་རིབ། ནག་རིབ་རིབ་བོད་ཕྱོགས་སུ་འཕུར་ཏེ་རྒྱང་རིང་རྒྱང་རིང་དུ་ཡལ།
ཨ་ཕའི་རྣམ་ཤེས་ཀྱང་བྱ་རྒོད་ཀྱི་ཁྱུ་རུ་འདྲེས་ཏེ་བོད་ཕྱོགས་སུ་འཕུར།
མཚམས་རེ་མཐོང་ལ་མཚམས་རེ་མི་མཐོང་། མཚམས་རེར་དངོས་སུ་བྱ་རྒོད་ཅིག་འདྲ།
ཨ་ཕ་ཤི་རྗེས་ཀྱི་ལོ་གཅིག་གི་རྗེས།
བོད་ནང་གི་འབྲོག་ཁུལ་ཞིག་ཏུ་བྱིས་པ་ཞིག་སྐྱེས་འདུག
བྱིས་པ་དེའི་བྲང་ངོས་སུ།
རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་ཡིག་འབྲུ་གསལ་ལ་མ་གསལ་བ་ཞིག་ཡོད་འདུག།
མི་ཚང་མ་ཡ་མཚན་པར་གྱུར།
གཅིག་གིས་འདི་བླ་མ་ཞིག་གི་རྣམ་ཤེས་མིན་ན་ཟེར་བ་དང་།
ཏག་ཏག་བྱིས་པ་དེས་མིག་ཕྱེས་པར་གྱུར།
མིག་གིས་དཀར་ལོག་ཅིག་བྱས་ཏེ་ངུ་མགོ་བཙུགས།
ཨ་ཕའི་ལོ་གསུམ་ཅན་གྱི་བྱིས་པ་དེས་ངུ་ངག་ཅིག་གིས་ཨ་ཕ་ཤི་བ་ལས་སླར་སོས་པར་གྱུར།
ཨ་ཕས་འབྲི་མཚམས་འཇོག་དགོས་བྱུང་། ཨ་ཕའི་མིག་མཐར་ཡང་སྐྱར་མཆི་མ་ཞིག་འཁོར་འདུག
་
དྲི་མེད་ཀྱི་དུར་ལས་དེ་ལ་ང་ཧ་ཅང་དགའ། རྩད་གཅོད་ཀྱང་མང་པོ་བྱས་པ་ཡིན། འོན་ཀྱང་དེང་སྐབས་བོད་ནང་གི་དུར་ཁྲོད་མང་པོ་ཞིག་ཏུ་བྱ་རྒོད་འབབ་ཀྱི་མི་འདུག་ཟེར་བས། ང་ཤི་དུས་གང་བྱེད་བསམ་ནས་སེམས་ཁྲལ་ཆེ་གི། གལ་སྲིད་ལོ་སུམ་ཅུ་བཞི་ཅུ་ཞིག་གི་རྗེས་སུའང་ཤ་དུམ་བུ་དང་པགས་པ་དུམ་བུ་ཟ་ས་དང་། ཁྲག་ཐིག་པ་རེ་རེ་བཞིན་ལྡག་མཁན་གྱི་བྱ་རྒོད་མང་པོ་འཁོར་སའི་དུར་ཁྲོད་ཅིག་འདུག་བསམ་ན་ང་ལ་ཁ་བྱང་བསྐུར་རྒྱུ་མ་བརྗེད། འཆི་བ་ངེས་མེད་པས་བྱུང་ན་སྔ་ས་ནས་བསྐུར་རོགས།
གསོན་དུས་ཀྱི་མི་ལུས་ལ་རང་དབང་གི་ས་ཆ་ཞིག་ཐོབ་རྒྱུ་ཕར་ཤོག ཐ་ན་ཤི་རྗེས་རོ་གོག་་གིས་ཀྱང་རང་འདོད་ཀྱི་དུར་ཁྲོད་ཅིག་རྙེད་རྒྱུ་མིན་པ་འདྲ།
བྱ་གཏོར།
བོད་ཀྱི་གནའ་བའི་རིག་གནས་ཤིག་རེད། ཕལ་ཆེར་ཤེས་རིག་མ་དར་བའི་ཡར་སྔོན་ནས་སྲོལ་འདི་ཡོད་ལོས་ཆེ།
ད་དུང་ཡང་དུས་རབས་འདི་ལ་སྲོལ་རྙིང་ཞིག་ལ་ཞེ་ཞིང་ལྟ་མི་ཕོད་པའི་རོ་ལས་བྱེད་སྟངས་འདི་འཚོལ་བ་ནི་ཁྱེད་ཅག་ཅི་འདྲའི་བོད་ཀྱི་གཡག་འདྲ་འདྲ་ཞིག་རེད། དེང་དུས་ཕུང་བོ་ལ་གློག་གི་མེ་ཞུགས་འབུལ་ནས་འདུས་མཆོད་བྱེད་པ་དེ་སྟབས་བདེ་ལ། དཀའ་ངལ་མེད་པ་ཞིག་ཀྱང་རེད།
ཤི་བའི་རོ་ཚ་བོ་གློག་མེ་ལ་བསྲེགས་ནས་འབག་གཙོག་གི་དྲི་མས་བར་སྣང་རྒྱངས་ཏེ། སྲོག་ཆགས་ཕྲ་རག་མང་བོར་དྲི་དུག་དང་ཆམ་ནད་ཕོག་དུ་འཇུག་པ་མ་ཟད། བཟའ་ཟླ་བུ་ཕྲུག་སོགས་ནང་མི་ཚོས་ཀྱང་འདས་པོའི་རོ་དྲི་གཙོག་མོ་དེ་ཁ་སྣ་གཉིས་སུ་རྔུབ་པ་སོགས། རོའི་གཙོག་སྙིགས་བཟོ་བ་ལས་རང་བྱུང་ཁམས་ཀྱི་འཁོར་རྒྱུགས་ཆེན་མོའི་ཁྲོད་དུ་སླར་ཡང་དྲི་མ་མེད་པར་སྦྱིན་གཏོང་ཐུབ་ན་ཅི་འདྲའི་སྐལ་བ་བཟང་པོ་ཞིག་རེད་ལགས།
སྟག་མོའི་ལུས་སྦྱིན་ལྟར་གསོན་ལུས་སྦྱིན་མི་ནུས་ཀྱང་། དབུགས་མེད་ཀྱི་རོ་གོག་ཞིག་བྱ་རྒོད་ལ་ཟས་སྦྱིན་གཏོང་རྒྱུར་ཅི་འཕང་།
ཕྱི་རྒྱལ་གྱི་མཉམ་ཞིབ་པ་རེ་འགས་བྱ་གཏོར་གྱི་དགེ་མཚན་ལ་ཡིད་ཁུག་མི་འདུག་གམ ཉལ་རན་འདུག་པས་བྲེལ་པས་བྲིས་པས་ཡག་པོ་མ་བྱུང་། རྗེས་མ་ཐུག་ཆོག
བློ་མཐུན་མེ་རི་ལགས།
ཁྱེད་རང་འདི་ཆི་འདྲ་འདྲའི་ལྐུགས་པ་གཡག་འདྲ་ཞིག་རེད།
ཤེས་རིག་མ་དར་སྔོན་གྱི་ཤེས་རིག་དེ།
ཆེས་རང་བྱུང་དང་འཚམས་པའི་ཤེས་རིག་ཅིག་ཡིན་པ་དེ་ཁྱེད་ཀྱིས་ད་རུང་མགོ་ཚོས་མི་འདུག
ཁྱེད་རང་གི་གློག་གི་མེ་ཞུགས་འབུལ་ཟེར་བའི་ཚིག་འདི་ངས་གོ་མ་ཐག་ང་ལ་སྐྲག་སྣང་སྐྱེས་བྱུང་།
ངས་ཐོག་ཁང་དགུ་བརྩེགས་ཤིག་གི་ཐོག་ནས།
མེ་དཔུང་ཆེན་པོ་ཞིག་འབར་བཞིན་པ་དང་ཀུན་ནས་མཚུངས་པའི
ནུབ་གླིང་གི་གྲོང་ཁྱེར་ཆེན་པོ་འདིའི་མཚན་ལྗོངས་ལ་ལྟ་བཞིན་ང་ངུ་མགོ་ཚུགས།
ངས་ཁྱེད་རང་ནི་ང་ཚོའི་རང་བྱུང་མ་ཡུམ་གྱི་གཤེད་མ་ཞིག་ཡིན་པ་ཚོར་བྱུང་།
ཁྱེད་རང་ནི་གནའ་བོའི་དཔལ་ཡོན་ལ་ལྟ་བའི་མིག་ཞར་ཁོག་ཆགས་པ་ཞིག་མིན་ནམ་སྙམ་བྱུང་།
ཁྱེད་རང་ནི་རྒྱ་མི་དམར་ཤོག་གི་སློབ་གསོའི་འོག
ཡར་རྒྱས། སྔོན་ཐོན། དེང་རབས་ཅན་ཟེརབའི་ཚིག་འདི་དག་གིས།
བསླུ་བྲིད་ཐེབས་ཚར་བའི་མི་ཞིག་ཀྱང་མིན་ནམ་བསམ་བྱུང་།
མེ་རི་ཟེར་བའི་ཁྱེད་ཀྱི་མིང་འདི་ལའང་ང་ཞེད་ཀྱི་འདུག
ངའིསེམས་སུ་ཆེས་རྣམ་དཔྱོད་ལྡན་པའི་གནའ་བོའི་གྷི་རིག་གི་མཚན་ཉིད་པ་རྣམས་དྲན་སོང་།
ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གོ་ཏ་མ་དྲན་སོང་།
མ་ཧྰ་ཏ་མ་གྷན་ཏི་ཡང་དྲན་བྱུང་། གཞན་ཡང་འདི་དང་འདི་འདྲ་བ་མང་པོ་ཞིག་དྲན་བྱུང་།
ང་རང་དགོད་སླ་ལ་ངུ་ཡང་སླ་བའི་བྱིས་པ་ཞིག་ཏུ་གྱུར།
ཨ་རོགས་ཚོ། འདི་མོ་ཡ་མཚན་ར་ཡོད་ཀི ངས་དེ་རིང་མགོ་སེར་སྐོར་ཞིག་ལ་བོད་པའི་འཚོ་བ་དང་འཆི་བ་ཞེས་པའི་མགོ་བརྗོད་ཅན་གྱི་ལེགས་སྦྱར་ཞིག་བཤད་པ་ཡིན་ལ། ཁྱོད་ཚོས་གོང་དུ་བཤད་པའི་དུར་ཁྲོད་དུ་བྱ་འབབ་རྒྱུ་ཇེ་ཉུང་དུ་སོང་བའི་སྐོར་དང་། ང་རང་གི་འདོད་ཐོག་ལ་ཡོང་ན་ནམ་ཞིག་ཤི་དུས་རོ་གོག་དེ་ས་གཙང་ས་དང་རི་མཐོ་ས། གནམ་ཡངས་ས་ཞིག་ཏུ་བྱ་གཏོར་བྱེད་འདོད་ཡོད་ལུགས་ནན་བརྗོད་བྱས་པ་ཡིན། དེ་ནས་གྲོགས་པོ་ཞིག་གི་ཐུག་སྤྲོ་ལ་སོང་ནས་ད་སོ་མ་ནང་ལ་བསླེབས་མ་ལག་པ་འདུག་མ་ཐུབ་པར་ཁ་བརྡ་ཚང་ལ་གཅིག་འཛུལ་དུས། ཨ་ཨ་ཨ། ངས་དེ་རིང་བཤད་པའི་སྐད་ཆ་འདི་ཚོ་ངའི་སྙིང་ཉེ་བའི་དྲ་གྲོགས་ཚོས་ཁ་ཤེད་ལྕེ་ཤེད་ཀྱིས་ཤ་འཐགས་འཐགས་བྱས་འདུག འདི་ཆི་ཟིག་ཡིན་ནས་ན། ཆོས་ཕྱོགས་སུ་བླ་སློབ་ཐུགས་ཡིད་གཅིག་འདྲེས་ཟེར་བ་ཞིག་ཡོད་ཀྱང་། དྲ་གྲོགས་སེམས་པ་གཅིག་འདྲེས་ཟེར་བ་ཞིག་དེ་རིང་མ་གཏོགས་བྱུང་མ་མྱོང་།
དེ་བཞིན་ངས་བླ་བྲང་དགོན་པའི་རྒྱབ་ཀྱི་དུར་ཁྲོད་དཔེ་རུ་བླངས་ཏེ་སྔོན་མར་མི་ལུས་བྱ་རྒོད་ལ་བྱིན། དེ་ནས་བྱ་རྒོད་མ་བབས་པར་ཁྱི་སྡོམ་ལ་བྱིན། དེ་ནས་ཁྱི་སྡོམ་ཡང་འཕྲོད་བསྟེན་གྱི་ཆེད་དུ་བསད་ཚར་བས། ད་ལྟ་དེ་གའི་མི་ལས་ངན་ཚོའི་རོ་གོག་ཚོ་བསང་ཆུ་རྫོང་གི་གློག་སྲེག་ཁང་བ་རུ་གསུར་དྲི་ཆིལ་ལེར་སྲེག་གིན་ཡོད་ཚུལ་ཡང་བརྗོད་གང་ཐུབ་བྱས་པ་ཡིན།
གང་ལྟར་མདའ་ཚན་པས་ངས་དེ་རིང་ལེགས་སྦྱར་སྤེལ་བའི་བརྗོད་བྱ་གཙོ་བོ་དེ་ཁ་བརྡ་ཚང་གི་ཁ་ཤེད་འགྲན་ས་ཞིག་ཏུ་བྲིས་འདུག་པས། ང་ནི་ཡ་མཚན་པ་ལ་དཔེ་འཇོག་མེད་པ་ཞིག་ཏུ་གྱུར་སོང་། ཕྱོགས་གཞན་ཞིག་ནས། ཨ་རོགས་ཚོ། དུར་ཁྲོད་གླེང་རྒྱུ་ཇེ་མང་ལ་འགྲོ་བ་འདི་ནི་ང་ཚོའི་རྒས་རྟགས་ཆེན་པོ་ཞིག་རེད་ཡ།
འདང་རེ་བརྒྱབ་ན་ལོས་ཀྱང་། དྲ་གྲོགས་མང་ཆེ་བ་སུམ་ཅུ་བརྒལ་ནས་བཞི་ཅུའི་ནང་ལ་བསླེབས་ཚར་འདུག
འོ། དེ་རིང་ང་ཚོས་ཀྱང་དོན་སྣོད་སོགས་ལུས་ཀྱི་ཆ་ཤས་ཞལ་འདེབས་སུ་སྤྲོད་རྒྱུའི་སྐོར་ལ་གླེང་མོལ་མང་པོ་བྱས་པ་ཡིན། དེང་སྐབས་ནང་ཁྲོལ་བརྗེ་སྤོར་བྱེད་པ་ལ་དཀའ་ངལ་མེད་ཀྱང་ནང་ཁྲོལ་སོགས་ལུས་ཀྱི་ཆ་ཤས་ཞལ་འདེབས་སུ་སྤྲོད་མཁན་ཆེས་ཉུང་ཚུལ་འདུག ང་ཚོའི་ལྟ་སྟངས་ལ་ཤི་བའི་རྗེས་སུ་རོ་ལ་ཞེན་ཆགས་བྱེད་སྲོལ་མེད་མོད་ཕྱི་རྒྱལ་བ་ཚོའི་གྲས་སུ་རོ་དེ་ཡང་གཤག་གཏུབ་མ་བྱས་པར་འཇོག་དགོས་པར་འདོད་མཁན་མང་པོ་ཡོད་པ་འདྲ། ང་རང་ཉིད་ལ་མཚོན་ན་ཤི་ཟིན་པའི་རང་གི་ཕུང་པོ་དེ་བྱ་གཏོར་རམ་གཞན་ལ་དོན་སྣོད་བརྗེ་སྤོར་ལ་ཞལ་འདེབས་སུ་སྤྲོད་ཐུབ་ན་དགའ་ངེས་རེད་བསམ་ནས་ང་ས་ཆ་འདི་ནས་ཤི་ན་རང་གི་ལུས་ཀྱི་ཆ་ཤས་གང་ཞིག་གཞན་ལ་སྲོག་སྐྱོབ་སླད་སྦྱིན་རྒྱུ་ཡིན་ཞེས་མིང་རྟགས་བཀོད་པ་ཡིན། དྲྭ་གྲོགས་ཚོར་དེའི་སྐོར་ལྟ་ཚུལ་གང་འདྲ་ཡོད། གལ་སྲིད་ཁྱེད་ཚོས་ཀྱང་དོན་སྣོད་ཟལ་འདེབས་སུ་སྤྲོད་འདོད་ཡོད་ན་དེའི་སྐོར་ལ་མིང་རྟགས་འགོད་ས་རྒྱལ་ཁབ་ཕལ་མོ་ཆེར་ཡོད་པ་འདྲ་བས་མིང་རྟགས་བཀོད་ན་ལེགས། གལ་སྲིད་སྟབས་མ་ལེགས་པར་ཡུལ་འདིར་ཁྱེད་ཀྱི་ཞབས་པད་མ་བརྟན་པ་ཡིན་ན་བྱ་གཏོར་ཞིག་གི་ཚབ་ཀྱིདགེ་རྩ་ཞིག་བསྒྲུབ་ཐུབ་ངེས་རེད།
ད་ཡིན་ན་ཁྱོད་ཅག་གིས་རྣམ་རྟོག་མང་བོ་མ་སློང་རོགས། སུ་རང་ཡུལ་རང་ལག་ཏུ་མ་སོན་པར་ས་མཐའ་ནས་ཤི་ཡ་ཡིན་པ། གཞིས་ལུས་མི་མང་གི་སེམས་ཤུགས་མཐོང་མ་སོང་ངམ། ཁ་ཉིན་བླ་བྲང་གི་ཨ་ཁུ་དེས་སྐད་ཆ་ངར་མ་བཤད་ཀི་འདུག་ག དེ་རིང་རྒྱ་ཡིག་གི་དྲ་བ་ཞིག་གི་སྟེང་བོད་ནང་དུ་རང་བཙན་ཆེད་སློབ་མས་ཆོགས་པ་བཙུགས་འདུག་ཟེར། འདི་ལྟར་གང་ས་ནས་སེམས་ཤུགས་ཆེན་པོས་ལས་ཀ་བྱས་ཡོང་དུས་ཁྱོད་ཅག་གིས་འཆི་བཤད་འདི་ཡག་རྟགས་ཤིག་ཨེ་ཡིན་མི་ཤེས། ལྷག་པར་ཏུ་མགོ་སེར་འདི་དག་ལོ་རྒན་དྲུག་ཅུར་སོན་རུང་གཞོན་གཞོན་གྱི་གྲལ་ལ་འཇོག་པའི་ལུགས་སྲོལ་འདིས་ང་རང་ད་དུང་ ཤི་རན་མེད་འདོད་ནས་སེམས་ལ་དགེ་བ་ཐོབ་ནས་བསྡད་ཡོད་དོ།།
ད་ནི་ཁ་བརྡ་ཚང་བརྗོད་བྱའི་དོན་གྱི་སྲོག་རྩ་ཆད་ཟིན་པའི་ཚིག་ཉོབ་ཀྱི་བེམ་རོ་ཁོ་ན་འགྱུར་གྱིན་འདུག་པས་དུར་ཁྲོད་གླེང་བའི་ཚད་ལ་བབ་ལོས་ཡོད
རང་དབང་རང་བཙན་གླེང་བ་དེ་མི་རིགས་ཤིག་གི་ཤི་གསོན་གླེང་བ་རེད་ལ། གནས་མལ་ཐ་མའི་དུར་སའི་སྐོར་གླེང་བ་དེ་ཡང་མི་རིགས་ཤིག་གི་རིག་གཞུང་གླེང་གིན་ཡོད་པ་རེད། ཆུ་ངོགས་གཏམ་རྒྱུད་ལ་ལྟོས་དང་། རྒྱ་རྒན་ཚོས་མ་ཤི་གོང་རོ་སྒམ་ཉོ་བྱེད་ཀྱི་དངུལ་དེ་ཅི་ཙམ་གལ་ཆེན་དུ་བརྩིས་འདུག
ཡིན་ན་ཡང་རྒྱ་རྒན་ཚོ་ད་དུང་ང་ཚོའི་གཉའ་ན་སྐྱིད་ཉལ་བརྒྱབ་ནས་བསྡད་འདུག་ག དུར་ས་གླེང་བ་ཙམ་གྱིས་དུར་ས་དང་ཐག་ཉེ་བའི་ངེས་པ་མེད་ལ། དུར་ས་མ་གླེང་བ་ཙམ་གྱིས་དུར་ས་དང་ཐག་རིང་བའི་ངེས་པ་ཡང་ག་ལ་ཡོད།
རེད། ཁོ་ཚོས་དུར་ཁྲོད་ཅིག་གླེང་བཞིན་འདུག
ཁོ་ཚོས་རང་དབང་མེད་པའི་དུར་ཁྲོད་ཅིག་གླེང་བཞིན་འདུག
ཁོ་ཚོས་ཉམས་ཉེས་ཕོག་པའི་དུར་ཁྲོད་ཅིག་གླེང་བཞིན་འདུག
ཁོ་ཚོས་ཤི་ན་དུར་ས་མེད་པའི་མི་རིགས་ཤིག་གླེང་བཞིན་འདུག
ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་ཁོར་ཡུག་གི་འཇིག་ཉེན་གླེང་གི་འདུག
ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་བཙན་དབང་ཞིག་གི་ངོ་གདོང་གླེང་གི་འདུག
ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་བཙན་བྱོལ་པ་ཞིག་གི་སེམས་འདུན་གླེང་བཞིན་འདུག
ཤི་ཡང་རྣམ་ཤེས་ཕ་ཡུལ་ལ་ཕྱོགས་པའི་བཙན་བྱོལ་བ་ཞིག་གི་སེམས་འདུན་གླེང་བཞིན་འདུག
དུར་ཁྲོད་གླེང་བའི་དུས་ལ་བབས་ལོས་ཡོད།
མི་རིགས་ཧྲིལ་བོ་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་དུར་ས་མི་འདུག
རིག་གཞུང་ཕྱུག་པོ་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་། དུར་ས་མི་འདུག
སྐད་ཡིག་ཆ་ཚང་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་། དུར་ས་མི་འདུག
དུར་ཁྲོད་གླེང་བའི་དུས་ལ་བབས་ལོས་ཡོད། བློ་མཐུན་མིའུ་ཕྲུག་ལགས།
མགོན་པོ་ཕྱག་གཉིས་པ།
ངེད་གཉིས་བློ་མཐུན་མ་རེད། བློ་མི་མཐུན་གི། ངས་བཤད་པ་ཁྱེད་ཀྱི་བློ་མི་འགྲོ། ཁྱོས་བཤད་པ་ང་མི་དགའ།
བྱ་གཏོར།
གདོད་མའི་སྤྱི་ཚོགས་སམ་དཔལ་ཡོན་མ་དར་བའི་སྲོལ་རྒྱུན་གྱི་དུར་ལས་དང་རོ་ལས་བྱེད་སྟངས་དེ་ངས་མཐོང་མྱོང་ཡོད། ཕུང་བོ་གྲིས་གཏུབ། ལྷུ་གཏོར། རྐང་རྡུང་། འཇིགས་ཡེར་བ་ཞིག་དང་ལྟ་བཟོད་པ་ཞིག་མ་རེད། དེའི་ཐོག་ལ་བྱ་མ་འཁོར། རོ་ལས་བ་ཚོ་དུར་ས་རུ་ཉིན་ཞག་སྒུག བྱ་གཏོར་རྣམས་མཐར་མར་སྤྱང་ཀིས་ཁུར། ཁྱུ་ཡིས་ཁྱེར། གླག་གིས་ཁུར། ཤ་དང་རས་པ་ལ་གཡུག་ལུང་་གཡུག་བྱས། རྣམ་ཤེས་ཟེར་བ་ཁེས་ལེན་པའི་ཁྱེད་ཅག་ལ་རྣམ་ཤེས་ཞིག་ཡོད་ཚེ། ལྟ་བཟོད་པ་ཞིག་མིན་ལོས་ཆེ།
གཡག་འདྲ་བ་ཁྱེད་ཅག་གཡག་ལྟར་ཨུ་ཚུགས་ངང་འཚོ་བ་ལས། འགྱུར་བ་གཏོང་བར་བསམ་བློ་མི་འཁོར། འགྱུར་བ་གཏོང་བར་མི་སྤྲོ། སེམས་པ་བྱ་གཏོར་ཙམ་ལ་ཡང་འཁྲེང་ཞིང་ཞེ་ཤོར་བ་འདི་ཅི་ཡིན་ནམ།
ད་ནི་མང་བོ་ཞིག་གླེང་དགོས་མ་མཆིས། མདའ་ཚན་པའི་ཨ་ཕའི་ཁ་ཆེམས་འདི་ཡང་སྟོང་གཏམ་ཞིག་དང་། བྱ་གཏོར་ལ་བློ་ཕྱོགས་པའི་ཁྱེད་ཅག་གི་ཞེ་འཁྲེང་དེ་ཡང་། བག་ཆགས་ཞིག་དང་། རྙིང་ཞེན་ཞིག་ལས་རེ་སྟོང་ཡིན་ངེས། དངོས་ཡོད་དང་དུས་ཚོད་ཀྱིས་དེད་པའི་མངོན་འགྱུར་འདི་དག་ལ་མ་དགའ་སྡུག་སྒོམ་རྒྱག་བཞིན་ཕྱོགས་པ་ལས་། སྔ་ས་ནས་ངེས་ལེན་བྱས་ཏེ་དགའ་བཞིན་ཕུང་བོ་གློག་གི་མེ་བསྲེགས་ཀྱིས་ཞུགས་འབུལ་གནང་བ་བློ་ཕྱོགས་ན།
ཁྱེད་རང་བྱ་གཏོར་ལ་འཇིགས་པ་དེ་རང་གི་རྣམ་ཤེས་ཀྱིས་བཏང་ཚར་བའི་རོ་ཁོག་དེ་ལ་གཅེས་ཞེན་ཆེ་བའི་དབང་གིས་རེད། ང་རོ་ཁོག་གློག་ལ་བསྲེག་རྒྱུར་སྐྲག་པ་དེ་མ་ཡུམ་གྱི་ས་གཞི་སྟེ་རང་བྱུང་གི་ཁོར་ཡུག་ལ་གཅེས་ཞེན་ཆེ་བས་ཡིན་པ་རེད།
ང་ཤི་ཚར་བའི་རྗེས་སུ། རོ་རྡོ་ཡིས་བརྡུང་ནའང་འདྲ། སྟ་རེས་གསེས་ནའང་འདྲ། ཁྱིས་ཟོས་ན། སྤྱང་ཀིས་ཟོས་ན་ང་དེ་ལ་ཁྱད་པར་གང་ཡང་མེད། དེ་ལ་ཞེད་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག ཨ་ ཨ་ཕའི་ཀླད་སྟོང་གི་བྱིས་པ་ཆུང་ཆུང་ལགས། ཁྱེད་རང་འཇིགས་ཤིང་འཇིགས་ཤིང་གསོན། ཁྱེད་རང་འཇིགས་ཤིང་འཇིགས་ཤིང་ཤི། ཁྱེད་རང་མ་གཞི་ནས་མི་སྡར་མ་ཝ་འདྲ་བ་ཞིག་ཡིན་པ་འདྲ།
ཁྱོད་ཀྱིས་བདེ་བ་འདོད། ངས་ཀྱང་བདེ་བ་འདོད། འུ་གཉིས་བློ་མཐུན་རེད།
ཁྱོད་ཀྱིས་སྡུག་བསྔལ་མི་འདོད།ངས་ཀྱང་སྡུག་བསྔལ་མི་འདོད། འུ་གཉིས་བློ་མཐུན་རེད།
ཁྱོད་ཀྱིས་རང་གི་འཚོ་གནས་ཀྱི་ཆེད་དུ་སྤྱང་ལྟོགས་གཟན་ལ་འདུར་འདུར་བྱེད། ངས་ཀྱང་དེ་ལྟར་བྱེད། འུ་གཉིས་བློ་མཐུན་རེད། ཁྱོད་ལ་རྒྱོ་དགོས། ང་ལ་སྟུ་དགོས། འུ་གཉིས་བློ་མཐུན་རེད། ཨ་བློ་མཐུན་མེ་རི་ལགས། ཡང་སྐྱར་མཇལ་ཡོང་།
ཤ་ཁྲག་ལ་བརྔམ་པའི་བྱ་རྒོད་ཁ་ཤས་དུར་ས་འདིར་སླར་ཡང་ལྡིང་སྐོར་བྱེད་པ་ལ་དཔག་ཚེ་གནའ་རབས་སྙིང་སྟོབས་ཀྱི་ཁྲག་རྒྱུན་ས་ལ་ཐིམ་ཟིན་པའི་མེས་པོ་ཚོའི་བང་སོ་དེ་དག་ངས་ཡང་བསྐྱར་དྲན་སོང་།
ལོ་རྒྱུས་ཀྱི་གྲུ་སོ་ནས་ཁོང་ཚོས་ཤ་ཁྲག་རུས་གསུམ་མི་རིགས་འདིའི་ཆེད་དུ་དཀར་གཙང་གི་ཁ་བཏགས་ཡུག་གཅིག་བཞིན་མཐོ་སྒང་གངས་རིའི་ལྗོངས་སུ་ད་ལྟའི་བར་དུ་འགྲེང་མུས་སུ། དེ་རིང་རྐྱལ་སྟོང་གི་བྱ་རྒོད་སྨྱོན་པའི་ཁྱུ་ཚོགས་འདིས་རང་ཉིད་ཀྱི་ངོ་གདོང་སྦར་མོས་བྲད་བཞིན་སྒྲོ་གཤོག་དང་མཆུ་ཏོར་ནང་ལ་བཀུག་་ལུགས་ལ་བལྟས་ན་ང་ངོ་མ་སེམས་ཁྲལ་ཞིག་ལང་སོང་།
ས་རུབ་ཟིན། ཉི་མ་བཞུད་ཟིན། ང་བཟི་ཟིན། ཚང་མ་ཉལ་ཟིན། ངའི་མཐའ་མཇུག་གི་སྐད་ཆ་འདི་ཡེ་ཤེས་ལ་འབྲི་གི་ཡིན། མདའ་ཚན་པའི་གཏམ་འདི་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ལ་མཚོན་ན་ཡང་ཡང་གཞན་གྱིས་དྲིས་མྱོང་བའི་དྲི་བ་རྙིང་པ་ཞིག་ཡིན་རྒྱུ་རེད། དེ་ལ་མང་པོ་ཞིག་གིས་བསམ་བློ་བཏང་ཚར་ལ་དྲིས་ལན་ཡང་སློག་ཚར་བའི་ལན་རྙིང་པ་ཞིག་ཡིན་རྒྱུ་རེད། དེ་ནི་མཁས་པ་རྣམས་ཀྱིས་སྔོན་མ་ནས་བྲིས་ཚར་བའམ་གསུང་བཤད་གནང་ཚར་བའི་ཅ་ལག་རྙིང་པ་ཞིག་ཡིན་རྒྱུ་རེད། འདི་ནི་བོད་མི་ངོ་རེ་མི་རེ་དང་འབྲེལ་བའི་སྤྱིར་བཏང་གི་དོན་དག་ཅིག་རེད། འདི་བོད་མི་རེ་རེའི་སེམས་དང་འབྲེལ་ཡོད་པའི་དོན་དག་ཅིག་རེད། འདི་བོད་མི་རེ་རེའི་འཚོ་བ་དང་འབྲེལ་བའི་དོན་དག་ཅིག་རེད། འདི་བོད་མི་རེ་རེས་ས་ཆ་གང་ས་གང་དུ་ཉིན་མ་རེ་རེ་བཞིན་ཤོད་བཞིན་པའི་དོན་དག་ཅིག་རེད། ཁྱེད་ཀྱིས་འདི་ཡིན་གཅིག་མིན་གཅིག་རང་གིས་བཤད་པའི་སྐད་ཆ་དེ་སྲོག་ཤིང་དུ་བྱས་ནས་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན། འདི་བླ་སློབ་ཀྱི་ཐུགས་ཡིད་གཅིག་འདྲེས་ཟེར་བ་དང་གྲྭ་གྲོགས་སེམས་པ་གཅིག་འདྲེས་ཟེར་བ་དེ་འདྲས་འགྲེལ་བཤད་རྒྱག་དགོས་པ་ཅི། ལྷ་སྒྲུང་མེད་ས་རུ་ཁྱེད་རང་གིས་ཡང་སྐྱར་ལྷ་སྒྲུང་ཞིག་བཤད་རྩིས་ཡིན་ནམ། གལ་སྲིད་འདི་ལ་གསང་བའམ་མི་མངོན་པའི་ནུས་པ་གཞན་ཞིག་ཡོད་པ་ཡིན་ན་མདའ་ཚན་པའི་ཉོག་གཏམ་རིང་བོ་འདི་དག་ལས་ཡིག་འབྲུ་གཅིག་རང་གཅིག་གཅིག་གི་བྱིན་རླབས་ཀྱི་འོད་ཟེར་ཁྱེད་ལ་ཕོག་ནས་དེ་ནས་ཁྱེད་རང་གིས་ལབ་བརྡོལ་མང་པོ་ཞིག་མགོ་བཙུགས་པ་ཡིན་རྒྱུ་རེད། ཁྱེད་རང་གི་ཉོག་གཏམ་གྱི་འཆོལ་བཤད་མདའ་ཚན་པས་བཤད་དགོས་དོན་ཅི་ལ་ཡོད། མདའ་ཚན་པ་ཕལ་ཆེར་བསམས་གཞིགས་ཀྱི་ནུས་པ་བྲལ་བའི་མི་ལྐུགས་པ་ཞིག་ཡིན་རྒྱུ་རེད། རྒྱུ་མཚན་གྱིས་ཕོངས་པའི་སྐད་ཆ་དེ་འདྲ་མ་བཤད། དེ་རིང་ཁ་ཚུམས།སང་ཉིན་ཡང་སྐྱར་མཇལ་ཡོང་།
མགོན་པོ་ཕྱག་གཉིས་པ་ཉེ་སྔོན་ཞིག་ལ་ཆང་མཚམས་མམ་རྒྱོ་མཚམས་ལ་སྡོད་རྒྱུ་ཡིན་རྒྱུ་ཡིན་ཟེར་ནས་ཉིན་ཤས་རིང་བོར་སོང་། ད་ཕྱིར་ཕེབས་འདུག་ག
ང་ཚོའི་དྲྭ་གྲོགས་ཚོའི་སྐད་ཆ་ཤོད་སྟངས་ཉིན་རེ་བཞིན་འདྲ་བོ་མི་འདུག མགོན་པོ་ཕྱག་གཉིས་པ་དང་སྟག་སྨྱོན་སོགས་དངོས་གནས་མཚམས་རེར་ཆང་གིས་བཟི་བཞིན་ཡོད་པ་འདྲ་ལ། དེ་མིན་པ་ཚོ་ཡང་ཆང་གི་བཟི་བ་ཡིན་མིན་མི་ཤེས་ཏེ་ས་མཐར་འཁྱམས་པའི་གདུང་ཡུས་འདྲ་ཞིག་གིས་སེམས་ཁམས་འགྱུར་ལྡོག་མང་པོ་དང་རླུང་ཁམས་འཕར་ཤུགས་ཆེ་བར་གྱུར་ཡོད་པ་མ་ཡིན་ནམ་སྙམ། ཀུ་རེ་བརྩེས་པ་མིན།
སྤོབས་པ་ཆེན་པོ་འགྱུར་བ་མེད་པ་བཞུགས་འདུག་བཀྲ་་་་་ཤིས་བདེ་ལེགས་ཡོད
གྲོགས་པོ་སྤོབས་པ། འབྱོན་ལེགས། ཉིད་དེ་འདྲའི་མི་ཚོར་བ་རྣོ་བོ་ཞིག་རེད་འདུག ཁྱེིད་ཀྱིས་བཤད་པ་ལྟར་ང་ཆང་གིས་བཟི་ཡོད་པ་དོན་དངོས་ཡིན། འོན་ཀྱང་བཟི་འདི་ལ་དྭངས་རྒྱུ་འདུག་པས་སྐྱོན་མི་འདུག མ་ཟད་ཆང་འདི་ནི་ངས་བཟི་གཞན་པ་ཞིག་དངས་ཆེད་དུ་འཐུང་གི་ཡོད་པ་ཁྱེད་ཀྱིས་ཤེས་མེད། མི་སུ་ཡང་ཆང་དང་བཤང་ཚོང་མ་ལ་དགའ་བོ་མེད་པ་ལོས་བདེན། འོན་ཀྱང་བོད་མི་རིགས་ཀྱི་དཀའ་སྡུག་དང་ངུ་འབོད་རིང་མོ་ལས་གོ་རྒྱུ་མེད་པ་དང་། ངུ་འབོད་འདི་ནི་དུས་རབས་མང་བོ་དང་མི་ཐོག་མང་བོར་འཚམ་ཆད་རྒྱུ་མིན་ན་འདྲ་བས་། ཡིད་ཆད་རེ་བྲལ་གྱི་གནས་སྟངས་འདི་དག་མཐོང་དུས། ངའི་སེམས་ལ་རྦབ་རྡོ་ཆེན་པོ་ཞིག་ལྷུང་བ་དང་འདྲ་བའི་ནག་ཟུག་ལྗི་མོ་ཞིག་གིས་ང་རྟག་ཏུ་བཟི་འདུག བཟི་འདི་ལ་དྭངས་རྒྱུ་དང་སྨན་བཅོས་མི་འདུག་པས་ངས་ཟུག་གཅོགས་ཀྱི་བདུད་རྩི་ཆང་འདི་མི་འཐུང་ཀ་མེད་རེད། འདི་འཐུང་ན་གཉིད་ཁུག་པ་དང་ངལ་སོས་པ། སེམས་སྐྱིད་པ་དང་ལུས་ཡང་བ་མ་ཟད། གཙང་བཙོག་དང་མཐོ་དམའ་སོགས་ཡོད་ཚད་ལ་ཆགས་སྡང་གི་བློ་ཕྱོགས་ལྷུང་བ་མེད་པར་ཏིང་སྙོམས་སུ་གྱུར་འགྲོ་བས་འདི་མེད་ཐབས་མི་འདུག
ཁྱེད་རང་ཚོས་ངའི་སྒང་ལ་དཔའ་རྟགས་དང་མཁས་རྟགས་བསྟན་ཡོང་དུས་ཀྱང་ང་ཁོང་ཁྲོ་དང་མ་བཟོད་པ་གང་ཡང་མི་འདུག ད་དུང་བུ་འདི་ཚོའང་ང་རང་དང་འདྲ་བར་རང་ཉིད་ལ་རྒྱལ་ཁབ་མེད་པའི་ཕམ་ཁ་ཆེན་པོ་ཕོག་འདུག་སྙམ། ཁྱེད་ཚོའི་ནང་ན་རྗེ་བཙོང་ཁ་བ་དང་པད་མ་འབྱུང་གནས་འདྲ་བའི་པཎྟི་ཏ་ཆེན་པོ་རེ་མེད་འགྲོ་བསམ་ནས་དོགས་པའང་མ་ཤར། འོན་ཀྱང་གོ་སྐབས་དང་རང་ཉིད་ལ་རྒྱལ་ཁབ་ཅིག་ཡོད་ན་སོར་མོ་ལ་བརྟེན་ནས། གཟི་བརྗིད་ངོམ་ཤོར་ལ་ལས་ཁུང་ཞིག་གི་ནང་དུ་ཤེས་ཡོན་གྱིས་འཚོ་ཐུབ་པ་འདུག་མོད། དེ་ལས་ལྡོག་ཏེ་ས་མཐའ་གང་ཞིག་ཏུ་གྲལ་མཐའ་ཅི་འདྲ་ཞིག་ན་རང་རློམ་དང་འཁོར་ཡུག་གི་གནོན་ཤུགས་གཉིས་གདོང་ཐུག་བརྒྱག་ཞོར་དང་ཕམ་ཁ་ཁུར་ཞོར་ལ་འཚོ་བ་ཅི་འདྲ་ཞིག་བསྐྱེལ་གྱི་ཡོད་འགྲོ་བསམ་ནས་སེམས་ཁྲལ་འདུག གང་ལྟར་ང་ཚོས་སྐད་ཆ་གཞན་པ་ཞིག་བཤད་ཤོར་ལ་འཚོ་གཞན་པ་ཞིག་བསྐྱལ་དགོས་པ་སྐྱོ་བོ་མི་འདུག་གམ།
བདག་གི་ལུས་པོ་འདི་བོད་མི་དང་སྔ་མོ་ནས་བྲལ་ཟིན་ཡང། གློ་བུར་དུ་རྡོལ་བའི་དྲ་དེབ་མང་པོ་ཞིག་གིས་བདག་གི་སེམས་པ་སླར་ཡང་གློག་བྲ་འདི་དག་གི་ནང་དུ་དྲངས་ཏེ། མཐོང་མྱོང་གོ་མྱོང་མེད་པའི་བོད་མི་མང་པོ་ཞིག་གི་སེམས་པ་དང་བསྲེས་བྱུང་། ཁོ་ཚོའང་ང་དང་འདྲ་བར་སེམས་པ་སྐྱུར་སངས་སངས་དང་དངངས་ཚབས་ཅན་རྐྱང་ཡིན་པ་ཚོར། འོན་ཀྱང་ང་ཚོར་ཕན་ཚུན་སྐྱབས་ནུས་མེད། ཁོ་བོ་གཏན་དུ་བཟི་སྟེ་དྲ་ཁང་འདི་ལ་ཡང་འབྱོར་མ་ཐུབ་ན་བདེ་མོ་བྱོས། རྒྱུས་ཡོད་ཀྱི་དམ་བུ་འདི་ཁྱེར་ནས་གྲིབ་མ་དང་མཉམ་དུ་བུད་འགྲོ། ཁོ་ཚོས་སྔོན་མ་ཡང་ང་ངོ་མི་ཤེས་ལ་སླར་ཡང་ཆ་མེད་དུ་གྱུར་འགྲོ། སྒེའུ་ཁུང་ནང་གི་རླུང་བུ་ནང་བཞིན་གང་ནས་ཡོང་བ་མི་ཤེས་ལ། གང་དུ་སོང་བའང་མི་མཐོང་ངོ།
སྟག་སྨྱོན། འབྱོན་ལེགས། ངས་མཚམས་ཞིག་ལ་ཚགས་པར་ྐློག་རྒྱུ་མཚམས་འཇོག་བྱེད་ཨེ་ཐུབ་བལྟས་པ་ཡིན། ཚགས་པར་ྐློག་གིན་ྐློག་གིན་རང་རེ་ཕམ་པའི་ལོ་རྒྱུས་ཤ་སྟག་ཐོས་ཡོང་གིན་འདུག དེས་སེམས་ལ་མ་སྐྱིད་པ་བྱེད་ཀྱིན་འདུག ཡིན་ན་ཡང་དེས་ལས་ཀ་བྱས་མ་སོང་། ད་ལྟ་ཡང་བསྐྱར་གསར་འགྱུར་ལ་ལྟ་ྐློག་ཉན་གསུམ་བྱེད་ཁུལ་བྱེད་ཀྱིན་ཡོད། བོད་དོན་གྱི་ལས་ཀ་ནི་འཇོན་གྱི་མི་འདུག ད་ཅི་བྱ། གཟའ་ཉི་མའི་ཉིན་ཡེ་ཤུའི་ལྷ་ཁང་གི་མཛད་སྒོ་ཞིག་ལ་སོང་། སེམས་ལ་ཞི་བདེའི་ཚོར་སྣང་འདྲ་ཞིག་བྱུང་སོང་།