མུ་ལ།
———གྲོགས་ཅོ་ནེ་ལྷ་མོ་སྐྱབས་ཀྱི་ཚབ་དུ་བྲིས།
ཟླ་དགུ་ཞག་བཅུའི་རིང་ལ། །
མངལ་དུ་ཁུར་བའི་ཨ་མས། །
བཙས་པའི་བུ་ཆུང་ང་རང་། །
དགའ་བའི་འཛུམ་གྱིས་བསུས་སོང་། །
བྱམས་ལྡན་དྲིན་ཆེན་ཨ་མ། །
འཇིག་རྟེན་འདི་ན་ཡོད་དུས། །
བྱམས་སྐྱོང་ཉི་འོད་དྲོད་མོ། །
རང་ཁྱིམ་ནང་ལ་ཁྱབ་ཡོད། །
ཚེ་སྔོན་ལས་དབང་ཞིག་གིས། །
བརྩེ་ལྡན་དྲིན་ཆེན་ཨ་མའི། །
བྱམས་སྐྱོང་འོ་ཇ་མངར་མོ། །
བཏུང་བའི་སྐལ་བ་མ་བྱུང་། །
བུ་ངའི་དྲིན་ཆེན་ཨ་མ། །
ཕྱི་མའི་ཡུལ་ལ་གཤེགས་རྗེས། །
མགོན་མེད་དྭ་ཕྲུག་ང་རང་། །
སྐྱོ་བའི་མིག་ཆུ་ཤོར་སོང་། །
གཞིས་ཁྱིམ་གཞན་པའི་ནང་ན། །
མ་འཛོམ་བུ་འཛོམ་མཐོང་དུས། །
བུ་ངའི་ཡ་ཆུང་སེམས་ནས། །
དྲིན་ཆེན་ཨ་མ་དྲན་བྱུང་། །
བྱམས་ལྡན་དྲིན་ཆེན་ཨ་མ། །
སྙིང་ནས་ཅི་འདྲ་དྲན་རུང་། །
མཇལ་བའི་སྐལ་བ་མེད་པས། །
རང་སེམས་སྡུག་གིས་བཀང་སོང་། །