ང་དུར་ཁྲོད་
རྒྱང་རིང་ཐང་ལ་ཚ་བའི་སྨུག་པ་འཁོར་དུས།
སྐྱོ་བའི་སེམས་ལ་དྲན་པའི་མིག་ཆུ་ལྷུང་གི།
ས་མཐའི་བུ་ཡིས་ཨ་མ་དྲན་པའི་སྡུག་འདི།།
གཉེན་དང་ཉེ་དུ་ཀུན་གྱིས་སེམས་ཀྱིས་མི་ཁྱག།
གཟར་བའི་བྲག་དང་ཆེན་པོའི་གཙང་བོ་བརྒལ་ཏེ།།
མི་ཡུལ་ས་མཐར་འཁྱམས་ཏེ་ལོ་ཤས་ཐལ་བས།།
དྲིན་ཆེན་མ་ལོ་དྲན་པའི་དྲན་པའི་ཁམས་འདི།།
རི་ཆེན་སྨུག་པའི་གཡོགས་པའི་ཚུལ་དང་མཚུངས་སོང་།།
སྲ་བ་རྣོ་ལྕགས་ཡིན་རུང་གཅོད་རྒྱུ་ཡོད་གི།
མཁྲེགས་པོ་རྡོ་བ་ཡིན་རུང་ཟད་རྒྱུ་ཡོད་གི།
ཐག་རིང་མ་ལོ་དྲན་པའི་སྡུག་གི་ཁུར་བོ།།
ལོ་དང་ཟླ་བ་འགོར་ཡང་འཕོག་རྒྱུ་མི་འདུག
ལ་དང་ལུང་བ་བརྒལ་ནས་འགྲོ་སྙིང་འདོད་གི།
ཆུ་དང་གཙང་བོ་བརྒྱུད་དེ་མཇལ་སྙིང་འདོད་གི།
དཀའ་སྡུག་ག་ཚོད་ཡོད་ཀྱང་བརྒྱུད་ན་བསམ་གི།
ཐེངས་གཅིག་ང་ཡི་མ་ལ་མཇལ་ན་བསམ་གི།
ཟླ་དགུ་ཁོག་ལ་ཁུར་བའི་དྲིན་ལན་ལྷག་ཡོད།།
གཅེས་པའི་འཛུམ་གྱིས་བསྐྱངས་པའི་བྱམས་བརྩེ་ལྷག་ཡོད།།
མ་བུ་ལྷན་དུ་འཛོམས་པའི་ཉི་མ་ཞིག་ལ།།
སྤྱན་ཟུང་མཆི་མས་བཀང་ནས་རེ་བལྟས་བྱས་ཡོད།།
བྱམས་ལྡན་མི་ཡིས་འགྲོ་བ་བརྩེ་བས་བསྐྱངས་པ།།
བདག་གི་དྲིན་ཆེན་མ་ལོའི་དོ་ཟླ་མ་ཡིན།།
ནག་ཆེན་བཙོན་མས་གཉའ་ཤིང་ཚེ་སྒོ་ཁུར་བ།།
བུ་ཆུང་ཨ་མ་དྲན་པའི་དོ་ཟླ་མ་ཡིན།།
ལོ་དང་ཟླ་བར་མ་ཐུག་སྐྱོ་གི་གསུངས་བྱུང་།།
ཟླ་གཅིག་སྐད་ངག་མ་གོ་དྲན་གི་གསུངས་བྱུང་།།
ཉིན་རེ་མ་འགོར་ཁ་པར་ཐོངས་ཤོག་གསུངས་བྱུང་།།
ཨ་མའི་བུ་ལ་ཉིན་རྒྱུན་བསྒུགས་ཡོད་གསུངས་བྱུང་།།
དབུ་སྐྲའི་ཁ་དོག་བརྗེས་ནས་དཀར་ལ་བནབས་འདུག།
དུང་སོ་སུམ་ཅུའི་གྲངས་ལ་མང་ཉུང་ཤོར་འདུག།
གསུངས་བའི་གཏམ་ལ་སྐྱོ་བའི་ཉམས་ཤིག་ཐོན་འདུག།
དེ་ནས་བདེ་ན་འདི་ནས་སྐྱིད་གི་གསུངས་བྱུང་།།
ཉན་གྱིན་ཉན་གྱིན་སྐྱོ་བ་གཏིང་ནས་སྐྱེ་གི།
བསམ་གྱིན་བསམ་གྱིན་ཨ་མ་སྙིང་ནས་དྲན་གི།
བཟང་བོའི་མ་ལ་ངན་པའི་བུ་ཞིག་སྐྱེས་ནས།།
ས་ཆེན་འཇིག་རྟེན་འདི་ལ་དཔེ་ཞིག་བཞག་བྱུང་།།
བསླུ་མེད་བདག་གི་སྟོན་པ་དྲིན་ཅན་དེ་ཡིས།།
དྲིན་ལན་མ་ལས་ལྷག་པ་མེད་ཅེས་གསུངས་འདུག།
དགེ་བ་དྲིན་གཟོ་ལས་ལྷག་མེད་ཅེས་གསུངས་འདུག།
མ་ལ་མ་གུས་དམྱལ་བར་སྐྱེའོ་གསུངས་བྱུང་།།
བདེན་ནོ་བདེན་ནོ་བདག་གི་སྟོན་པ་བདེན་ནོ།།
ཆེའོ་ཆེའོ་ཨ་མ་དྲིན་ལན་ཆེའོ།།
མ་ལས་ལྷག་པ་མེད་པ་ཤིན་ཏུ་བདེན་ནོ།།
བདེན་པ་བདེན་པར་ཤེས་སོ་བདག་གི་སྟོན་པ།།
ཨ་མའི་གསུངས་དེ་སྙིང་གི་དཀྱིལ་ལ་འཛིན་ཆོག།
ཨ་མའི་དྲིན་དེ་སྤྱི་བོའི་གཙུག་ཏུ་ཁུར་ཆོག།
ནམ་ཞིག་རྐ་རྒན་དགུ་ཆུའི་འགྲམ་ངོགས་དེ་རུ།།
མ་ལ་མཇལ་བའི་སྨོན་ལམ་སྙིང་ནས་འདེབས་སོ།།
ལུས་ཀྱི་ཤ་ཁྲག་དྭངས་མ་ཨ་མ་ཡིས་སྤྱན་རེད།།
སེམས་དང་བསམ་བའི་ལོངས་སྤྱོད་མ་ཡུམ་གྱིས་གནངས་ཐལ།།
རང་ས་རང་གི་ཁོར་ཡུག་ཨ་མ་ཡིས་བསྐྲུན་ཐལ།།
རྒྱང་རིང་ས་མཐའི་ཡུལ་འདི་ང་རང་གིས་བཙལ་ཡིན།།
བཀྲ་ཤིས་ཚིག་བཟང་སྙན་པའི་ངག་ལ་སྟོར་དུས།།
ཁྱོད་ཀྱི་སྙན་ངག་ལྷ་དང་ལྷ་མོས་གོ་གི།
ང་ཡང་ས་མཐའ་འདི་ནས་ཨ་མ་དྲན་དུས།།
ཁྱོད་ཀྱི་སྙན་ངག་སེམས་ཀྱི་གཏིང་ལ་ལྷུང་ཐལ།།
ཀྱེ་གྲོགས་པོ། སྙན་ངག་ལ་དུངས་པའི་དབང་གིས། སྙན་ངག་ལ་དགའ་མྱོང་ལ། སྙན་ངག་ལ་འདྲིས་མྱོང་། ཡིན་ནའང་། སྙན་ངག་པའི་སེམས་ཁམས་ལྟ་བུའི་ན་ཟུག་ཅིག མཛེས་སྡུག་ཅིག རེ་བ་ཞིག ཡིད་ཆེས་ཤིག དུངས་སེམས་ཤིག མནར་གཅོད་ཅིག ངས་ཁྱོད་ལྟར་བཙལ་ཀྱང་མ་རྙེད། ཁྱེད་ཀྱིས་སྙན་ངག་འབྲི་རོགས། འདི་ལྟར་འབྲི་རོགས ཨ་མ་དང་ཆུང་མ ཕུགས་འདུན་དང་དགའ་སྐྱོ་ཡོད་ཚད་འདི་རུ་བཞུར་རོགས།
རྒྱང་གྲགས་ཁྲི་འབུམ་མང་པོའི་ཕ་མཐའ་ནས།།
རྒྱང་ཤེལ་འཕྲུལ་གྱིས་མི་མཐོང་དྲིན་ཆེན་མ།།
རྒྱང་རིང་བུ་ཡིས་དྲན་པའི་གདུང་འབོད་འདིས།།
རྒྱང་བཞུད་མགྲོན་པོ་ང་ལའང་ངལ་བ་སྦྱིན།།