ཏིང་འཛིན་སྐྱིད།
ཨ་ཕ་ནི་ང་རང་ལ་མཚོན་ན་མེད་དུ་མི་རུང་ཞིང་སྐྱབས་ས་ཁེན་སར་གྱུར་ཡོད་ནའང་། ད་ལྟའི་བར་ངས་ཐེངས་འདིར་མ་གཏོགས་སྨྱུ་གུ་བཟུང་སྟེ་ཨ་ཕའི་སྐོར་བྲིས་མ་མྱོང་། བརྗེད་མི་ཐུབ་པ་ཞིག་ལ། དེ་སྔར་ཡིག་གཟུགས་ལ་མོས་པའི་ནུ་བོས་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་ཨ་ཕ་དང་འབྲེལ་བའི་རྩོམ་ཡིག་ཅིག་བྲིས་ཏེ་ཁོང་གི་བསྟོད་པ་ཞིག་ལ་རེ་ནའང་། ཨ་ཕས་ལྟ་ཙམ་གྱིས“ང་ལ་བསྟོད་པ་བྱེད་མི་ཤེས་པ་ཞིག་གིས་བསྟོད་པ་བྱེད་པ་ལས། སྐྱོན་བརྗོད་བྱེད་ཤེས་མཁན་ཞིག་གིས་སྐྱོན་བརྗོད་བྱས་ན་དགའ”ཞེས་ཆུ་འཁྱག་ཟོ་གང་ནུ་བོའི་མགོར་བླུགས་པ་དེ་ཡིན་ལ། དོན་དེ་ངའི་སེམས་སུ་བརྗེད་དཀའ་བའི་འདས་དོན་ཞིག་ཏུ་གྱུར་པར་བརྟེན། ད་ལྟའི་བར་སེམས་པ་རླབས་བཞིན་འཕྱོ་བའི་སྐབས་ལའང་ཨ་ཕའི་སྐོར་ནས་རྩོམ་གཅིག་ཀྱང་བྲིས་མྱོང་མེད།
དེ་རིང་ཨ་ཕའི་སྐོར་འབྲི་བ་ནི། དོན་ལ་ཨ་ཕའི་ལྷུན་ཆགས་སྒམ་ཚུགས་མེད་པའི་རང་ཚུགས་དང་རང་ཉིད་དམན་སར་འཛིན་པའི་ཟོལ་མེད་བབ་ཆགས་ཀྱི་རང་གཤིས་ལ་བསྟོད་པ་བྱེད་རྒྱུའི་ཆེད་མིན་པར། བུ་མོ་ཞིག་གི་སེམས་ངོགས་སུ་ཆེས་སྤྱིར་བཏང་གི་ཨ་ཕ་ནི་ཇི་འདྲ་ཞིག་
ཡིན་ཚུལ་བརྗོད་རྒྱུའི་ཆེད་ཡིན། སྐབས་འདིར་ངས་གློ་བུར་དཔལ་ལྡན་འབྲུག་ཡུལ་གྱི་ནགས་ཚལ་ཞིག་ནས་ཐང་ཤིང་རིང་ལ་སྦོམ་པ་ཞིག་མཐོང་སྟེ་འགྲོ་རོགས་ལ་འདི་མཐོང་དུས་ངས་ཨ་ཕ་དྲན་གི་ཞེས་ལབ་པ་དེ་དྲན་ཡོང་ཞིང་། ཚང་ཚིང་ནགས་མའི་གསེབ་ནས་རང་གཤིས་སྲུང་བཞིན་ཀྲོང་ངེར་འགྱིང་བའི་ཚུལ་དེས་གཟུགས་གཞི་རིང་ལ་སྐྱེས་པ་ཕོ་ཡི་ཚུགས་ཀས་ཡོངས་སུ་བརྒྱན་པའི་ཨ་ཕ་ཁྱེད་ཉིད་མཚོན་བཞིན་མེད་དམ་སྙམ། ངས་དྲན་དུས་ཤིག་ནས་ཁྱེད་ཀྱིས་རང་ལ་ཆེ་བསྟོད་དང་རང་ཆེའི་ཟོལ་མི་སྟོན་ཞིང་། གཞན་གྱིས་བསྟོད་པ་བྱས་ན་དོགས་མི་བདེ་བར་བྱེད། དེ་བཞིན་ཁྱེད་ཀྱིས་ཁེ་ཕན་དང་སྙན་གྲགས་ཀྱི་མདུན་ནས་གཞན་ལ་འགྲན་སེམས་བཅངས་མ་མྱོང་ལ། རང་མཐོང་རང་རློམ་ནི་དེ་བས་ཀྱང་བྱས་མྱོང་མེད། ཐ་ན་ན་ནིང“བསླབ་པ་ཟབ་པའི་ལོ་ཙཱ་པ”ཞེས་པའི་རྒྱལ་ཁབ་རིམ་པའི་མཚན་སྙན་བཞེས་དུས་ཀྱང་། ཁྱེད་ཀྱིས་ཧ་ཅང་བག་ཡོད་ངང“མིང་ཡོད་དོན་སྟོང་ཙམ་མོ”ཞེས་ཡང་ཡང་གསུངས་པ་ཡིད་ལ་ཝ་ལེར་ཤར། ཨ་རྒྱ་ལགས། ངས་ཁྱེད་ཀྱིས་མཚན་སྙན་འདི་དག་ལ་ཁ་ཡ་བྱེད་ཀྱིན་མེད་པ་ཤེས་ཤིང་། ཉིན་འདི་དག་ལ་ཚང་མས་ཁྱེད་ནི“གསེར་དང་མཚུངས་པའི་མི་ཞིག་ཡིན”ཞེས་བརྗོད་དུས་ཀྱི་རིན་ཐང་ངོ་མ་དེ་རྟོགས་ཡོད། གདེང་འཇོག་འདི་ནི་ཁྱེད་ཀྱི་རང་གཤིས་ལ་ཆེས་བབ་ཆགས་ཀྱིས་གོ་བ་བླངས་པ་ཞིག་རེད་ལ། ཁྱེད་ལ་མཚོན་ན་འདི་ནི་འབབ་འོས་པ་ཞིག་ཀྱང་ངོ་། །
ལོ་ངོ་བདུན་ཅུ་དོན་གཅིག་གི་སྔོན་དུ། ཁྱེད་ཉིད་དབྱར་གྱི་ཚ་གདུག་དང་ལྷན་དུ་འཇིག་རྟེན་མི་ཡུལ་འདིར་སླེབས། སྤྱིར་ན་ཁྱེད་ནི་ཁྱིམ་རྒྱུད་ཆེན་པོའི་རྒྱུད་དུ་འཁྲུངས་པ་ཡིན་མོད་ཀྱང་། ཟ་མ་དཀའ་ངལ་ལ་འཕྲད་པའི་དུས་ཚིགས་དེའི་ནང་འཁེལ་པས། འདམ་རྫབ་ཁྲོད་དུ་ནས་འབྲུ་བཏུས་ནས་ཟོས་མྱོང་ལ་རི་མགོ་ནས་རི་སྐྱེས་ཚལ་རིགས་བསྔོགས་མྱོང་ཞིང་། ཨ་མ་དང་མཉམ་དུ་གད་སྙིགས་ཀྱང་བཏུས་མྱོང་བར་བཤད། ག་བྱེད་འདི་བྱེད་མེད་པར་བྱིས་དུས་བསྐྱལ་བཞིན་པའི་སྒང་ལ། མཚོ་ལྷོ་གསེར་ཆེན་རྫོང་གི་སློབ་གྲྭས་སློབ་མ་བསྡུ་བའི་གནས་ཚུལ་ཐོས་པར་བརྟེན། ཁྱེད་ཉིད་སྤོབས་པ་ཆེན་པོས་ཕ་ཡུལ་དང་གྱེས་ཏེ་གནས་དེར་སློབ་གྲྭར་ཆས། ལོ་ན་ཆུང་བའི་རྐྱེན་གྱིས། ཁྱེད་ཀྱིས་ཐོག་མར་རང་གི་ཕུ་བོ་དང་སྲུ་མོའི་གམ་ནས་བོད་ཡིག་དང་རྒྱ་ཡིག་རོབ་ཙམ་སྦྱངས་ཤིང་། དེ་ནས་རྨི་ལམ་དུའང་ཡང་ཡང་འཆར་བཞིན་པའི་སློབ་གྲྭར་ཕྱིན། ཕུ་བོ་དང་སྲུ་མོ་སྒོ་ཕྱིར་སོང་བའི་ཤུལ་དུ། ཁྱེད་ཀྱིས་གཞན་སྡུག་ལ་གཏོད་མ་འདོད་པར་ཉིན་རེར་ཅོང་རྡོག་གཅིག་རེས་ཉི་མ་བསྐྱལ་ཅིང་། དྲོས་ཇ་ཡོལ་ཙམ་ལ་ཕྱི་རུ་ཕྱིན་ནས་ཕོ་བ་ལྟོགས་བཞིན་དཔེ་ཆར་ལྟ་བ་དང་། ཚང་མས་ཟ་མ་ཟོས་ཚར་པ་དང་ཕྱིར་སློབ་གྲྭར་ཡོང་། ཕྱིས་སུ། བྱིས་པའི་ངང་རྒྱུད་ད་དུང་ཡལ་མེད་པའི་ཁྱེད་མང་རྫོང་མཆོད་རྟེན་ཐང་དུ་དགེ་རྒན་བྱས་པ་ཡིན་ལ། དགེ་རྒན་དང་། ཇ་མ། སློབ་གཙོ་གཅིག་ལྕོགས་སུ་བྱས་ནས་བསྡད། ཁྱེད་ཀྱིས་བཤད་ན། ཉིན་རེའི་ཞོགས་པར་ཁྱེད་ཀྱིས་སྡེ་བའི་ནང་གི་བྱིས་པ་དག་རེ་རེ་བཞིན་བོས་ཏེ་འཁུར་བཞིན་ཆུ་བོ་བརྒལ་ནས་སློབ་གྲྭར་ཡོང་བ་དང་། ཕྱི་དྲོར་ཡང་བྱིས་པ་རེ་རེ་བཞིན་འཁུར་ཏེ་ཆུ་བོ་བརྒལ་ནས་སོ་སོའི་ཁྱིམ་དུ་བསྐྱལ། སློབ་མཚམས་ཀྱི་སྐབས་ལ། ཁྱེད་ཀྱིས་སློབ་རའི་མདུན་དུ་སྡོང་ཕྲན་མང་པོ་ཕྲེང་བསྒྲིགས་ནས་བཙུགས་རབས་བཤད་ཅིང་། དེ་རྣམས་མང་རྫོང་གི་ཡུལ་མི་ཚོས་བཤད་ན། ཕྱིས་སུ་སྡོང་རྒན་དུ་གྱུར་ནས་མཐར་ཁྱིམ་ཚང་སོ་སོར་བགོས་ཟིན་ཟེར། གཏམ་འདི་ཐོས་དུས་ཁྱེད་རང་སྤྲོ་བས་ཁེངས་འདུག་ལ། ནད་འདི་ལས་ཐར་ན་དངོས་སུ་མཆོད་རྟེན་ཐང་དུ་ཐེངས་གཅིག་སོང་ནས་ཡུལ་མི་ཚོར་སྐོར་ཞིག་རྒྱག་དགོས་ཟེར། གནས་དེ་ནས། ཁྱེད་ཉིད་རང་གི་མི་ཚེའི་ནང་བརྗེད་ཐབས་མེད་པའི་ཧྲན་ཏུང་གི་ལས་བྱེད་མི་སྣ་ཞིག་ལ་འཕྲད་མྱོང་ཞིང་། ཁོང་ནི་སྐབས་དེར་ཀུང་ཧྲེའི་ལས་བྱེད་པ་ཡིན། ཉིན་རེའི་ཞོགས་པར་ཁོང་གིས་མའོ་ཙེ་ཏུང་གི་གསུང་བཏུས་ལས་སྙན་ཚིག་གི་སྐོར་བློར་འཛིན་བཞིན་པར་བཤད་ཅིང་། ཁྱེད་ལའང་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་དཔེ་ཆ་མང་དུ་ཀློག་པ་དང་། རང་སྦྱོང་གཏན་ནས་ལྷོད་མི་རུང་བའི་ཁ་ཏ་བྱས། དེ་ལ་བརྟེན་ནས། ཁྱེད་ཀྱིས་རང་སྦྱོང་ལྷོད་མེད་སྒོས་དཔེ་ཆ་མང་དུ་བཀླགས་ཤིང་། མའོ་ཙེ་ཏུང་གི་གསུང་བཏུས་དེའང་ཡང་དང་བསྐྱར་དུ་ཐེངས་བཞི་ཙམ་ལ་ཡི་གེ་རེ་རེ་བཞིན་ལག་པས་བྲིས། ལག་བྲིས་དེ་དག་ད་ལྟའང་ཁྱེད་ཀྱི་དཔེ་སྒྲོམ་དུ་ཉར་འདུག་པ་དེ་རེད།
མཆོད་རྟེན་ཐང་གི་འདས་དོན་དག་གླེང་ཐེངས་རེར། ཁྱེད་ཀྱི་མིག་ཀོང་དུ་མཆི་མའི་འོད་ཀོང་འཚེར་ངེས་ཤིང་། སྐབས་དེ་ནི་ཁྱེད་ཀྱི་མི་ཚེའི་ནང་ཆེས་བརྩོན་སེམས་ཀྱིས་བརྟས་ལ་དཀའ་ཁག་ཆེས་ཆེ་ཞིང་ཡོང་འབབ་ཆེས་བཟང་བའི་ལོ་རབས་ཤིག་ཡིན་ཟེར། དེས་ཁྱེད་ཉིད་ལ་རང་སྟོབས་རང་སྤེལ་དང་དོན་ཅི་ཡང་རང་གིས་གདོང་བསུས་ཏེ་གཞན་པར་དཀའ་ལས་མི་བཟོ་བའི་རང་གཤིས་ཆགས་པར་བྱས། དེ་བས། མཆོད་རྟེན་ཐང་ནི་ཁྱེད་ཀྱི་ཕ་ཡུལ་ལས་གཞན་པའི་བརྗེད་ཐབས་མེད་པའི་ས་ཆ་དེ་ཡིན་འདུག ཁྱེད་དང་འཕྲད་པའི་ཧྲན་ཏུང་ནས་ཡིན་པའི་ལས་བྱེད་པ་དེ་ནི་ཁྱེད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ལམ་པ་དེ་ཡིན་འདུག་སྟེ། དེས་ཁྱེད་ལ་སྐུལ་ལྕག་དང་བསླབ་བྱ་མང་དུ་གནང་པར་བརྟེན། ཁྱེད་ཉིད་མཚོ་སྔོན་ཞིང་ཆེན་མི་རིགས་སྤྱིའི་སློབ་གྲྭར་(ད་ལྟའི་མཚོ་སྔོན་མི་རིགས་སློབ་ཆེན།)ཞུགས་ཐུབ་པ་བྱུང་ཞིང་། མཚོ་སྔོན་གྱི་སློབ་ཆེན་པ་རབས་དང་པོའི་གྲས་སུ་ཚུད། དེའི་རྗེས་ནས་ཁྱེད་ཀྱིས་མུ་མཐུད་འབད་པ་བྱས་ཏེ། གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་སྐོར་ཁག་དང་པོའི་གྲས་སུ་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེས་སློབ་གྲྭས་བསྐྱུར་ཏེ་དགེ་རྒན་བྱེད་ཐུབ་པ་བྱུང་། ཁྱེད་ཉིད་ལས་འཁྱུར་ངལ་གསོའི་བར་ལ་སློབ་གསོ་དང་རིག་གནས་ཀྱི་ལས་གནས་དང་ཁ་བྲལ་མ་མྱོང་ཞིང་། གོ་གནས་སྤར་བའི་གོ་སྐབས་མང་པོ་ཁྱི་ལུད་བཞིན་དོར། ཁྱེད་ཀྱིས་འདི་ལྟར་མི་ཚེའི་གང་པོའི་དུས་རིམ་ཕལ་མོ་ཆེ་བོད་ཀྱི་སློབ་གསོའི་ཆེད་ལ་བསྟིམས་ཡོད་ཅིང་། ས་གནས་ཀྱི་གདུང་འདེགས་ཀ་བ་ལྟ་བུའི་མི་སྣ་གང་མང་གསོ་སྐྱོང་གནང་།
ཨ་རྒྱ་ལགས། ངས་ངེད་གཉིས་སྨན་ཁང་དུ་བསྡད་པའི་ཕ་བུ་གཉིས་པོ་སྒེར་ལ་དབང་བའི་དུས་ཚོད་དེ་ཡང་ཡང་དྲན། གཞན་གྱི་བར་ཆད་མེད་པར་ངེད་ཕ་བུ་གཉིས་ཀྱིས་ཁྱེད་ཀྱི་འདས་དོན་མང་པོ་ཡང་དང་བསྐྱར་དུ་གླེང་། ཁྱེད་ཀྱིས་ཁོ་མོར་སེམས་གཏམ་དུ་གསུངས་པའི་གསུང་དེ་དག་ངས་བརྗེད་ག་ལ་ཐུབ། ནད་ཁང་དུ་ཁྱེད་ཀྱིས་ད་དུང་ཚིག་མཛོད་ལོ་ཙཱ་དང་རྩོམ་སྒྲིག་གི་ལས་ཀ་མང་དུ་གླེང་ཡོང་ཞིང་། རྨི་ལམ་དུའང་མིང་ཚིག་ཁག་ཅིག་གི་ལོ་ཙཱ་བྱེད་སྟངས་རྨིས་ཏེ་འདི་ལྟར་ལོ་ཙཱ་བྱས་ན་འགྲིག་འདུག་ཅེས་གསུངས་པ་དྲན། ཁྱེད་ཀྱིས་ལོ་ཙཱ་བྱས་ཟིན་པའི་མ་གདན་བཅུག་པའི་ཁུག་མ་ནག་པོ་དེ། ཁྱེད་ཀྱི་མི་ཚེའི་ཆེས་མཐའ་མཇུག་གི་སྐབས་ལའང་ཁོ་མོར་ལག་ཏུ་ཉར་དགོས་པའི་མངག་བཅོལ་བྱས་པ་ཇི་ལྟར་བརྗེད། ཨ་རྒྱ་ལགས། ཁྱེད་ཀྱིས་རང་གི་ནུས་པ་ཡོད་ཚད་བཏོན་ནས་ཆེས་རྨང་གཞི་ཡིན་པའི་ལས་ཀ་འདི་དག་སྒྲུབ་པ་ཡིན་ལ། ངས་བསམ་ན། ཁྱེད་ཀྱི་ལོ་ཙཱའི་ལས་རོགས་ཚོགས་ཀྱང་ཁྱེད་ཀྱི་སེམས་ཕམ་དུ་ག་ལ་འཇུག་གོ་སྙམ།
ཨ་རྒྱ་ལགས། ཁྱེད་ཉིད་དྲན་པ་ནི་སེམས་པ་དྲོད་ལམ་ལམ་བྱེད་པའི་ཕྱིར་དྲན་ཞིག་སྟེ། འདས་དོན་ཕྲན་ཚེགས་མང་པོས་ང་དང་ཁྱེད་ཀྱི་མི་ཚེ་གཅིག་ཏུ་སྦྲེལ། ང་རང་ལོ་དགུའི་སྐབས་རྩོམ་ཡོན་བཀོལ་ཏེ་རྣོ་སྦྲེང་རོལ་ཆས་ཤིག་ཉོས་པ་ནི་ཁྱེད་ཀྱིས་བུ་མོ་ང་ལ་བརྩེ་བ་མཚོན་པར་བྱས་པ་ཐོག་མ་དེ་ཡིན་པར་སྙམ་ཞིང་། ང་དང་ནུ་བོ་གཉིས་ལྕགས་རྟའི་འཕོངས་ལ་བསྐྱོན་ཏེ་ཡར་རྒྱུག་མར་རྒྱུག་བྱས་པ་ནི་བརྗེད་དཀའ་བའི་འདས་དོན་དུ་གྱུར། ད་དུང་བརྗེད་ཐབས་མེད་པ་ནི། ཁྱེད་ཀྱིས་ལྷགས་རླུང་ཁྲོད་རླངས་འཁོར་ས་ཚུགས་སུ་ཁོ་མོར་སྒུག་ནས་འདུག་པའི་ཚུལ་དང་། དགུན་ཁའི་ཞོགས་པར་ངའི་ལྷམ་ཆུང་དྲོད་རླངས་ཐོག་དྲོས་སུ་འཇུག་པའི་ཚུལ། ཐེངས་མང་པོར་ང་ལ་རྫི་རྐྱང་བྱས་ཏེ་ཁྱེར་ཡོང་བའི་མར་ཆུར་དང་རྩམ་པ་དག་ཡིན་ལ། ཁྱེད་ཀྱི་ལག་པ་སྦོམ་པོས་ངའི་ལག་ཤུབས་གྱོན་པའི་ལག་ཆུང་ཕུར་ཕུར་བྱེད་པའི་རྣམ་པ་ད་དུང་ཡང་གསལ་ལེར་དྲན། ངས་ཐེངས་དང་པོར་རླངས་འཁོར་བསྐོར་དུས་སུ། ཁྱེད་ཉིད་ཀྱང་ངེས་པར་འགྲོ་རྒྱུ་ཞེས་སེམས་མ་བདེ་བར་ཁ་ལོ་བ་འདུག་སའི་གཞོགས་སུ་བསྡད་དེ་གྱ་གྱུའི་རི་ལམ་མང་པོར་འགྲོ་རོགས་བྱས་པ་དྲན་ཡོང་ལ། ང་ལ་དངོས་པོ་ལྗིད་མོ་གང་ཡང་འགྱོག་ཏུ་མི་འཇུག་པར་རང་གིས་ཁྱེར་འགྲོ་བའི་སྣང་ཚུལ་དང་མཚན་མོ་རེ་རེ་བཞིན་ཡར་ལངས་ཏེ་ངའི་ཐོག་ཏུ་མལ་ཐུལ་འགེབ་པའི་དྲོད་སྣང་དེ་དག་དྲན་འོངས། དེ་བཞིན་ང་རང་སེམས་སྡུག་ནས་མིག་ཆུ་འདོན་དུས་དལ་ཅག་གེར་གཟབ་ཉན་བྱེད་པའི་རྣམ་པ་དྲན་ཡོང་ཞིང་། ང་རང་སེམས་ངལ་གྱིས་མནན་ནས་ཐང་ཆད་སྐབས་དུས་ཐོག་བཞིན་སེམས་ཤུགས་སྩོལ་བའི་ངང་ཚུལ་དྲན་ཡོང་བས། ཁྱེད་ནི་བུ་མོ་ངའི་སྟོབས་ཤུགས་ཡོད་རྒུའི་འབྱུང་ཁུངས་ཡིན་ནོ། །
ཨ་རྒྱ་ལགས། ཁྱེད་ནི་ངའི་མི་ཚེ་འདིར་ཆེས་མེད་ཐབས་མེད་པའི་མགྲོན་པོ་གཙོ་བོ་དེ་ལགས་ཤིང་། ངེད་མིང་སྲིང་ཚོ་ཁྱེད་ཀྱི་འཚོ་བའི་ནང་མ་སླེབས་པའི་ན་གཞོན་གྱི་དུས་ལ། ཁྱེད་ཀྱང་ན་གཞོན་གཞན་དག་དང་འདྲ་བར་རྒྱུག་ལ་དགའ་ཞིང་རྩོམ་རིག་ལ་མོས་པ་དང་། རོལ་དབྱངས་དང་སྤོ་ལོར་དགའ་ལ། རང་དབང་དང་བབ་ཆགས་ཀྱི་འཚོ་བར་དུངས་པ་ཞིག་ལོས་ཡིན། ང་ཚོ་འཇིག་རྟེན་དཀར་ངོགས་སུ་སླེབས་པའི་རྐྱེན་ལས། ཁྱེད་ཉིད་ད་གཟོད་དཀའ་སྡུག་ལ་མི་སྐྲག་ཅིང་ཕམ་ཁར་མི་འཛེམ་ལ། ཞིབ་ཚགས་ཆེ་བའི་ཨ་ཕ་ཞིག་ཏུ་གྱུར་པ་ཡིན་ནོ། ། ཨ་རྒྱ་ལགས། ང་ཚོ་འཇིག་རྟེན་མི་ཡུལ་དུ་སླེབས་པ་ནས་ཁྱེད་ཀྱི་མ་གཞིའི་འཚོ་བའི་ཁ་དོག་གཞན་དུ་བསྒྱུར་བ་ཡིན་ངེས་ལ། ཁྱོ་ག་དང་། ཨ་ཕ། ཨ་མྱེས་ཞེས་པའི་མཚན་འདི་དག་ཀྱང་ང་ཚོའི་རྐྱེན་གྱིས་ཁྱེད་ལ་ཐོགས་པས་ན། འདི་ནས་ཁྱེད་ལ་དགོངས་དག་ལན་བརྒྱར་ཞུ།
ཨ་རྒྱ་ལགས། མི་ཚེ་འདིར་ཁྱེད་ཀྱིས་དཀའ་ལས་མྱངས་སོང་། དེ་བས་ཁྱེད་ཀྱིས་རང་གི་ལམ་བུ་དཀར་པོ་འདེད་བཞིན་བདེ་ལྡན་དག་པའི་ཞིང་དེར་ག་ལེར་ཕེབས་རོགས། ཁྱེད་ཉིད་ང་ཚོའི་ནང་མི་ཞིག་ཏུ་གྱུར་བར་ངས་བཀའ་དྲིན་ཞུ་བཞིན་ཡོད་ལ། ཁྱེད་ཉིད་ངའི་ཨ་ཕར་གྱུར་ཞིང་ང་རང་ཁྱེད་ཀྱི་གཅེས་ཕྲུག་མར་གྱུར་པར་ཡིད་སེམས་དྲོད་ཀྱིས་བརྟས་ནས་ཡོད། ངས་ཤེས་ཏེ། ཁྱེད་ཀྱི་མི་ཚེ་འདིའི་ཕངས་སེམས་ཆེས་ཆེ་བའི་དོན་ནི་གྲུབ་ཆེན་ཆོས་པ་རིན་པོ་ཆེ་དང་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་ནང་བཞིན་ཧ་ཅང་དབེན་འཇགས་ཀྱི་ནགས་གསེབ་ཅིག་ཏུ་རང་གི་ནང་སེམས་ཀྱི་ཏིང་འཛིན་ལ་རོལ་མ་ཐུབ་པ་དེ་ཡིན། ཨ་རྒྱ་ལགས། གལ་ཏེ་སྐྱེ་བ་གཞུག་མ་ཞེས་པ་ཞིག་ཡོད་ངེས་གཏན་ཡིན་ཚེ། ཁྱེད་ཉིད་ཡིད་བཏགས་སེམས་འཁོར་གྱི་བསིལ་ལྡན་ཁ་བའི་ལྗོངས་འདིར་སླར་ཡང་ཕེབས་ཤོག་དང་། ཁྱེད་རང་ང་ཡི་བུ་ཕྲུག་ཏུ་སྐྱེས་ཏེ་ངེད་གཉིས་ཡང་བསྐྱར་མ་བུའི་ངང་ལ་བསྡད་ན་ཅི་འདྲ་འདུག ཁྱེད་ཀྱིས་ཅི་ལ་ཡང་ཁ་ཡ་བྱེད་མི་དགོས་ཏེ། ཁྱེད་ཀྱིས་རང་གི་འདོད་པ་བཞིན་ནགས་མའི་གསེབ་ཏུ་རང་དགར་དཔེ་ཆར་བལྟ་བའམ། རྟ་ཕོར་བཅིབས་ཏེ་བང་གིས་རྒྱུགས་པ། རྒྱང་ལ་གཟིགས་ཏེ་རང་གི་ཕུགས་བསམ་སྤུར་བ། ནང་དུ་བསྡད་དེ་ཏིང་འཛིན་སྒོམ་པ་སོགས་ཅི་བྱས་ཀྱང་ཆོག ཁྱེད་ཉིད་སྐྱེ་བ་རྗེས་མར་རང་གི་འདོད་པ་ཅན་གྱི་མི་ཞིག་བྱས་ཏེ། མི་ཚེ་བང་གིས་གློད་རོགས་ཀྱེ།
མེ་ཏོག་ཚོམ་བུར་བཀད་པ་ནི་ནམ་ཞིག་རྙིད་ནས་སྐམ་འགྲོ་བའི་སྔོན་འགྲོ་ཡིན་པ་བཞིན། དབྱར་གྱི་དུས་ནས་ཁོ་མོས་ཁྱེད་ཉིད་རྒྱང་ལ་བཞུད་ཨེ་འགྲོ་ཡི་སེམས་ཁྲལ་བྱས། ད་ནི་ཁྱེད་ཀྱིས་གོམ་པ་སྤོ་ཐེངས་གཅིག་གིས་ང་ཚོ་དང་བར་ཐག་དཔག་ཚད་ཁྲི་ཁྲག་གིས་ཆོད་པའི་བདེ་ལྡན་དག་པའི་ཞིང་དེར་ཕེབས་རྩིས་བྱས་སོང་བས། ཨ་རྒྱ་ལགས། ང་རང་ཕྱིར་དྲན་མེད་པའི་བུ་མོ་ཞིག་ཇི་ལྟར་བྱེད་ཨང་།
ཨ་རྒྱ་ལགས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་།
ཨ་རྒྱ་ལགས། ཁྱེད་ལ་བཀའ་དྲིན་ཞུ།
ཨ་རྒྱ་ལགས། … …
ཁྱེད་ཀྱི་གཅེས་ཕྲུག་མ་ཏིང་འཛིན་ནས།
སྤྱི་ལོ2023ལོའི་ཟླ2ཚེས26ཉིན།
རེབ་གོང་གི་རང་ཁྱིམ་དུ་སྦྱར།
བོད་མི་རིགས་ཀྱི་བླ་སྲོག་སྐྱོང་བའི་དགེ་རྒན་ཆེན་མོ་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ། ཁྱེད་ཀྱི་མཛད་རྗེས་བསྐལ་པའི་བར་བརྟན་པར་ཤོག