གྲུ་ཆུང་གིས་བསྒྱུར།
མི་སུ་ཞིག་ཡིན་ཡང་འཇིག་རྟེན་དུ་ལྷུང་མ་ཐག་ཏུ་ཐོག་དང་པོ་མཐོང་བ་ནི་རང་གི་ཨ་མ་དེ་ཡིན་ལ། ཆེས་ཐོག་མར་དང་ལེན་བྱས་པའི་སློབ་གསོ་ཡང་ཨ་མ་ལས་ཐོབ་པ་ཡིན།
ཨ་རིའི་མིང་དུ་གྲག་པའི་ནག་ཉེས་སེམས་ཁམས་རིག་པ་བ་ཞིག་གིས་ཨ་མས་མི་ཞིག་གི་ཚེ་གང་ལ་བཞག་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱ་ཆེད། དེར་སྤྲོ་བའི་ཚོད་ལྟ་ཞིག་བྱས་པ་སྟེ། ཁོས་ཨ་རི་རྒྱལ་ཁབ་ཡོངས་ནས་ལེགས་འགྲུབ་བྱུང་ཟིན་པའི་མི་སྣ་50བདམས་ཤིང་། འདི་དག་ནི་ཚང་མ་རང་གི་ལས་གནས་ཀྱི་འཇོན་ཐང་ཅན་དང་། ཁྱད་འཕགས་ཀྱི་གྲུབ་འབྲས་བླངས་མྱོང་མཁན་ཤ་སྟག་ཡིན་པ་རེད། དེ་མཚུངས་སུ་ཡང་ནག་ཉེས་ཐོ་འགོད་བྱས་མྱོང་བའི་མི་སྣ་50བདམས་ཏེ། སེམས་ཁམས་རིག་པ་བ་དེས་དེ་དག་རེ་རེ་ལ་འཕྲིན་ཡིག་བྲིས་ནས་ཁོ་ཚོ་ལ་ཨ་མའི་སློབ་གསོ་ཡིས་རང་ཉིད་ལ་ཐེབས་པའི་ཤུགས་རྐྱེན་གང་འདྲ་ཡིན་པ་གླེང་མོལ་བྱས་པ་རེད།
ཟླ་ཕྱེད་ཅིག་འགོར་རྗེས། སེམས་ཁམས་རིག་པ་བ་དེར་འཕྲིན་ལན་མང་པོ་ཞིག་འབྱོར་ཞིང་། དེའི་ཁྲོད་ཀྱི་འཕྲིན་ཡིག་གཉིས་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་ལ། དེ་རུ་ཨ་མས་ཁོ་ཚོ་ཆུང་དུས་སུ་ཀུ་ཤུ་བགོས་པའི་གཏམ་རྒྱུད་གསལ་བཤད་བྱས་ཡོད་པ་རེད།
ཀུ་ཤུ་བགོས་པའི་གཏམ་རྒྱུད་གཅིག་ནི།
ཅཱ་ཀྲིག་ཁྲིས་ཧུའུ་བན་བཙོན་ཁང་གི་བཙོན་མ་ཞིག་གིས་འཕྲིན་ཡིག་ཏུ”ང་རང་ཆུང་དུས་སུ། ཐེངས་ཤིག་ཡེ་ཤུའི་འཁྲུངས་སྐར་རོལ་སྐབས། ཨ་མས་ཆེ་ཆུང་མི་གཅིག་པའི་ཀུ་ཤུ་འགའ་ཁྱེར་ཡོང་ཞིང་། ངས་དེ་དག་གི་དཀྱིལ་དུ་དམར་ཞིང་ཆེ་བ་ཞིག་ཡོད་པ་དེ་མཐོང་ལ། རང་ལ་ཆེས་ཐོབ་འདོད་པ་ཡང་དེ་རེད། སྐབས་དེར། ཨ་མས་ཀུ་ཤུ་དག་མདུན་ཅོག་སྟེང་བཞག་སྟེ། ང་དང་ནུ་བོ་ལྗང་ལ”ཁྱོད་ཚོས་ཀུ་ཤུ་གང་ཟ་བསམ”ཞེས་དྲིས་བྱུང་བ་ལ། ངས་རང་གིས་ད་ཅི་འདོད་པའི་ཀུ་ཤུ་དེ་དགོས་ཟེར་འདོད་པའི་སྐབས་དེར་ལྗང་གིས་སྔོན་ལ་ཁ་གྲགས་ཏེ་ངས་འདོད་པའི་ཀུ་ཤུ་དེ་ཁོ་ལ་དགོས་ཞེས་ཟེར། ཨ་མས་དེ་ཐོས་རྗེས། ཁོ་ལ་མིག་སྡང་གིས་ལྟ་ཞོར”བྱིས་པ་བཟང་བོ་ཞིག་ཡིན་ན། དངོས་པོ་བཟང་བོ་དེ་གཞན་ལ་སྟེར་རྒྱུ་ལས་རང་ཉིད་ཁོ་ན་བསམ་མི་རུང”ཞེས་ལེ་བདའ་བྱས་སོང་།
དེ་བས། ཨ་མའི་བསྟོད་བསྔགས་ཐོབ་ཆེད། ངས་བློ་རིག་འགུལ་ཙམ་བྱས་ཏེ། རང་གི་འདོད་པ་བསྒྱུར་ནས”ཨ་མ། ང་ལ་ཆེས་ཆུང་བ་དེ་དགོས། ཀུ་ཤུ་ཆེ་བ་དེ་ནུ་བོ་ལ་བྱིན་དང”ཞེས་བཤད་པ་ན། ཨ་མས་དེ་མཐོང་རྗེས། དངོས་གནས་ཤིན་ཏུ་དགའ་བར་གྱུར་ཏེ། དམར་ཞིང་ཆེ་བའི་ཀུ་ཤུ་དེ་ང་ལ་གཟེངས་རྟགས་སུ་གནང་བྱུང་། ལྗང་ལ་ཆེས་ཆུང་བ་དེ་བྱིན་སོང་།
དེ་ནས་བཟུང་། ངས་རང་གིས་འདོད་པའི་དངོས་པོ་ཐོབ་ཆེད། རང་གི་ནང་སེམས་ཀྱི་བསམ་ཚུལ་ངོ་མ་དེ་སྦས་ཤིང་རྫུ་བག་བྱས་ཏེ། རྒྱུན་དུ་རྫུན་བཤད་པ་དང་། སློབ་འབྲིང་འདོན་དུས། རང་གིས་འདོད་པའི་དངོས་པོ་ཐོབ་ཆེད་དང་རང་ཉིད་ཀྱི་འདོད་པ་སྐོང་ཆེད། ཐབས་ངན་སྣ་ཚོགས་བཀོལ་ཞིང་། རྗེས་སུ་རྡུང་རེས་དང་། རྐུ་བྱེད་པ། ཉལ་ཐ་འཐེན་པ། འཕྲོག་བཅོམ། མི་གསོད་པ་བཅས་བྱས་པས། ད་ལྟའི་བར་དུ་ང་རང་ཚེ་བཙོན་བྱས་ཡོད་པ་ཡིན”ཞེས་བྲིས་ཡོད་པ་རེད།
ཀུ་ཤུ་བགོས་པའི་གཏམ་རྒྱུད་གཉིས་པ་ནི།
ཕོ་བྲང་དཀར་པོ་ནས་ཡོང་བའི་མི་སྣ་མིང་གྲག་ཅན་ཞིག་ཡིན་ལ་དེས་འཕྲིན་ཡིག་ཏུ་འདི་ལྟར”ང་ཆུང་དུས་སུ། ཨ་ཕས་སྐྱེས་སྐར་རོལ་སྐབས། ཨ་མས་ཀུ་ཤུ་འགའ་ཁྱེར་ཡོང་བ་ལ། ང་དང་ནུ་བོ་དག་གིས་ཆེ་བ་དེ་རྩོད་པ་བྱས། ཨ་མས་ཀུ་ཤུ་ཆེ་བ་དེ་ཡར་བཏེགས་ནས་ང་ཚོ་ལ”གཅེས་ཕྲུག་ཚོ། ཧ་ཅང་བཟང་འདུག ཁྱོད་ཚོ་ཚང་མས་སྐད་ཆ་དྲང་བོར་བཤད་བྱུང་། ཀུ་ཤུ་འདི་དམར་ཞིང་ཆེ་ལ་ཆེས་ཞིམ་པོ་དེ་ཡང་ཡིན་པས། སུས་ཀྱང་འདི་རང་ལ་ཐོབ་འདོད། འོན་ཀྱང་ཀུ་ཤུ་ཆེ་བ་གཅིག་མ་གཏོགས་མེད། དེ་བས་ང་ཚོས་འགྲན་བསྡུར་ཞིག་བྱེད། སྒོ་ཁའི་རྩྭ་ར་དེ་དུ་ཀ་གསུམ་ལ་བགོད་འཇོག ཁྱོད་ཚོ་མི་རེར་དུ་ཀ་རེ་སྟེར། དེ་ནས་དེ་ལ་འགན་ཁུར་ནས་གཅོད་འབྲེག་དང་ཡག་ལས་བྱོས། སུས་བསྒྲུབ་པ་མགྱོགས་ཤིང་ཆེས་བཟང་བ་ཡིན་ན། དེ་ལ་ཀུ་ཤུ་ཆེ་བ་འདི་ཟ་བའི་ཐོབ་ཐང་ཡོད”ཅེས་ཟེར།
མཐའ་མཇུག ངས་རང་གི་འབད་བརྩོན་ལ་བརྟེན་ནས་ཀུ་ཤུ་ཆེ་བ་དེ་ཐོབ་སོང་། ངས་ཨ་མ་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་ལ། མོས་ང་ལ་ཆེས་སླ་ཞིང་ཆེས་གལ་ཆེ་བའི་གནས་ལུགས་ཤིག་རྟོགས་སུ་བཅུག་པ་སྟེ། ཆེས་བཟང་བ་དེ་ཐོབ་འདོད་ན། ངེས་པར་དུ་ཧུར་བརྩོན་ལ་བརྟེན་ནས་རྩོད་པ་ནི་ཨང་དང་པོ་ཡིན་པ་དེ་རེད།
མོས་རྒྱུན་དུ་ང་ཚོ་ལ་འདི་ལྟར་སློབ་གསོ་གཏོང་བ་ཡིན། རང་ཁྱིམ་དུ། ཁྱོད་ཀྱིས་དངོས་པོ་བཟང་བོ་གང་ཞིག་ཐོབ་འདོད་ཚེ་འགྲན་བསྡུར་ལས་རྩོད་དགོས་པ་ཡིན། འདི་ནི་ཧ་ཅང་འདྲ་མཉམ་ཞིག་ཡིན་ཏེ། ཁྱོད་ཀྱིས་གང་ཞིག་ཐོབ་འདོད་ཚེ། ངེས་པར་དེའི་ཆེད་དུ་ཧུར་བརྩོན་བྱས་ཏེ་འཇལ་དགོས་པ་ཡིན།
ཡིན་པ་ནི་ཀུ་ཤུ་བགོས་པའི་གཏམ་རྒྱུད་མཚུངས་པ་གཉིས་ཡིན་ཡང་། ཨ་མ་གཅིག་གིས་བྱིས་པ་ལ་རྫུན་བཤད་དུ་བཅུག་ཅིང་རང་ཉིད་ཀྱི་བསམ་ཚུལ་ངོ་མ་བཀབ་སྟེ་རྫུ་བག་བྱས་པས། རིམ་གྱིས་བྱིས་པ་གང་དེ་མུན་ནག་གི་དོང་ལ་འཕངས། ཨ་མ་གཞན་གཅིག་གིས་བྱིས་པ་ལ་རང་གི་བསམ་ཚུལ་དྲང་བོ་དེ་བརྗོད་དུ་བཅུག་ནས། ཁོ་ཚོ་ལ་གཞུང་དྲང་ཞིང་འབད་བརྩོན་ལ་དགའ་བའི་མི་ཞིག་བྱ་རྒྱུར་སྣེ་ཁྲིད་བྱས་པ་རེད། དོ་སྣང་མ་བྱས་པའི་བྱ་སྤྱོད་ཅིག་གིས་བྱིས་པའི་ཚེ་གང་ལ་འགྱུར་བ་བྱས་སོང་།།
འགུལ་སླེ་འདེད་པའི་ཨ་མའི་ཕྱག་ཟུང་གིས། བྱིས་པ་དེ་འཇོན་ཐང་ཅན་ཞིག་ཏུ་སྒྱུར་ངེས་ལ། ཡང་སྣང་ཆུང་གི་བྱ་སྤྱོད་བར་ནས་ངན་རུལ་གྱི་ས་བོན་ཀྱང་འདེབས་ངེས།
༼མི་སུ་ཞིག་ཡིན་ཡང་འཇིག་རྟེན་དུ་ལྷུང་མ་ཐག་ཏུ་ཐོག་དང་པོ་མཐོང་བ་ནི་རང་གི་ཨ་མ་དེ་ཡིན་ལ༽ ཧ་ཧ་ཧ། རང་ལ་བུ་གུ་ཡོད་དམ། ག་འདྲ་ཞིག་བྱས་སྐྱེས་བ་ཤེས་ཀྱི་ཡོད་དམ། གང་ནས་ལྷུང་བ་རིག་གམ། ཧ་ཧ་ཧ། ཨ་མ་ཡིན་པའི་རྒྱུ་མཚན་གང་། ཧ་ཧ་ཧ།
འདི་ནི་དེང་རབས་ཀྱི་ཞིབ་འཇུག་པ་དག་གིས་དངོས་སུ་ར་སྤྲོད་བྱེད་བཞིན་པའི་བྱིས་པའི་སློབ་གསོའི་རིགས་ཡིན་པས་ཁ་བཤད་ཆུ་ཡི་ཝུ་བ་མ་ཡིན་པར་ལག་ལེན་གསེར་གྱི་ཐིགས་པའི་གྲས་ཀྱི་གལ་ཆེན་པོ་ཞིག་རེད། བོད་ལ་ལོ་ཙཱ་བ་འདིའི་རིགས་ཧ་ཅང་མཁོ།
གཏམ་རྒྱུད་འདིའི་ནང་གི་ཀུ་ཤུ་བགོ་སྟངས་དང་པོ་དེ་ད་སྐབས་ཀྱི་བོད་ཀྱི་སློབ་གསོ་རེད། མི་བཟང་པོ་བྱེད་དགོས་ཚུལ། གཞན་ཕན་བསམ་ཚུལ་ལབ་ནས་བོད་མི་མང་ཆེ་བ་རང་ཉིད་ཀྱི་བསམ་འདུན་ངོ་མ་སྦས་ནས་སྐྱག་རྫུན་ལབ་མཁན་དང་ཧམ་པ་ཅན་ཆགས་ཡོད་པར་མ་ཟད། བཙན་བྱོལ་ནང་དུ་ཁ་སྙན་པོ་བཤད་པ་ལས་རྩོལ་བ་མི་བྱེད་པའི་གཤིས་ཀ་ཆགས་ཡོད། ད་བོད་ཀྱི་ཕྲུ་གུའི་སློབ་གསོའང་ངེས་པར་དུ་འགྲན་རྩོད་ཅན་ལ་བསྒྱུར་དགོས།
རང་གི་བུ་ཕྲུག་གི་བསམ་བློ་ལ་འགྱུར་བ་གཏོང་སྟངས་དེ་འདྲའི་ལས་སླ་མོ་ཞིག་དང་། རྒྱུ་རྐྱེན་མཐའ་ཡས་པ་ཡོད་པའི་ནང་ནས་གཅིག་རང་ཞིག་འཁྱེར་ཡོང་ནས་དཔེ་མཚོན་དུ་བཀོད་པ་ནི་ཧ་ཅང་མི་འགྲིག་པ་ཞིག་རེད། དེ་འདྲ་ཡིན་ན་ཨ་རི་དང་ཡོ་རོབ་ནང་གི་གཞོན་སྐྱེས་ཆེས་མང་པོ་ཞིག་གི་སེམས་དང་ཕྱིའི་སྤྱོད་ལམ་ཐོག་དཀའ་ངལ་འཕྲད་ནས་སྐད་ངན་ཤོར་བཞིན་པ་ག་རེ་བྱས་པ་རེད། འགྲན་བསྡུར་ཟེར་བ་དགོས་ས་ཞིག་ལ་དཔེ་བཞག་ན་སློབ་སྦྱོང་ལ་ཐོག་ལྟ་བུ་དགོས་ཀྱང་། དེ་ལ་ཡང་ཚད་ཅིག་འཛིན་ཤེས་དགོས་ངེས་ཡིན་པ་ཚང་མས་མཁྱེན་གསལ་རེད། ཕྱོགས་གཞན་ཞིག་ནས་དཔེར་ན་སྤུན་རྒན་གཞོན་གཅིག་གིས་བུ་མོ་གཅིག་ལ་དགའ་བ་ལྟ་བུ་ལ་གཅིག་གིས་གཅིག་ལ་བསམ་ཤེས་དགོས་པ་ལས་འགྲན་བསྡུར་རྩ་བ་ནས་བྱེད་མི་རུང་བའི་གནད་ཀྱང་ཤེས་གསལ་ཡིན་པ་བཅས་སོ།།