ཆོས་རྗེ་ཚང་ཡོན་ཏན་རྒྱ་མཚོ།
ཨ་མ་བཟང་མོའི་བྱམས་བརྩེའི་ཐུ་འོག་ནས།།
འཛུམ་ཆུང་རྒྱས་པའི་བུ་མོ་མེ་ཏོག་ཁྱོད།།
དེ་རིང་ཟླ་བཅུ་ལོངས་པའི་ཉིན་མོ་འདིར།།
ཨ་ཕས་ཚིག་འགའ་བཤད་ལ་བུ་མོས་ཉོན།།
རེ་དོགས་མ་མང་ཕུགས་འདུན་ཡོད་པ་བྱོས།།
དགའ་སྐྱོ་མ་མང་རང་ཚུགས་བརྟན་པ་བྱོས།།
བསམ་སྦྱོར་མ་ངན་གཞན་ལ་ཕན་པ་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
མཐོ་ལ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུ་ཞོག།།
དམན་ལ་མཐོང་ཆུང་ཁྱད་གསོད་བྱེད་རྒྱུ་ཞོག།།
བར་མར་ཕྲག་དོགས་སེམས་ངན་འཆང་རྒྱུ་ཞོག།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
ངོ་བསྟོད་ཚིག་གིས་གནམ་ལ་འཕུར་མི་ཉན།།
སྨད་པ་བྱས་པས་སེམས་པ་ཕམ་མི་ཉན།།
སྟོད་སྨད་གཉིས་ཀར་ཚོར་བ་རྣོ་མི་ཉན།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
རིགས་ཀྱི་ལ་རྒྱ་ཁོག་ནས་བོར་མི་ཉན།།
དམ་ཆོས་རྩ་བ་དད་པ་བརླག་མི་ཉན།།
ཤེས་རིག་སྦྱོང་བའི་སྙིང་རུས་འདོར་མི་ཉན།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
ཁ་ཡག་ངོ་དགའི་གཏམ་གྱིས་ཚིམ་མི་ཉན།།
བདེན་བདེན་འདྲ་བ་ཚང་མར་རློམ་མི་ཉན།།
དོན་གྱིས་སུ་ལ་ཡིད་ཆེས་བྱེད་མི་ཉན།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
སྐྱིད་དུས་མགོ་འཕང་མ་མཐོ་སེམས་མགོ་ནོན།།
སྡུག་དུས་དཔའ་སྤོབས་མ་ཉམས་བློ་རྒྱ་སྐྱེད།།
རྟག་ཏུ་རང་སེམས་འདི་ལ་བྱ་ར་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
སྤྱོད་ལམ་ཞི་ལ་རང་བཞིན་བརྟན་པ་བྱོས།།
གནད་དོན་ཆེ་ཆུང་ཚང་མ་རྟོགས་པ་བྱོས།།
རྟག་ཏུ་འགྲོགས་པའི་མི་དང་མཐུན་པ་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
དོན་ལ་བསམ་བློ་གཏོང་སྐབས་འགལ་བ་གལ།།
མི་ལ་འགྲོགས་པའི་གནས་སྐབས་མཐུན་པ་གལ།།
དོན་ལ་བལྟ་བཞིན་འགལ་འབྲེལ་གཉིས་སྤྱོད་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
དམིགས་ཡུལ་བློ་རྒྱ་མ་ཆུང་ཆེ་ནི་བྱོས།།
སྙིང་གཏམ་སུ་ལ་མ་ཤོད་སེམས་ལ་ཟུང་།།
གཏམ་སྤྱོད་ཡུལ་དུས་ཀུན་ལ་མཐུན་པ་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
གྱོན་པ་རྒྱུ་སྤུས་བཟང་ལ་གོང་ཆེན་གྱོན།།
ཟ་མ་ལུས་ལ་འཕྲོད་ཅིང་ཞིམ་པོ་ཟོ།།
ཟས་གོས་གཉིས་ལ་སེར་སྣ་མེད་པ་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
མགྲོན་པོར་ཇ་ཆང་ཟས་ཀྱི་བསུ་མ་བྱོས།།
རྒྱུ་དངོས་ཙག་ཙིག་རིགས་ལ་སྣང་མེད་བྱོོས།།
ཉེ་བའི་མི་ལ་ངོ་ཚིག་བརྟན་པ་བྱོས།།
འདི་གསུམ་ཨ་ཕའི་སྙིང་གི་ཚིག་གསུམ་ཡིན།།
སྤྱིར་ན་ཨ་ཕ་ད་དུང་ན་ཆུང་བས།།
ག་ལེར་ཡུན་གྱིས་བཤད་ན་ཆོག་པ་ལ།།
རྐྱེན་ངན་གློ་བུར་ནམ་ཡོང་ཆ་མེད་པས།།
མི་ཚེ་མི་རྟག་བསམ་ནས་ཚིག་འགའ་བྲིས།།
ཅེས་པ་འདི་ནི་བུ་མོ་ཁྱོད་ཟླ་ངོ་བཅུ་ལོངས་པའི་ཉིན་མོ་དང་སྟབས་བསྟུན་ནས་བྲིས་ཤིང་། གཅེས་པའི་བུ་མོ་ཁྱོད་མ་འོངས་ནར་སོན་པའི་ལོ་ཟླའི་ནང་བལྟ་ཀློག་ཆེད་བསམ་སྤྱོད་གཉིས་གཙོ་བོ་བྱས་པའི་འགྲོ་ལུགས་སྡོད་སྟངས་སོགས་གང་དྲན་ཞིག་བསླབ་བྱ་དང་ལམ་སྟོན་གྱི་ཚུལ་དུ་ཚིག་བཅད་མའི་ལུགས་ཀྱིས་མྱོང་བ་དང་གོ་བདེ་བ་གཙོ་འདོན་གྱིས་སུད་སི་ལན་སྒྲིའི་གྲོང་ཁྱེར་སྦལ་སལ་ནང་འཇར་མན་སྐད་ཡིག་འཛིན་གྲྭར་འགྲོ་བའི་ལམ་ཞོར་མེ་འཁོར་ནང་ནས་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡༧ ཉིན་ཕ་རྒན་ཆོས་རྗེ་ཚང་ཡོན་ཏན་རྒྱ་མཚོས་བྲིས།
བོད་ཀྱི་བང་ཆེན་ནང་ནི་ཡི་ཆ།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་པ་དོན་ལ་གནད་པ་ཞིག་ཆགས་ཡོད།
འདོན་སྤེལ། ༢༠༡༤/༡༡/༢༢
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། མི་འགྱངས་བར་འཚོགས་འཆར་ཡོད་པའི་སྔགས་ཀྱི་བགྲོ་གླེང་ཆེན་མོའི་ཐོག དགེ་འདུན་པ་ཚོས་རྟགས་གསལ་གཏོང་བ་ལྟ་བུ་མིན་པར། དེང་རབས་བགྲོ་གླེང་གི་རྣམ་པའི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱེད་དགོས་ཞེས་ལམ་སྟོན་ཕེབས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་ཚོགས་ཁུང་དུ། རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་ ༣༠༠ ལྷག་འདུ་འཛོམས་གནང་སྟེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་འདིའི་ཚེས་ ༢༩ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་སྔོན་འགྲོ་དང་། སྔགས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་འཚོགས་འཆར་ཡོད་པ་དེ། དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་མཁས་པའི་བགྲོ་གླེང་ཚད་ལྡན་ཞིག་ཡོང་སླད་ལམ་སྟོན་བཀའ་སློབ་བཅས་གནང་ཡོད།
ཐོག་མར་རྒྱུད་སྟོད་མཁན་ཆེན་བྱ་རྡོ་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གནང་དོན། ད་རེབ་འདིར་ཚོགས་འདུ་ཚོགས་དོན་གཙོ་བོ་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་འདི་ལོ་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་འཁེལ་གྱི་ཡོད་སྟབས། དུས་སྟོན་མཛད་སྒོའི་ཐོག་༧གོང་ས་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཞལ་བཞེས་ཐོབ་སྟེ། བདུན་ཕྲག་གཅིག་རྗེས་འདིར་ཞབས་སོར་འཁོད་རྒྱུའི་སྔོན་འགྲོའི་གྲ་སྒྲིག་གི་ཚུལ་དུ། དེ་རིང་ཟམ་གདོང་རིན་པོ་ཆེ་མཆོག་འདིར་གསུང་བཤད་གནང་བར་མགྲོན་འབོད་ཞུས་ཡོད། དུས་དྲན་འདི་སྲུང་གཙི་གཞུ་དགོས་དོན་གཙོ་བོ་ནི། དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་ཐེག་པ་ཆེན་པོ་སྔགས་དང་བཅས་པ་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ཤས་ཙམ་བརྗོད་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཐོག་མར་བྱང་ཆུབ་ཀྱི་ཐུགས་བསྐྱེད་དང་བར་དུ་བསྐལ་བ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་ཝ་ར་ཎཱ་སིར་བདེན་བཞིའི་ཆོས་འཁོར་ཐོག་མ་བསྐོར་བ་དེ་ནི་ཆོས་སྐུ་དང་གཟུགས་སྐུ་བསྒྲུབ་ཆེད་དབུ་འཛུགས་གནང་བ་གསལ་པོ་ཡིན་སྟབས། བདེན་བཞིའི་ཆོས་འཁོར་ནས་གསུངས་པ་དེ་དག་ཀྱང་མཐར་གཏུགས་ན་འགྲོ་བ་རིགས་དྲུག་སེམས་ཆན་ཐམས་ཅད་ཆོས་སྐུ་དམ་པ་དང་གཟུགས་སྐུ་དམ་པ་ཐོབ་ཆེད་ཡིན་པར་བརྟེན། སྐུ་དེ་གཉིས་ཐོབ་པར་སྤྱིར་མདོ་སྔགས་གཉིས་ནས་སྔགས་ཡིན་པ་མ་ཟད། སྔགས་ཀྱི་ནང་ནས་ཀྱང་རྒྱུད་སྡེ་ཀུན་གྱི་རྩ་བ་དེ་རྒྱུད་སྡེ་ཟ་མ་ཏོག་ཡིན་པ་ནི་རྒྱུད་ཀྱི་གཞུང་དང་རྒྱུད་འགྲེལ་ནང་ལའང་གསུངས་ཡོད་པ་རེད། དེ་བཞིན། གསང་སྔགས་ཀྱི་ཆོས་མང་པོ་ཞིག་མགོན་པོ་ཀླུ་སྒྲུབ་གཙོས། གཙུག་ཏུ་བཀུར་འོས་ཀྱི་ནང་པའི་མཁས་པ་མང་པོ་ཞིག་གིས་མཛད་པ་དག་བོད་ཀྱི་ལོ་པཎ་རྣམས་ཀྱིས་བསྒྱུར་ཏེ་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུས་པ་དག་ལ་རྗེ་ཙོང་པ་ཆེན་པོ་མཆོག་གིས་འཁྲུལ་བ་མེད་པའི་ཐོག་ནས་དག་ཐེར་ལེགས་པར་མཛད་པ་མ་ཟད། རང་མྱོང་གི་ཐོག་ཕྱག་དཔེ་མང་པོ་མཛད་ཡོད་པའི་ཁྲོད་ནས་གསང་བ་འདུས་པའི་འགྲེལ་པ་འགྲེལ་པ་བཞི་སྦྲགས་མཛད་དེ་ལོ་ ༦༠༠ འཁོར་བཞིན་ཡོད་སྟབས། དུས་དྲན་འདི་སྲུང་གཙི་ཞུས་པ་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།
དེའི་རྗེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེས་དྲན་གྱི་དགོས་དམིགས་སྐོར་ལ་གསུང་བཤད་གནང་དོན། རྗེས་དྲན་ཟེར་བ་འདི་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དང་། དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་ཚོའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་དང་རྗེས་དྲན་གྱི་དུས་སྟོན་བྱེད་དགོས་ཟེར་ནས་སངས་རྒྱས་རང་གིས་འདུལ་བ་སོགས་སུ་ཡང་ཡང་གསུངས་ཡོད། སྟོན་པ་ཞལ་བཞུགས་སྐབས་སུའང་སྟོན་པའི་མཛད་ཆེན་བཞི་བསྐྱངས་སའི་གནས་ཆེན་ཁག་ལ་རྗེས་དྲན་གྱི་མཆོད་རྟེན་བརྩིགས་པ་དང་རྗེས་དྲན་གྱི་དུས་སྟོན་ཚོགས་པའི་ལམ་སྲོལ་དེ་ཡོད་པ་ཞིག་རེད། ང་ཚོས་རྗེས་དྲན་ཞུ་དགོས་དོན་མང་པོ་ཡོད་པའི་ཁྲོད་ནས་བསྡོམས་བརྒྱབ་ན་གནད་འགག་ཆེ་བའི་དོན་ཚན་བཞི་ཡོད། དང་པོ། དད་པའི་རྗེས་དྲན་ནི་ཆོས་ཐམས་ཅད་ཀྱི་གཞི་རྩའམ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ནི་དད་པའི་ངོ་བོ་ལྟ་བུ་ཡིན་སྟབས། བླ་མ་ལ་སངས་རྒྱས་ཞེས་ཐོབ་པའི་དད་པ་སྦྱོང་རྒྱུ་དེ་ལམ་ཐམས་རྩད་ཀྱི་རྩ་བ་ལྟ་བུ་ཆགས་ཀྱི་ཡོད་སྟབས། སངས་རྒྱས་དང་རྩ་བའི་བླ་མ། རྒྱུད་ཀྱི་བླ་མ་རྣམས་ཀྱི་མཛད་པ་གལ་ཆེ་བ་དག་རྗེས་སུ་དྲན་པ་ནི་དད་པ་གཅིག་གི་དགོས་དམིགས་ཡོད་མཁན་ཞིག་ཆགས་ཡོད་པ་དང་། གཉིས་པ། དད་པའི་རྗེས་དྲན་མ་ཟད་བཀའ་དྲིན་རྗེས་དྲན་ཞུ་དགོས། དེ་ཡང་བདག་ཉིད་ཆེན་པོ་ཚོ་ཡང་ཡང་རྗེས་དྲན་ཞུ་སྐབས་སོ་སོའི་སེམས་ནང་ཤུགས་ཀྱིས་ཁོ་ཚོའི་བཀའ་དྲིན་ཚོར་གྱི་རེད། ལྷག་པར་དུ་འཆད་རྩོད་རྩོམ་གསུམ་ནང་ནས་རྩོམ་གྱི་མཛད་པ་དེ་གལ་ཆེ་ཤོས་ཡིན་པ་མ་ཟད། ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་སྔོན་བྱོན་མཁས་པ་ཚོས་བརྩམས་པའི་གསུང་རབ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་འདི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། སྔོན་མ་རྗེ་རིན་པོ་ཆེས་གདུལ་བྱ་བགྲང་ལས་འདས་པར་ཆོས་སྟོན་གནང་བ་དང་། འཆད་རྩོད་གཉིས་ལ་མཛད་པ་འཕྲིན་ལས་མང་པ་བརྐྱངས་ཏེ་རྩོམ་གྱི་ཐོག་ལ་མཛད་པ་བསྐྱངས་མེད་ཚེ། གཅིག་བྱས་ན་ད་ལྟ་ང་ཚོས་རྗེ་རིན་པོ་ཆེ་བརྗེད་དེ་མཚན་ཙམ་ཡང་མི་ཤེས་པ་ཆགས་ཡོད་རྒྱུ་རེད། དེར་བརྟེན། ང་ཚོས་རྗེ་རིན་པོ་ཆེའི་མཛད་རྗེས་ལ་རྗེས་དྲན་ཞུ་དགོས། གསུམ་པ། རྗེས་སུ་བཟུང་བའི་རྗེས་དྲན་ནི་རང་ཉིད་ཀྱིས་རྗེས་དྲན་ཞུ་ཡུལ་དག་གི་མཛད་པ་རྣམ་ཐར་ཤེས་པ་མ་ཟད། རང་ཉིད་ཀྱང་དེའི་རྗེས་སུ་བཟུང་རྒྱུའི་འདོད་པ་བསྟན་ནས་ཉམས་ལེན་བྱས་པ་དང་། བཞི་པ། རང་གཞན་གཉིས་ཀྱི་དགེ་བར་ཡང་ཡང་དྲན་ནས་རྗེས་སུ་ཡི་རངས་སྒོམ་པ་ཡིན་ཚེ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་གི་ཡོད་སྟབས། ང་ཚོས་དགོས་དམིགས་དེ་དག་གཞིར་བཟུང་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།
རིན་པོ་ཆེ་མཆོག་གིས་བློ་གཟུ་བོའི་ཐོག་ནས་བལྟས་ཏེ་འཇམ་དགོན་ཙོང་ཁ་བ་ཡབ་སྲས་ཀྱིས་ནང་པའི་གཞུང་ལ་ཐག་ཐེར་མཛད་པ་ལྟ་བུ་ཞིག་གཞན་བྱུང་མེད་སྐོར་གསུངས་དོན། བོད་བརྒྱུད་ནང་བསྟན་ནི་དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། འཇིག་རྟེན་ཁྱོན་ཡོངས་ནས་སྒྲ་བསྒྱུར་བྱས་ཡོད་པའི་ཁྲོད་ནས་བོད་སྐད་ལ་མང་བ་ཞིག་གཞན་ན་མེད། བཀའ་འགྱུར་བསྟན་འགྱུར་ནང་ཧ་ལམ་ཆོས་ཚན་ ༥༠༠༠ ཡས་མས་ཤིག་ཡོད་པ་མ་ཟད། ཆོས་རྒྱལ་སྐབས་ཀྱི་རྗེ་འབངས་ཉེར་ལྔ་ནས་བཟུང་ད་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཅིག་མཇུག་གཉིས་མཐུད་དུ་ཕེབས་ཏེ་འཆད་རྩོད་རྩོམ་གསུམ་གནང་ཡོད་སྟབས། བོད་བརྒྱུད་ནང་བསྟན་འདི་དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་དེ་ཡིན་ཞེས་ཐེ་ཚོམ་མེད་པར་བཤད་ཐུབ་པའི་གནས་སྟངས་འདི་བྱུང་བ་རེད། བོད་བརྒྱུད་ནང་བསྟན་འདི་དཀའ་ངལ་གཅིག་ཀྱང་མེད་པར་སྟབས་བདེ་པོའི་ཐོག་ནས་ལོ་བརྒྱ་ཕྲག་ཁ་ཤས་གོང་བསླེབས་པ་ཞིག་མིན། བོད་བརྒྱུད་ནང་བསྟན་དར་སྤེལ་ཐད་འགལ་རྐྱེན་མང་པོ་ཞིག་འཕྲད་ཡོད་པ་མ་ཟད། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཕལ་ཆེར་ལོ་ ༦༠ ནས་ ༨༠ བར་དགེ་འདུན་གྱི་སྡེ་མེད་པར་བསྡད་པ་རེད། དེའི་རྗེས་བསྟན་པ་ཕྱི་དར་སྐབས་དཔལ་ལྡན་ཇོ་བོ་རྗེ་མཆོག་དང་འབྲོམ་སྟོན་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་བསྐྱར་གསོ་གནང་སྟེ། སྦྱོང་སྤྱོད་སྤེལ་གསུམ་བྱེད་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་། འཇམ་མགོན་ཙོང་ཁ་པ་ཡབ་སྲས་ཀྱིས་ཇི་ལྟར་དག་ཐེར་མཛད་པ་ལྟ་བུ་ཞིག་བྱུང་མེད། ང་ཚོས་བློ་གཟུ་བོའི་ཐོག་ནས་བལྟས་ན་ཤེས་ཐུབ་པ་ཞིག་ཆགས་ཡོད། བཀའ་རྒྱུད་དང་རྙིང་མ། ས་སྐྱ་སོགས་ཀྱི་ཆོས་རྒྱུད་དར་སྟངས་ལ་བལྟས་ན་ཡི་དམ་གྱི་ལྷའམ་རྒྱ་གར་གྱི་གྲུབ་ཆེན་བྱེ་བྲག་པ་ཞིག་གི་རྒྱུད་པ་ཕ་རོལ་ཕྱིན་པའི་ཐེག་པའི་དབང་དུ་བཏང་ན་གཞུང་བྱེ་བྲག་པ་གཙོ་བོར་བཟུང་སྟེ་བཤད་པ་ཞིག་མ་གཏོགས་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་འདུས་པའི་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ཡོངས་རྫོགས་གང་ཟག་ཅིག་གི་ཉམས་ལེན་ལ་གདན་ཐོག་གཅིག་སྒྲིལ་བྱས་ཏེ་ཉམས་ལེན་བྱེད་མཁན་ཞེ་དྲག་དཀོན་པོ་རེད། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ཐོག་ནས་བསྟན་པ་སྤྱིའི་རྣམ་གཞག་གསལ་སྟོན་གནང་བ་བཞིན་ཁྱབ་ཆེན་པོ་ཞིག་རྗེ་རིན་པོ་ཆེ་མ་བྱོན་གོང་ཧ་ལམ་བོད་ནང་མ་བྱུང་བ་ལྟ་བུ་ཞིག་ཆགས་ཡོད། རྗེ་ཙོང་པ་ཆེན་པོས་མདོ་སྔགས་ཙམ་མ་ཟད་སྨན་དང་སྐར་རྩིས་སོགས་རིག་གནས་སྤྱི་ལ་ཐོས་བསམ་གནང་སྟེ་བསྟན་ཆོས་གང་པོ་བརྩམས་གནང་ཡོད་སྟབས། ཁོང་ལ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ཟེར་དགོས་དོན་ཡང་དེ་རང་རེད། ཅེས་གསུངས་སོང་།
ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔགས་ཀྱི་བགྲོ་གླེང་འདི་དེང་དུས་ཀྱི་མཁས་པའི་བགྲོ་གླེང་ཚད་ལྡན་ཞིག་ཆགས་རྒྱུའི་སྐོར་གསུངས་དོན། ང་ཚོས་ལས་ཀ་ག་རེ་བྱས་ཀྱང་ཡིན་གཅིག་མིན་གཅིག་ལས་དེ་དེང་རབས་དང་མཐུན་མིན་ལྟ་དགོས་དོན་གང་ཡང་མེད། འོན་ཀྱང་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་སྐོར་གྱི་ལེགས་ཆ་ལེན་དགོས། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་གཙོས་རྒྱུད་གྲྭ་སྟོད་སྨད་གཉིས་རྒྱ་གར་ནང་ཆགས་ཏེ་སློབ་སྦྱོང་ཚད་མཐོ་པོ་ག་ཚོད་ཅིག་ཐོན་ཡོད་ཀྱང་། རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པ་བཞིན་ཁྲིམས་ཐོག་གི་ལག་འཁྱེར་གང་ཡང་མེད། དེ་ང་ཚོའི་སློབ་སྦྱོང་གནས་ཚད་ཞན་པོ་ཡོད་པའི་རྐྱེན་གྱིས་མ་ཡིན་ཡང་། ང་ཚོས་ཡུལ་ཁྲིམས་དང་མ་མཐུན་པ་བྱས་པར་བརྟེན་ཏེ་བྱུང་བ་ཞིག་ཡིན་སྟབས། གཙུག་ལག་སློབ་གཉེར་ཁང་ཁག་དང་མཉམ་ལས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་དེང་རབས་ཀྱི་སློབ་གསོའི་བར་བགྲོ་གླེང་བྱེད་ཐུབ་པ་བྱ་དགོས། དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་ལ་དབྱེ་བ་མང་པོ་ཡོད་ཀྱང་། རགས་པ་ཙམ་གྱིས་བསྡོམས་བརྒྱབ་ན། དབྱེ་བ་བདུན་དུ་ཕྱེ་ན་འགྲིག་གི་རེད་རེད་བསམ་གྱི་འདུག དང་པོ། (Seminar )ཟེར་བ་ནི་རྩོམ་བྲིས་པ་དག་ལ་བགྲོ་གླེང་དང་། གཉིས་པ། (synopsis)ཟེར་གྱི་ཡོད་པ་དེར་མི་གཅིག་གཉིས་ཀྱི་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་རྩོད་གླེང་། ང་ཚོ་བོད་པའི་བགྲོ་གླེང་ནང་ད་ལྟ་བར་དུ་ཚིག་དེ་གཉིས་བེད་སྤྱོད་བཏང་བ་མཐོང་མ་སོང་། གསུམ་པ། (Coloquim) ཟེར་བ་དང་། དེ་ལ་བོད་སྐད་ནང་ག་རེ་ཟེར་གྱི་ཡོད་མེད་ངས་ཤེས་མ་སོང་། ཕལ་ཆེར་གཅིག་བྱས་ན་བེད་སྤྱོད་བཏང་མེད་པ་ཡིན་རྒྱུ་རེད། བཞི་པ། (panel discussion)ཟེར་གྱི་ཡོད་པ་རེད། དེ་རིམ་གྱིས་ཆེད་མཁས་སྡེ་ཚན་ཞིག་བཟོས་ཏེ་ལས་རིམ་སྒྲིག་པ་འདྲ་པོ་རེད། ལྔ་པ། (Workshop)ཟེར་བ་དང་། བོད་སྐད་ནང་ཟབ་སྦྱོང་ཕལ་ཆེར་འགྲིག་གི་མེད་འགྲོ་བསམ་གྱི་འདུག དེ་ནས་དྲུག་པ་དེ་(Debate)ཟེར་བ་དེ་རེད། དེ་བོད་སྐད་ནང་ཕལ་ཆེར་རྩོད་པ་ཟེར་བ་དེ་རེད། བདུན་པ། (dialogue)ཟེར་བ་དང་། དེ་ལ་ད་ལྟ་བར་དུ་བོད་སྐད་ནང་གླེང་མོལ་ཞེས་ལབ་ཀྱི་འདུག ཏག་ཏག་ཡིན་མིན་མི་ཤེས་ཏེ་གང་ལྟར་གླེང་མོལ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་སྟབས། ད་རེབ་(Seminar )བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་པར་བརྟེན། དགེ་འདུན་པ་ཚོས་རྟགས་གསལ་བཏང་བ་ལྟར་མིན་པར་བགྲོ་གླེང་ཐོག་བསམ་ཚུལ་སྤེལ་རེས་བྱེད་དགོས་པ་རེད། ཅེས་སོགས་གསུངས་རྗེས། བླ་མ་དབུ་མཛད་ཐུབ་བསྟན་འཛིན་རིན་པོ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སོང་།
བསླབ་བྱ་ཡག་གི
དངོས་གནས་བུ་མོ་ལ་སྐད་ཆ བཤད་ན་བོད་ལ་ད་ལྟ་བྱས་པའི་སློབ་གསོའི་ཆེད་ལས་པ་ཟེར་བ་ཞིག་ཕལ་ཆེར་མེད་པ་འདྲ། བྱས་པ་ལོ་ཆུང་ལ་འཚམས་པའི་སྒྲུང་དང་ཤེས་བྱ་ངོ་སྤྲོད་ཀྱི་རྩོམ་ཡིག་སོགས་ཀྱི་ཆར་སྟོང་ཆ་ཆེན་པོ་ཡོད།
དེ་ཡང་ལོ་ཚད་ལ་འཚམས་པའི་གོ་བསླ་བའི་བསླབ་དེབ་དང་ཟུར་ལྟའི་ཀློག་དེབ་རྩོམ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་རེད། ངས་རེ་བར་རང་གི་བུ་མོའི་འཚར་ལོངས་དང་འཚམས་པའི་བྱས་པའི་ཀློག་དེབ་དང་སློབ་གསོ་སོགས་ཀྱི་ཡི་གེ་རེ་འབྲི་རྒྱུའི་ཕྱོགས་ལ་དུས་ཚོད་གཏོང་ཐུབ་པ་ཞིག་བྱུང་ན་ཅིས་ཀྱང་ལེགས།
ངས་བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཡང་མིང་ཚིག་སོགས་བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་བྱས་པ་དག་གི་དངོས་ཡོད་ཀྱི་ཆུ་ཚད་དང་བསྡུར་ན་ཧ་ཅང་སྤྱིར་བཏང་བ་ཞིག་ལས་མི་འདུག དེ་ནི་ཆེད་ལས་ཀྱི་ཉམས་མྱོང་མེད་པས་རེད་འདུག ངས་ག་རེ་ལབ་གི་ཡོད་པ་དེ་རང་གིས་གོ་སོང་ངམ། །
བྱིས་པ་ལ་བཅོས།
གྲོགས་པོ་རྫ་ཚེ་ལགས། ཉིད་ཀྱིས་དགོངས་ཚུལ་གསུང་པ་དང་ཞབས་མཆན་བཏབས་པ་ཐུགས་རྗེ་ཆེ། ཉིད་ཀྱིས་ཅི་ཞིག་གསུངས་བཞིན་པ་ཕྲན་གྱིས་ཆད་མེད་དུ་གོ་ཡོད།
བླ་མའི་བཀའ་ཆོས་ཟེར་ན་ཡང་དེ་རེད་།ལྷ་ཆོས་རིན་ཆེན་ཟེར་ན་ཡང་དེ་རེད་།
མུ་ཆོས་གཙང་མ་ཟེར་ན་ཡང་དེ་རེད་།འཇིག་རྟེན་ཡ་རབས་ཟེར་ན་ཡང་དེ་རེད་།
ཕ་མས་ཁ་བརྡ་ཟེར་ན་ཡང་དེ་རེད་།ཕ་མས་བྱམས་སྐྱོང་ཟེར་ན་ཡང་དེ་རེད་།
ཕ་མས་བཞག་པ་ཟེར་ན་ཡང་དེ་རེད་།མ་ནོར་ལམ་སྟོན་ཟེར་ན་ཡང་དེ་རེད་།
མི་ཚེའི་མདུན་ལམ་ཟེར་ན་ཡང་དེ་རེད་།ཡ་རབས་བཟང་སྤྱོད་ཟེར་ན་ཡང་དེ་རེད།
རིན་ཆེན་གསེར་དངུལ་ཟེེར་ན་ཡང་དེ་རེད་།བཟང་པོའི་བསླབ་བྱ་ཟེར་ན་ཡང་དེ་
རེད་།གནས་ལུགས་ངོ་སྤྲོད་ཟེར་ན་ཡང་དེ་རེད་།འཕགས་ནོར་རིན་ཆེན་ཟེར་ན་
ཡང་དེ་རེད་།གཏན་གྱི་མདུན་གྲོགས་ཟེར་ན་ཡང་དེ་རེད་་།ཕུགས་ཀྱི་བློ་བཅོལ་ས་ཡང་དེ་རེད་།ཚེ་འདིའི་བྱ་དངོས་ཟེར་ན་ཡང་དེ་རེད་།ཕྱི་མའི་ལམ་འདྲེན་ཟེར་ན་ཡང་དེ་རེད་།ཀུན་ཕན་ཉི་མ་ཟེར་ན་ཡང་དེ་རེད་།གཞན་ཕན་བྱང་སེམས་་ཟེར་ན་
ཡང་དེ་རེད་།ཤེས་བྱ་ཀུན་བཏུས་ཟེར་ན་ཡང་དེ་རེད་།
ཆོས་རྗེ་ཚང་ཡོན་ཏན་རྒྱ་མཚོའི་སྙིང་གཏམ་དེ་།།
ཀློག་པ་ཙམ་གྱི་ཡིད་ལ་བདེ་སྐྱིད་སྦྱིན་།
མ་འོང་གཞོན་སྐྱེས་ཡོངས་ལ་ཕན་པའི་སླད་།
ཤེས་བྱའི་བང་མཛོད་གཞན་དུ་སྤེལ་བ་མཛོད་།