གྲིབ་གཟུགས།
རས་གདན་ངོས་སུ་ལྔ་ཚོགས་ཀྱི་ཚོམ་བུར་སྤུངས་པའི་རྡེའུ་དེ་ཚོ།
རྐྱང་ཕྱག་ལྔ་རེ་ལྔ་རེའི་མཚམས་སུ།
རྡེའུ་རེ་རེ་བཞིན་བྱང་ཆུབ་ཤིང་ལོས་ཕུད་ཅིང་འདེད་པ་ནི།
གཞན་ཚོ་དང་མི་འདྲ་བའི་ཨ་མ་གསུང་འབྱོན་གྱི་ཕྱག་གྲངས་བརྩི་ཚུལ་རེད།
རྣ་བ་ཐང་པོ་རང་མེད་པའི་ཨ་མ་ཁོང་ལ་ལབ་གླེང་དེ་ཙམ་བྱེད་མི་བདེ་ནའང་།
ལག་བརྡ་ཁ་བརྡ་གཉིས་ཀྱི་བར་ནས་ར་ཕྲོད་བྱུང་བའི་ཁོང་གི་ཉིན་རྒྱུན་གྱི་འཚོ་བ་སྟེ།
ནམ་སྨད་ནས་ལངས་ཏེ་ཇ་སྐོལ་རྒྱུ། མཆོད་རྟེན་ལ་གླིང་སྐོར་དང་ནང་སྐོར་རྐྱང་ཕྱག་འབུལ་རྒྱུ།
ཉིན་གང་ལ་ཕྱག་གདན་སྒང་ནས་ཕྱག་བདུན་བརྒྱ་རེ་འཚལ་རྒྱུ། སྤུན་མཆེད་ཨ་ཅག་ཆེ་བར་ཟ་མ་གཡོ་སྐོལ་བྱེད་རྒྱུ་བཅས་རེད་འདུག
རྒས་ཤིང་ཁོག་པའི་ཨ་མ་ལགས་ཁོང་།
བལྟས་ཚོད་ཀྱིས་བྱ་བ་དེ་ཚོ་བསྒྲུབས་མི་ཐུབ་པར་སྙམས་ནའང་།
ཁོང་དང་ཐག་ཉེ་སར་བཅར་དུས།
ཁོང་གི་མིག་འོད་ཤིན་ཏུ་གསལ།
ཁོང་གི་སེམས་པ་བློ་བདེ་གུ་ཡངས་རེད།
འདྲོང་པོ་རང་མིན་པའི་ཁོང་གི་ཕྱག་འཚལ་སྟངས་དེ་ནི།
རྒྱུད་ཀྱིས་བཀུགས་པའི་གཞུ་རྩེ་ཡང་ཡང་ས་ལ་རེག་པ་དང་འདྲ་ཞིང་།
རྐྱང་ཕྱག་བཅུ་དང་ཉི་ཤུ་རེའི་མཚམས་སུ།
ངལ་ཞིང་དུབ་པའི་མཐའ་ཁོར་གྱི་མི་དག་ལ།
གད་མོ་རེ་སློང་བ་ནི་ཨ་མ་གསུང་འབྱོན་གྱི་ངལ་གསོ་སྟངས་ཤིག་རེད།
ནམ་ཡང་བཟའ་བར་དགའ་བའི་ངེད་ཚོ་གྲྭ་རྐྱང་ཁྱུ་ཞིག་དང་།
ནམ་ཡང་འཕྱ་བར་དགའ་བའི་ཨ་མ་གསུང་འབྱོན་གཉིས་བར།
འགལ་བ་གང་འཚམས་ཤིག་བྱུང་སོང་།
འགལ་བ་དེའི་བར་ནས་ཉོག་བཤད་ཚ་བའི་ཨ་མ་སྒྲོལ་དཀར་ཁོང་ལ།
ཨ་མ་གསུང་འབྱོན་ཞེས་པའི་མཚན་དེ་ཐོགས་སོང་།
“ཨ་མ་གསུང་འབྱོན་དེ་རིང་ཐོན་མི་འདུག་་་”
“ཨ་མ་གསུང་འབྱོན་ཁ་སང་ཡང་སླེབས་མི་འདུག་་་་”
“ཨོ་ཨ་མ་གསུང་འབྱོན་ཁ་སང་སྨན་ཁང་ན་འདུག་ཟེར་་”
ཕྱག་འཚལ་ས་དེ་ནས་མི་གཞན་དག་ཡོད་མེད་ལ་ཁ་ཡ་མེད་རུང་།
འགྱིག་ཤོག་སེར་པོས་གཡོགས་པའི་ཨ་མ་གསུང་འབྱོན་གྱི་ཕྱག་པང་སྟོང་པ་དེ།
ཚང་མའི་མིག་ལ་ཐོགས་དགོས་དོན་ཅི་ཞིག་ཡིན་ནམ།
བཟང་ངན་གྱི་འབྲེལ་བ་ཅི་ཞིག་ཡིན་རུང་།
མི་སེམས་ཟེར་བའི་བྱིས་པ་དེ་ནི།
གང་ལྟར་འབྲེལ་བའི་རྗེས་སུ་འབྲང་བར་དགའ་མཁན་ཞིག་རེད་ཨང་།
བློ་གྲོས་ཤེས་རབ་ཟེར་བའི་གྲོགས་པོ་ངོ་འཛུམ་ཅན་དེས།
བགྲེས་སོང་མ་ཁོང་གི་ཉེ་སར་བཅར་བ་ནས་བཟུང་།
རྔུལ་ཆུ་དང་ཁ་རླངས་བ་མོའི་གཟུགས་སུ་འགྱུར་འགྲོ་བའི་ནམ་ཟླ་དེར།
ཁོང་གི་མངར་ཇ་ཚ་བོ་དེར་ཧུབ་གསུམ་རྒྱག་རྒྱུའི་སྐལ་བ་ལྡན་སོང་།
ཁོང་གི་གཉེར་རིས་སེང་གི་ངོ་འཛུམ་དེར་ཡང་ཡང་ལྟ་བའི་གོ་སྐབས་འབྱོར་སོང་།
“འོ་ཡེ་་་ ཇ་འཐུང་་་ ཇ་འཐུང་་་”
“མི་འཐུང་ན་སྡུག་གྱོང་རེད།”
ཉིན་གཅིག་གློ་བུར་དུ་སླེབས་པའི་བགྲེས་སོང་མ་ཁོང་གིས།
ཕྱག་པང་བསྡུས་ནས་ཁྱེར་སོང་།
རྡེའུ་དེ་ཚོ་ཡང་བསྡུས་ནས་ཁྱེར་སོང་།
བྱང་ཆུབ་ཤིང་ལོ་དེ་ཚོ་ཡང་རེ་རེ་ནས་དེབ་བར་བཅུགས་ནས་ཁྱེར་སོང་།
ཁོང་གིས་ང་ཚོར་གྱེས་ཕྱག་དང་ལྷན་་
“གནས་སྐོར་བརྒྱུད་ནས་དྷ་རམ་སར་ལོག་རྒྱུ་ཡིན་” གསུངས་སོང་།
དེ་ནས་བཟུང་རྐྱང་ཕྱག་འཚལ་ས་དེ་ནས་ཁོང་དམིགས་མེད་དུ་གྱུར་སོང་།
བགྲེས་སོང་མ་ཁོང་གིས་རྡོ་རྗེ་གདན་ལ་གྱེས་ཕྱག་ཕུལ་བ་ཞིན།
ནམ་ཞིག་གི་ཚེ་མི་ཡུལ་ལ་ཕུལ་བའི་གྱེས་ཕྱག་དེ་ཡང་འདི་བཞིན་བདེ་བོ་འཚམས་པོ་ཞིག་ཡིན་ནམ།
འདི་བཞིན་ཚགས་ཚུད་པོས་བསྡུ་གསོག་རྒྱག་ལོང་ཞིག་¬ཡོད་དམ།
མཆོད་བརྟེན་གྱི་གླིང་སྐོར་ནས་ཁོང་དང་ཕྲད་པའི་འདྲ་པར་དེ་ནི།
ཁོང་ལ་ཕུལ་བའི་མཐའ་མའི་གྱེས་ཕྱག་དེ་ཡིན་ངེས།
འཇིག་རྟེན་གྱི་དཀར་ངོགས་ནས་ཨ་མ་མཐོང་མ་མྱོང་བའི་ཁོ་བོར་མཚོན་ན།
ཨ་མའི་ངོ་གདོང་མཐོང་སའི་དྭངས་ཤེལ་གྱི་མེ་ལོང་གཅིག་པུ་དེ་ཡིན་ངེས་་་་་
26/3/2013