ཨེ་མ་ཧོ།
ན་མོ་གུ་རུ་ཨོ་ཌི་དྷྰ་ར་ཡེ།།
ཡབ་མེས་དམ་པའི་དམ་ཆོས་མ་འབྲལ་ཞིང་།།
ཡབ་རབ་བཟང་པོའི་རྟེན་འབྲེལ་མ་རལ་ནས།།
ཡབ་ཡུམ་གཉིས་ཀྱི་དད་གུས་དམ་ཚིག་ལས།།
ཡབ་ཆེན་དགྱེས་པའི་ཁྱེའུ་མཆོག་ལ་བསྔགས།།
རྨི་ལམ་ནང་གི་སྐྱིན་བླ་རྒྱལ་མཚན་རྗེ།།
ཨོ་རྒྱན་བླ་མའི་བྱིན་རླབས་ངོ་མཚར་ཅན།།
མཁྱེན་བརྩེ་ནུས་པས་བསོད་ནམས་དགེ་བའི་ཆར།།
ལྷ་ཐོག་གནས་སུ་བདེ་ལེགས་ངང་གིས་བལྟམས།།
ལོ་བདུན་སོན་ནས་རྒྱལ་དབང་མཚན་གནས་བཞེས།།
ཏྰ་སི་གནམ་བཀོས་རྒྱལ་བོས་ཕྱག་རྒྱས་བསྒྲགས།།
བཅུ་བདུན་རྒྱུད་སྨད་སྒྲིག་འཛུགས་གར་སྟེགས་རོལ།།
ཤར་ནུབ་གྲགས་པའི་ཨ་ཕོ་དགའ་དགའ་རྒྱལ།།
སྐུ་བསོད་བརྗིད་པ་ཕོ་རྒོད་སྣུམ་བག་ཅན།།
གསུང་ཆོས་དཔལ་སྲིད་ང་རོ་དྲ་བར་ཁྱབ།།
ཐུགས་རྗེ་གཞན་ཕན་སྤྱོད་པའི་སྤྲུལ་པའི་སྐུ།།
ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞབས་བརྟན་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་སྣྲོན་ཟླའི་དགའ་བ་དང་པོར་མཁའ་འགྲོ་རིག་འཛིན་དབྱངས་ལྷ་མོས་ཡང་ཡང་སྐུལ་ངོར་དམ་པའི་གང་གི་འཁྲུངས་སྐར་དུ་ཤྲྰི་ཨ་ནནྟ་བཛྲས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ཀྱི་བླ་གབ་དབེན་པའི་དགའ་ཚལ་ནས་བགྱིས་པར་དགེའོ། དགེའོ། དགེའོ།།