སྒང་ནེ་ཡེ་ཤེས་འཇིགས་མེད།
ཨ་མའི་བུ་མོ་ཡིད་འོང་མ་ཁྱེད་ཐོག་མར་གནས་འདིར་མཇལ་བ་ནས།།
ཧ་ཅང་ཉེ་བོའི་ཕན་ཚུན་འཚམས་འདྲིའི་སྐད་ཆ་གང་ཡང་མ་བྱུང་ཡང༌།།
ས་ལ་སྐྱེས་པའི་ཚིགས་གསུམ་སྙུག་མ་ཇི་བཞིན་ཕྲ་རིང་སྐུ་གཟུགས་དང༌།།
ཤ་ཡི་མདོག་ནི་དཀར་ཞིང་གཙང་བས་མོ་བརྒྱའི་ཁྲོད་ནས་མངོན་པར་མཛེས།།
ལ་རྒྱའི་གེ་སར་སྨིན་ལ་རྫོགས་པའི་གངས་ཅན་བུ་མོའི་ཁྱུ་མཆོག་ཏེ།།
ར་བ་གྲུ་བཞི་སློབ་གྲའི་ཚལ་ན་དུས་འདིར་ཁྱེད་འདྲ་གཞན་མ་མཆིས།།
ཡ་རབས་སྤྱོད་པས་ཕྱི་ནང་མེད་པར་ཚུལ་མཐུན་བག་ཡོད་ལས་ལ་བརྩོན།།
འ་འུར་བྲེལ་བའི་གོམས་གཤིས་མེད་པར་རྟག་ཏུ་དལ་བུའི་འགྲོས་ལ་བརྟེན།།
ཟ་ཟོར་མ་མཛེས་སྐུ་ལ་མི་བཞེས་བབ་ཆགས་གྱོན་པ་ལེན་པ་ལ།།
ཞ་མོ་གང་ལས་ལྡབ་བརྒྱའི་མཛེས་པ་གནག་སྣུམ་དབུ་སྐྲ་སྐུ་སྐད་འཁྲི།།
ཝ་ལེར་ཁྱེད་ཉིད་ཡང་ཡང་བལྟས་ན་ཡིད་དབང་མི་འཕྲོག་སུ་ཞིག་ཡོད།།
ཛ་དྲག་ཆེ་བའི་སྤྱི་སྒེར་ལས་ལ་ལེ་ལོ་མེད་པར་དང་དུ་ལེན།།
ཚ་གྲང་འབྱུང་བའི་འགྱུར་ལྡོག་དག་ལས་ཇི་མི་སྙམ་པའི་བཟོད་སྤོབས་ཆེ།།
ཙ་ཀྲ་སྐོར་བའི་གནས་མཆོག་འདི་ནས་དལ་འབྱོར་དོན་ཡོད་བརྩོན་པ་སྟེ།།
མ་རིག་མུན་པ་མཐའ་རུ་བསྐྲད་དེ་ཤེས་བྱའི་གོ་འཕངས་མངོན་དུ་ཕྱོགས།།
བ་སོ་བཞིན་དུ་རིན་བྲལ་ལང་ཚོར་སྤྱོད་ངན་གས་པོའི་དྲི་མེད་ཀྱང༌།།
ཕ་ལམ་ཇི་བཞིན་ཁྱེད་ཀྱི་མཛེས་སྡུག་ལྟ་ལ་བྲེལ་བ་གྲང་མི་ལང༌།།
པ་ཊ་ལྟ་བུའི་གཡོ་སྒྱུའི་དྲར་བར་མ་ཚུད་རང་བཞིན་བརྟན་ཅིག་གུ།།
ན་ཆུང་འགའ་ནི་གྲོགས་ཀྱིས་བསླུ་ནས་འཕྲལ་ཕུགས་གཉིས་ཀའི་འདུ་མ་བརླག།
ད་ལྟ་ཕལ་ཆོས་གྲོགས་ཡིན་ཞེས་ལྐོག་ནས་བརྩེ་དུང་ལྕགས་ཀྱུ་འཕེན།།
ཐ་མལ་རེ་ཟུང་ཡར་མིན་མར་མིན་བག་མེད་ལས་ལ་དུས་ཚོད་རྫོགས།།
ཏ་མ་ལ་ལྟར་རང་ཚུགས་མེད་འགའ་གཞན་ཟེར་རྒྱུགས་ནས་རང་དོན་ཤོར།།
ཉ་ཆུང་ནང་གི་གསེར་མིག་ཁྱེད་ཀྱི་ཤེས་བྱའི་རྒྱ་མཚོ་ཆེན་པོ་ལས།།
ཇ་ཆུ་ཇི་བཞིན་ལེགས་ཉེས་འབྱེད་པའི་རིན་ཆེན་རྣམ་དཔྱོད་ཀྱིས་བརྒྱན་ནས།།
ཆ་ལུགས་དང་ནི་སྤྱོད་ལམ་སོགས་ལས་ཚུལ་མཐུན་བོད་ཀྱི་བུ་མོ་ཞིག།
ཅ་གས་ཅིས་ནས་ཆགས་པ་གནང་དང་བག་ཡོད་གཉོམ་ཆུང་མཛེས་མ་ལགས།།
ང་གཉིས་ཕན་ཚུན་འཆམ་ཤིང་མཐུན་པའི་སྙིང་གཏན་ཤོད་སའི་གྲོགས་མིན་ཡང༌།།
ག་ནས་བལྟས་ཀྱང་ཚུལ་མཐུན་དེ་ཡིས་གཟུར་གནས་བུ་ཡི་ཡིད་འཕྲོག་པས།།
ཁ་ནས་བསྟོད་པ་ཚིག་གསུམ་ཤོར་ལས་ཁོག་ཏུ་ངན་བྱུས་གང་ཡང་མེད།།
ཀ་ཡེ་དེ་ལྟར་ཐུགས་ལ་ཞོགས་དང་གཤིས་བཟང་མཛེས་མའི་དབང་མོ་ལགས།།
སྒ་ནེ་ལགས།
ཁྱེད་ཀྱི་ཐུགས་ལ་ཡོད་པའི་བུ་མོ་ལ་བསྟོད་ཚིག་ཕུལ་བ་ལེགས་ཀྱང་། སེམས་ཁོང་དུ་བསྐྱིལ་དྲགས་ན་དཀའ་ངལ་རེད། དེ་ལས་ཁ་གསངས་ན་བཟང་ངན་གྱི་ཐག་ཅིག་ཆོད་འགྲོ་ཡི་རེད། ཧ་ཧ་ཧ་ སྐུ་རྩེད་ཞུས་ཡིན།
འོན་ཀྱང་འདིར་ཞུ་དགོས་པ་ཞིག་ལ་ཁྱེད་ཉིད་ཀྱིས་ཨ་ཕྲེང་གསུངས་ནས་སྙན་ཚིག་དེ་ཉིད་ཀ་ཕྲེང་ལྡོག་འགྱུར་ཐོག་ནས་བཀོད་འདུག་ན། ཕལ་ཆེར་ཁྱེད་ཀྱིས་ཀ་ཕྲེང་ཞེས་པ་ཀ་དང་པོར་ཡོད་ནས་བཏགས་པར་དོགས་ནས། ཨ་དང་པོར་བཀོད་པའི་ཀ་བཤད་ལ་ཨ་ཕྲེང་བཏགས་ཡིན་པ་འདྲ། དེ་ལྟར་ཡིན་ན། དེ་ནི་ནོར་བ་ཡིན། ཁྱེད་ཀྱིས་ཀ་ཕྲེང་ལྡོག་འགྱུར་མ་ཨ་མའི་བུ་མོ་ཞེས་བཏགས་ན་འགྲིག ཨ་ཕྲེང་ཞེས་པ་ནི་དབྱངས་ཀྱི་མིང་གི་རྣམ་གྲངས་ཡིན་པར་ངེས་དགོས་སོ། །
གྲོགས་པོ་བྲག་གཡག་ལགས། ཁྱེད་ཀྱིས་དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ་ཞུ། ཨ་ཡིག་དབྱངས་སུ་བགྲང་བ་ནི་ལེགས་སྦྱར་གྱི་ལུགས་ཡིན་པ་ལས་བོད་སྐད་ཀྱི་ལུགས་མིན། དབྱངས་ཅན་གྲུབ་པའི་རྡོ་རྗེས་དབྱངས་ལྔར་བཞེད་པ་བདེ་གསུངས་ཀྱང༌། གསལ་བྱེད་ཚང་མར་ཨ་སྒྲ་སྲོག་ཞུགས་ཀྱི་དོན་ཐོབ་ཙམ་ལས། བོད་སྐད་དུ་དབྱངས་བཞི། གསལ་བྱེད་སུམ་ཅུ་ཞེས་ཡོངས་གྲགས་ཡིན་མོད། སྤྱིར་ཨ་ཕྲེང་དང་ཀ་ཕྲེང་གཉིས་དོན་གཅིག་ཡིན་ཡང༌། ཨ་ཡིག་ནས་འགོ་བཙུགས་ཏེ་སྤེལ་བ་འདི་ལ་ངེས་པར་དུ་ཀ་ཕྲེང་ཞེས་འབོད་དགོས་པ་དེ་འདྲ་མ་མཐོང༌།
འདིར་ཚོད་ལྟ་ཞིག་བྱས་པ་ཡིན།
ཡག་པོ་བྲིས་འདུག་མུ་མཐུད་ནས་འབྲི་རོགས་གནང་།
སྒང་ནེ་འཇིགས་མེད་ལགས།
ཨ་ཡིག་དབྱངས་སུ་བགྲངས་པ་ལེགས་སྦྱར་གྱི་ལུགས་པ་ཡིན་ངས་ཀྱང་ཤེས་ཀྱི་ཡོད། ང་ཡང་ཁྱེད་ནང་བཞིན་དེ་འབྲེལ་སྐད་ལ་དྲོ་བ་ཕྲན་བུ་མྱངས་པའི་གང་ཟག་ཅིག་ཡིན། འོན་ཀྱང་ཨ་ཕྲེང་དང་ཀ་ཕྲེང་ཞེས་པའི་ཐོག་མའི་ཐ་སྙད་སླེབས་སྟངས་ལ་དགོངས་པ་བཞེས་དགོས། ཐ་སྙད་དེ་གཉིས་ལེགས་སྦྱར་སྐད་ཀྱི་ཨཱ་ལི་དང་ཀཱ་ལི་གཉིས་ཐད་ཀར་བསྒྱུར་པ་ཡིན་ལ། ཨ་ཕྲེང་གི་དོན་ནི་དབྱངས་ལ་འཇུག་པ་དང་། ཀ་ཕྲེང་གི་དོན་གསལ་བྱེད་སུམ་ཅུར་འཇུག་པས། ཁྱེད་ཉིད་ཀྱིས་ཨ་ཕྲེང་དང་ཀ་ཕྲེང་དོན་གཅིག་ཏུ་བཞེད་པ་ནི། སུམ་རྟགས་ཀྱི་འགྲེལ་པ་རྣམས་སུ་བཀོད་མེད་ལ། ཕྱིན་ཆད་ཀྱང་དེ་གཉིས་ཀྱི་དོན་གཅིག་ཏུ་འདོད་མཁན་ནམ་ཡང་མི་ཡོང་བར་གདེང་སྤོབས་ཆེ། ད་དུང་དགོངས་པ་བཞེས་རོགས། ངའི་བསམ་ཚུལ་ཡིན།
ཀ་ཕྲེང་སྒྲིག་པའི་རྩོམ་འདི།།
ཁ་བའི་ཡུལ་ནས་དར་དུས།།
ག་ས་གང་དུ་ཡོད་པའི།།
ང་ཚོ་ཚང་མ་སྐྱིད་ག།
མཁྱེན་ཡངས་གྲོགས་པོ་བྲག་གཡག་ལགས། ཁྱེད་ཀྱིས་འདི་ལྟར་དགོགས་ཚུལ་གསུང་ནས་བློ་བསྐྱེད་སྤེལ་པར་ཐུགས་རྗེ་ཆེ། ཁོ་བོས་ཀྱང་སྐད་ཡིག་འདི་དག་གི་བརྡ་སྤྲོད་གཞུང་ལ་མཇལ་ཙམ་བྱ་མྱོང་ཡོད། མུ་མཐུད་ནས་ཕེབས་ཤོག བྲག་གཡག་ལགས། གཤམ་གྱི་སྙན་རྩོམ་འདིའི་བརྗོད་དོན་དག་སྡེར་གང་སར་ཞིབ་གཟིགས་ཀྱིས་དགོངས་འཆར་གསུང་རྒྱུའི་རེ་བ་བཅས།
ྋགོང་ས་མཆོག་ལ་བསྟོད་པ།
ས་བཅུའི་བདེ་གཤེགས་ཀུན་གྱི་སྙིང་རྗེའི་གཏེར།།
སྟོབས་བཅུའི་ཡོན་ཏན་མ་ལུས་ལེགས་མངའ་ཞིང༌།།
ཕྱིན་བཅུའི་ལམ་བཟང་དུས་ལྟར་སྟོན་མཛད་པ།།
ཕྱོགས་བཅུའི་འགྲོ་བའི་མགོན་གཅིག་པད་དཀར་ཞབས།།
རིམ་དགུའི་ཐེག་སོགས་རིས་མེད་གྲུབ་མཐའ་དང༌།།
མཁས་དགུའི་གདམས་ངག་དཔྱད་ཅིང་ཉམས་སུ་བཞེས།།
འདོད་དགུའི་གཏེར་གྱིས་འགྲོ་རྣམས་ཚིམ་མཛད་པ།།
སྐྱེ་དགུའི་གཙུག་རྒྱན་བསྟན་འཛིན་རྒྱ་མཚོར་འདུད།།
མི་ཁོམ་བརྒྱད་ཀྱི་འཁོར་བའི་བཙོན་ར་འདིའི།།
ཕྱོགས་མཚམས་བརྒྱད་ཀྱི་ཉམ་ཐག་འགྲོ་བའི་ཚོགས།།
སྡུག་བསྔལ་བརྒྱད་ཀྱི་འཇིགས་པ་ཡོངས་སེལ་ཕྱིར།།
འཕགས་ལམ་བརྒྱད་ཀྱི་ལམ་གནད་སྟོན་ལ་དཔའ།།
སྤོང་བ་བདུན་སོགས་རིང་ནས་སྤངས་པ་ཡིས།།
ང་རྒྱལ་བདུན་གྱི་ར་རི་མ་གོས་པར།།
འཕགས་ནོར་བདུན་གྱི་དབང་ཕྱུག་ལྷའི་བླ་མ།།
འཇིག་རྟེན་བདུན་ལས་རྒྱལ་མཛད་རྒྱལ་བའི་མཆོག།
གདུང་དྲུག་བོད་མིའི་ཤ་ཚུགས་ལེགས་འཛིན་ཅིང༌།།
ས་དྲུག་བོད་ཀྱི་དོན་གཉིས་ཐུགས་སུ་བཞེས།།
འགྲོ་དྲུག་སེམས་ཅན་ཀུན་ལ་མ་ལྟར་བརྩེ།།
ཕྱིན་དྲུག་རྒྱལ་སྲས་སྤྱོད་ལ་ཞི་ལྷ་དངོས།།
འབྱུང་ལྔའི་ཚ་གྲང་མི་སྙོམས་འཁྲུགས་པ་དང༌།།
ཕུང་ལྔའི་འགྲོ་རྣམས་བག་མེད་གཡེངས་བ་ཡི།།
སྙིགས་ལྔའི་དུས་འདིར་མགོན་པོ་གང་ཉིད་ཀྱིས།།
རྒྱུད་ལྔའི་འགྲོ་བ་རིས་མེད་བདེ་བས་སྐྱོངས།།
དུས་བཞིར་དབྱེ་བ་མེད་པར་གཞན་དོན་ཆེད།།
ཕྱོགས་བཞིའི་རྒྱལ་ཁམས་ཀུན་ལ་ལེགས་བྱོན་ནས།།
བདེན་བཞིའི་ཆོས་ཀྱི་འཁོར་ཆེན་སྐོར་མཛད་པ།།
སྐུ་བཞིའི་བདག་ཉིད་བསྟན་འཛིན་རྒྱ་མཚོར་འདུད།།
ཁམས་གསུམ་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་པུ།།
དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།
ཆོལ་གསུམ་བོད་མིའི་སྐྱབས་མགོན་པད་དཀར་འཆང༌།།
སྒོ་གསུམ་གུས་པའི་ཡུལ་དུ་རྟག་བརྟན་ཤོག།།
ལུགས་གཉིས་ཤེས་བྱའི་རྣམ་གཞག་གང་ལ་ཡང༌།།
སྒྲིབ་གཉིས་དྲི་མ་ཙམ་ཡང་མ་གོས་པར།།
རྒྱལ་གཉིས་དབུ་མའི་ལམ་གྱིས་འདུམ་མཛད་པ།།
རྐང་གཉིས་འགྲོ་བའི་ཚུལ་བྱོན་འཇིག་རྟེན་མགོན།།
ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ།།
སྐྱབས་གཅིག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ།།
རྩེ་གཅིག་ཞབས་པད་བསྐལ་བརྒྱར་བརྟན་པ་ཡི།།
ཁ་གཅིག་ཙམ་མིན་སྙིང་ནས་སྨོན་ལམ་འདེབས།།
སྙན་ངག་ཡག་པོ་ཞེ་དྲགས་བྲིས་འདུག །ལྷག་པར་བཞི་ཚན་གསུམ་ཚན་དེ་ཚོ་སྙན་ངག་མཁས་པའི་དཔེར་འོས་པ་རང་རེད། ཁྱེད་རང་ལ་སྙན་ངག་བྲི་སོ་འདུག །མུ་མཐུད་རྒྱུན་སྲིང་གྱིས། ཚིགས་བཅད་དང་པོ་དེ་འདི་འདྲ་ཞིག་བྲིས་ན་བསམ། རང་གིས་ལྟོས། གཙོ་བོ་ནི་ས་བཅུའི་བདེ་གཤེགས་ཞེས་པ་དེ་ཅུང་མ་འགྲིག་པ་རེད། ཡང་ན། ས་བཅུ་མཐར་ཕྱིན་ཀུན་གྱི་སྙིང་རྗེའི་གཏེར༎ ལྟ་བུ་དགོས་པ་རེད།
ས་བཅུའི་སེམས་དཔའ་ཀུན་གྱི་སྙིང་རྗེའི་གཏེར༎
སྟོབས་བཅུའི་ཡོན་ཏན་མ་ལུས་ལེགས་མངའ་ཞིང༌།།
ཕྱིན་བཅུའི་ལམ་བཟང་དུས་ལྟར་འདོམས་མཛད་པའི༎
ཕྱོགས་བཅུའི་འགྲོ་བའི་མགོན་གཅིག་པད་དཀར་འཛིན༎
ཨ་རིའི་རྡོ་རྗེ་ནས་ཀྱང་གསུངས་ཟིན་ལྟར། ས་བཅུ་པ་ཡིན་ན་བྱང་ཆུབ་སེམས་དཔའ་ཡིན་ཡང་འཚང་རྒྱ་རྒྱུ་ཡིན་པས། སངས་རྒྱས་ཀྱི་ཐ་སྙད་མི་འཇུག དེ་བཞིན་གྲངས་གཅིག་གི་སྙན་ཚིག་སྐབས་སུ་ཁ་གཅིག་ཙམ་ཞེས་པའི་ཐ་སྙད་མི་བདེ། ནམ་རྒྱུན་ནས་ཁ་ཙམ་ཞེས་པ་ལས་སྙན་ཚིག་བྱེ་བྲག་པའི་ཆེད་དུ་ཐ་སྙད་ཨུ་ཚུགས་ཀྱིས་བཅུག་ན་སྙན་དུ་འགྲོ་བ་ལས་ལྡོག་སྟེ་འོང་ངེས། ལར་ནས་སྙན་ཚིག་གང་ལེགས་བྲིས་འདུག
བཀུར་འོས་ཨ་རི་རྡོ་རྗེ་ལགས་དང་བྲག་གཡག་ལགས་གཉིས་ཀྱིས་ཁོ་བོའི་རྩོམ་ཐུང་དེར་ལེགས་བཅོས་ཀྱི་དགོངས་འཆར་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ངས་ཀྱང་རྩོམ་ཡིག་གི་མ་ཕྱི་ལ་འགྱུར་བ་བཏང་ཚར། གཤམ་གྱི་རྩོམ་ཐུང་འདི་ཁོ་བོས་གཞི་རིམ་སློབ་གྲའི་སྐབས་སུ་བྲིས་པ་ཞིག་ཡིན་པས་ཁྱེད་རྣམ་གཉིས་ནས་ལེགས་བཅོས་ཀྱི་དགོངས་འཆར་ཕེབས་རེ་བཅངས་ནས་འདིར་བཀོད་ལགས།
གངས་ཅན་བོད་ཀྱི་ཨ་མ་ལགས།
མ་དག་སྲིད་པའི་བཙོན་རར་ཡོངས་ཚུད་པའི།།
མ་གྱུར་འགྲོ་བ་ཡོངས་ཀྱི་སྡུག་བསྔལ་ཀུན།།
མ་ལུས་ཞི་མཛད་དུས་གསུམ་རྒྱལ་བའི་ཚོགས།།
མ་བཅོས་སྒོ་གསུམ་གུས་པའི་རྟག་ཏུ་འདུད།།
མ་བྲལ་གངས་རིའི་ལྗོངས་ཀྱི་བུ་ཚ་རྣམས།།
མ་ལྟར་བརྩེ་མཛད་རྗེ་བཙུན་པདྨ་ལ།།
མ་འཁྱོག་དྲང་པོའི་ལམ་ནས་བསྟོད་པ་འདིར།།
མ་མའི་གཙོ་མོ་མ་གཡེང་མགོན་དུ་བྱོན།།
མ་རུང་ཕྱོགས་སུ་ལྷུང་བའི་དྲི་མ་དང༌།།
མ་དཔྱད་བཏང་སྙོམས་འཇོག་པའི་ཐུགས་གཤིས་དང༌།།
མ་གཙང་སྤྱི་སྒེར་བསྲེས་པའི་སྐྱོན་བྲལ་བ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་ཤི་ཙམ་གྱིས་མི་ཡུལ་འདིར་གྱར་བའི།།
མ་མེད་གངས་ཅན་བོད་ཀྱི་བྱིས་པ་ཚོར།།
མ་ལས་གཅེས་པར་འཛིན་པའི་བདག་ཉིད་ཅན།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་གཅིག་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི།།
མ་ལུས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀུན།།
མ་ཚང་མེད་པར་གཅིག་ཏུ་ཡོངས་འདུས་པ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་རིག་མུན་པ་བསལ་བའི་སྒྲོན་མེ་སྟེ།།
མ་འདྲའི་ཕྱི་ནང་རིག་པའི་གཞུང་ལུགས་ཀུན།།
མ་ཆད་སྦྱོང་བའི་སྐལ་བཟང་སྐྲུན་མཛད་པ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་འོངས་གངས་ལྗོངས་རེ་བའི་བདག་པོ་ལ།།
མ་གཟིགས་སྤྱན་ལ་བཏང་སྙོམས་མི་མངའ་བའི།།
མ་རྒྱུད་མཁའ་འགྲོ་ལས་ཀྱང་མཁའ་འགྲོ་མ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་བསགས་ལས་ལ་འབྲས་བུ་མེད་ན་ཡང༌།།
མ་འདོད་མི་ཡུལ་གྱར་བའི་ད་ཕྲུག་ཚོར།།
མ་བཞིན་བྱམས་བརྩེས་སྐྱོང་མཛད་རྗེ་བཙུན་མ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་མཆོག་ཁྱེད་ཀྱི་བྱམས་དང་བརྩེ་བ་ཡིས།།
མ་ཚར་བོད་ཕྲུག་དག་ལ་ལེགས་གཟིགས་པས།།
མ་ཧཱ་སྐྱེད་མའི་མཚན་སྙན་ཕྱོགས་བཅུར་ཁྱབ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་མཛེས་མཚན་མའི་རྟགས་ཙམ་སྐུ་ལ་མེད།།
མ་སྙན་རྩུབ་མོའི་ངག་ཀྱང་གསུང་ལ་མེད།།
མ་དག་འཁྲུལ་བའི་ཕྱོགས་ལྷུང་ཐུགས་ལ་མེད།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་མ་ཁྱེད་ཀྱི་ཐབས་མཁས་ཐུགས་རྗེ་ཡིས།།
མ་རུང་གྱོང་པོ་ཡིན་ཡང་བརྩེ་བས་བཏུལ།།
མ་སྨིན་གསར་བུ་དག་ཀྱང་སྨིན་མཛད་མ།།
མ་ཡུམ་ཆེན་མོ་གངས་རིའི་ཨ་མ་ལགས།།
མ་འོས་སྒྲོ་བཏགས་ཚིག་གི་ངོ་བསྟོད་མིན།།
མ་རུང་རང་དོན་སྒྲུབ་པའི་གོ་ལག་མིན།།
མ་སྐུལ་རང་སེམས་དང་ངོར་གང་ཤར་དེ།།
མ་བཅོས་གསོན་པོར་བཀོད་འདི་དགེ་གྱུར་ཅིག།
དཔེ་ཡག་པོ་འདུག །ཚིག་ཁ་ཤས་ཤིག་བཅོས་ན་སྙམ་སྟེ་གཟིགས་ཤིག །
མ་དང་བྲལ་བའི་བཙན་བྱོལ་བུ་ཚ་རྣམས༎
མ་ལྟར་བརྩེ་མཛད་རྗེ་བཙུན་པདྨ་ལ༎
མ་འཁྱོག་དྲང་པོའི་ལམ་ནས་བསྟོད་པ་འདི༎
མ་ཁྱོད་བཀའ་དྲིན་མ་བརྗེད་ཕྱིར་དུ་བཀོད༎
མ་འོངས་གངས་ལྗོངས་རེ་བའི་སོན་རྩ་རྣམས༎
མ་གཟིགས་བཏང་སྙོམས་ནམ་ཡང་མི་མངའ་བ༎
མ་རྒྱུད་མཁའ་འགྲོ་སྟོང་གི་རྣམ་སྤྲུལ་ཏེ།།
མ་ཡུམ་ཆེན་མོ་ཱཱཱཱ
མ་མཛེས་རྡུལ་གྱི་དྲི་མ་སྐུ་ལ་མེད༎
ཱཱཱཱ
དཔེ་ཡག་པོ་འདུག །ཚིག་ཁ་ཤས་ཤིག་བཅོས་ན་སྙམ་སྟེ་གཟིགས་ཤིག །
མ་དང་བྲལ་བའི་བཙན་བྱོལ་བུ་ཚ་རྣམས༎
མ་ལྟར་བརྩེ་མཛད་རྗེ་བཙུན་པདྨ་ལ༎
མ་འཁྱོག་དྲང་པོའི་ལམ་ནས་བསྟོད་པ་འདི༎
མ་ཁྱོད་བཀའ་དྲིན་མ་བརྗེད་ཕྱིར་དུ་བཀོད༎
མ་འོངས་གངས་ལྗོངས་རེ་བའི་སོན་རྩ་རྣམས༎
མ་གཟིགས་བཏང་སྙོམས་ནམ་ཡང་མི་མངའ་བ༎
མ་རྒྱུད་མཁའ་འགྲོ་སྟོང་གི་རྣམ་སྤྲུལ་ཏེ།།
མ་ཡུམ་ཆེན་མོ་྾྾྾
མ་མཛེས་རྡུལ་གྱི་དྲི་མ་སྐུ་ལ་མེད༎྾྾྾྾
མ་མཇལ་བཀུར་འོས་ཨ་རིའི་རྡོ་རྗེ་ནས།
མ་ཡིག་ཕྲེང་བ་སྤེལ་བའི་རྩོམ་ཐུང་འདིའི།
མ་མཛེས་ཚིག་ལ་ལེགས་བཅོས་གནང་བ་དེར།
མ་དེའི་བུ་ངས་ཐུགས་རྗེ་ཆེ་ཞུ་འོ།