རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
——འགྲན་ཟླ་མེད་པའི་མ་སེམས་ཞེས་བྱ་བ།
སྤྱན་རས་གཟིགས་གར་གྱི་དབང་ཕྱུག་ཐུགས་རྗེ་ཅན་ལ་གུས་པས་ཕྱག་འཚལ་ལོ། །
ཀྱེ་ཀྱེ་རྒྱལ་བའི་འཕྲིན་ལས་མ། །གདུང་བ་ཀུན་སེལ་ཏཱ་རེ་ཡུམ། །
བཀའ་དྲིན་ཅན་གྱི་ཨ་མ་ལ། །ཐུགས་རྗེའི་དཔུང་གཉེན་མཛད་དུ་གསོལ། །
རྒྱལ་པོའི་ཆད་པས་བཅད་པ་ཡི། །བུ་ངའི་སེམས་ལ་ཨ་མ་འཁྲེང༌། །
ཨ་མའང་བུ་ལ་འཁྲེང་བ་སྟེ། །ཕན་ཚུན་སེམས་ཀྱི་བསམ་ལུགས་གཅིག །
ཀྱག་ཀྱོག་མི་ཚེའི་ལམ་འཕྲང་དུ། །སྐྱིད་སྡུག་དགོ་བོའི་རྭ་ཚིགས་དང་། །
དྲོ་གྲང་མགར་བའི་ཁོལ་ཁ་བཞིན། །ཨ་མས་མ་བརྒྱུད་སྡུག་བསྔལ་མེད། །
ཡུན་ཐུང་མི་ཚེའི་གར་སྟེགས་སུ། །བསམ་མེད་བྱིས་པ་མིང་སྲིང་གསུམ། །
འཚོ་དང་སྐྱོང་བའི་ངལ་བ་ནི། །དབུ་སྐྱེས་སྐྲ་ཡི་གྲངས་ལས་ལྷག །
ཆར་བབ་རྗེས་ཀྱི་ཉི་མ་བཞིན། །བཀའ་དྲིན་ཅན་གྱི་ཨ་མ་ཡི། །
ཚེ་མཇུག་སེམས་ཀྱི་དགའ་སྤྲོ་དེ། །བུ་ང་ཆོས་ལ་ཞུགས་པ་ཡིན། །
ལང་ཚོའི་རི་མོ་མ་རྙིང་ཞིང༌། །ཐོས་དང་གྲགས་པའི་དྲི་བསུང་ཅན། །
ཡིད་འོང་ཆུ་སྐྱེས་གསར་བ་དེས། །ཨ་མའི་བློ་སེམས་བདེ་ལ་ཕེབས། །
ཨ་རིག་བཤད་གྲྭ་ཆེན་མོ་རུ། །དགེ་ལེགས་ཆོས་ཀྱི་རྒྱལ་ཐབས་སུ། །
ཐེག་མཆོག་སྨིན་གྲོལ་བདུད་རྩིའི་ཆབ། །བུ་ངའི་སེམས་ཀྱི་ཡོལ་གོར་སྨིན། །
དེ་ཚེ་ཨ་རིག་ཡུལ་ཚོ་རུ། །སྙིང་གི་བུ་ལ་བལྟ་བ་དང༌། །
ཕྲན་ཚེགས་བཟའ་ཆས་ཉོ་བའི་ཕྱིར། །ཨ་མ་རྟག་ཏུ་ཕེབས་ཤིང་ཡོད། །
ན་སོ་ཉེར་གཉིས་བརྒལ་གྱུར་པའི། །རྟ་རྒན་བྲ་ལི་དྲིན་པོ་ཆེར། །
སུ་རུ་རྩམ་པ་འོ་ཞོ་སོགས། །གང་ཡོད་བཀལ་ནས་ཡོང་བ་ཡིན། །
བཤད་གྲྭའི་ར་བསྐོར་ཕྱི་ལོགས་སུ། །མཉམ་དུ་བཟའ་བཏུང་གླེང་མོལ་སོགས། །
མདོར་ན་ཨ་མ་ཡོང་ཐེངས་རེ། །མ་བུ་མཉམ་འཛོམས་རེ་རེ་ཡིན། །
མཆེད་པོ་འགྲོགས་ན་བདེ་བ་ལ། །སྔ་གཡར་བྱེད་པ་ཚུན་ཆད་ཀྱིས། །
མཁོ་ཆས་ཉོ་བའི་སྒོར་མོ་སོགས། །གང་ཡོད་ཨ་མར་ཕུལ་བ་ཡིན། །
འོན་ཀྱང་ལས་མཐའ་གང་ལ་ཡང༌། །ངེས་ཤིང་བརྟན་པ་མ་མཆིས་པས། །
ཆུ་ལུག་ལོ་ཡི་ལོ་མགོ་ལ། །བུ་ང་ལན་གཅིག་ཁྲིན་ཏུར་ཕྱིན། །
ཁ་བ་ཅན་གྱི་འབྱུང་འགྱུར་ཆེད། །《མ་འོངས་བོད་》ཅེས་བྱ་བ་ཡི། །
དུས་སུ་བབ་པའི་གཏམ་འགའ་ཞིག །དྲང་པོའི་བློ་ཡིས་བཤད་པར་ཐལ། །
གཟུར་གནས་གཏམ་གྱི་ཚིག་ཕྲེང་འགའ། །སྨྱུ་གུའི་འཕྲུལ་ལ་རྒྱུས་ཙམ་གྱིས། །
སྒེར་གཅོད་མུན་ཞགས་ནག་པོ་ཡིས། །དབང་མེད་ཁོ་བོའི་ལུས་ལ་བཏབ། །
འཕྲལ་རྐྱེན་དུག་གི་ཁ་རླངས་སམ། །སྔོན་བསགས་ལས་ཀྱི་བསྐོས་ཐང་ལས། །
དཀར་ཆ་གསལ་བའི་བུ་ཆུང་དེ། །སྒྲ་གཅན་མགྲིན་པར་ཞུགས་སོ་ལོ། །
འཇིག་རྟེན་སྟོབས་ལྡན་སུ་ཡིས་ཀྱང༌། །བཅོས་ཤིང་བསྒྱུར་བར་མི་ནུས་པའི། །
འཇིགས་རུང་སྲིད་པའི་སྣང་ཚུལ་ནི། །ཀྱེ་མ་ཤིན་ཏུ་མ་ངེས་སོ། །
བདུན་ཅུའི་བསུན་པ་སླེབས་པ་ཡི། །ལང་ཚོའི་མེ་ཏོག་རྙིང་ཞིང་ལྷུང་། །
གདུང་བ་དྲག་པོའི་དཀའ་ཐུབ་ཀྱིས། །དྲན་པའི་གསལ་སྣང་ཕལ་ཆེར་འགྲིབ། །
ལས་མཐའ་ཅིར་འགྱུར་ངེས་དཀའ་ཞིང༌། །འདུ་འབྲལ་གློག་གི་ཟློས་གར་བཞིན། །
བློ་ལས་འགོང་ཡང་བློར་སྣང་བའི། །མ་ཡི་སེམས་སྡུག་གང་གིས་མཚོན། །
འོན་ཀྱང་ཁོ་བོ་བཙོན་ཁང་དེར། །ཚུགས་པར་དཀའ་བའི་ཁོར་ཡུག་གི། །
མནག་པར་དཀའ་བའི་མྱོང་ཚུལ་ལས། །ཐོབ་པར་དཀའ་བའི་ཉམས་མྱོང་སྐྱེས། །
དེ་ཚེ་རྡོ་རྗེའི་མཆེད་པོ་དང༌། །ཕ་དང་བུ་མོ་སྲིང་མོ་སོགས། །
བདག་ལ་ཉེ་བ་གཞན་གྱིས་ཀྱང་། །མྱ་ངན་དཀའ་ཐུབ་པ་བཞེས་པ་དང་། །
ལུས་དང་ལོངས་སུ་སྤྱོད་པ་ལ། །ལྟོས་པ་མེད་པའི་ལྷག་བསམ་གྱིས། །
ཐུགས་རྗེའི་དཔུང་གཉེན་གནང་བ་ཡི། །བཀའ་དྲིན་གཞལ་མཐའ་བྲལ་ན་ཡང་། །
འདིར་ནི་ཨ་མ་དྲིན་ཅན་མས། །བུ་ང་ཇི་ལྟར་དྲན་པ་ཡི། །
《འགྲན་ཟླ་མེད་པའི་མ་སེམས་》དེ། །དྲན་གདུང་དྲག་པོས་རང་བློར་ལེན། །
སྔོན་དུ་འགྲོ་བའི་རིམ་པ་སྟེ། སྐབས་དང་པོའོ། །
ཡོད་ཚད་རེ་ལྟོས་བཅོལ་སའི་བུ། །ས་ཐག་རིང་བའི་རྒྱ་ཡུལ་ནས། །
གློ་བུར་བཙོན་དུ་ཚུད་པ་ཡི། །གཏམ་ངན་ཨ་མའི་རྣ་བར་བསླེབས། །
གནམ་ས་ཆ་ལང་བརྡབས་པའམ། །ཐོག་དམར་མགོ་ལ་བབས་པ་བཞིན། །
བསམ་པའི་ཡུལ་ལས་འདས་པ་ཡི། །གཏམ་དེས་མ་སེམས་ཚར་བར་གཤགས། །
ལམ་རྒྱུས་ཆ་རྐྱེན་རིག་གནས་སོགས། །གང་ཡང་མེད་པའི་མ་རྒན་དེ། །
བསྡད་ན་སེམས་ཀྱིས་མི་ཚུགས་ཤིང༌། །འགྲོ་བར་འདོད་ཀྱང་ཐབས་མི་འགྲིག །
ད་ནི་ཅིར་འགྱུར་ཇི་ལྟར་བྱ། །ཞེས་སོགས་སེམས་ཀྱི་འགྱུ་བ་ཡིས། །
ཉིན་མོའི་ཟས་ཀྱི་ཡི་ག་དང་། །མཚན་མོ་གཉིད་ཀྱི་བརྟན་པ་འཕྲོག །
འོན་ཀྱང་ཟླ་བ་གཅིག་གི་མཚམས། །བཙོན་གྲོལ་ཐོབ་པའི་གཏམ་བཟང་གི །
གཏམ་སྙན་བདུད་རྩིའི་ཆ་རྒྱུན་གྱིས། །མ་ཡི་སྐོམ་པ་ཡུད་ཙམ་བསལ། །
ཁྲིན་ཏུ་བརྒལ་ན་མི་ཆོག་པའི། །བཀའ་རྒྱ་བཙན་པོས་བཅིངས་པ་དེས། །
སྙི་ལ་ཚུད་པའི་རི་དྭགས་བཞིན། །མ་བུའི་སེམས་པ་ལྷོད་ཐབས་བྲལ། །
སླར་ཡང་མི་སྙན་གཏམ་གྱི་མདས། །གནམ་ལྕགས་ངར་མས་བྲག་རི་བཞིན། །
ཨ་མའི་སེམས་ཀྱི་རེ་བ་དེ། །སྐད་ཅིག་དེ་ལ་ཉམས་པར་གྱུར། །
དེ་ཚེ་ཁོ་བོས་ནན་ཏན་གྱིས། །བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། །
བློ་རྩེ་ཉི་ཤུ་རྩ་ལྔ་བཀོད། །ཁོ་ཐག་རང་གི་སེམས་ལ་བཅད། །
ད་རེས་ཁོ་བོའི་ལས་ཀ་འདིས། །ཨ་མ་སྡུག་ལ་བཏད་ན་ཡང་། །
རྩ་བའི་བླ་མའི་བཀའ་ལུང་བཞིན། །ཉམས་ལེན་རྩེ་གཅིག་བྱེད་འདོད་སྐྱེས། །
དེ་དོན་ཞུ་འཕྲིན་བདུད་རྩི་ཡི། །ཐུགས་གསོའི་ཆ་ངག་སྐུར་ན་ཡང༌། །
དེས་ཀྱང་ཨ་མའི་ལུས་སེམས་ཀྱི། །སྐལ་ངན་མུན་པ་སངས་མི་སྲིད། །
བགྲང་བྱ་ལོ་འཁོར་གཅིག་གི་ཡུན། །བཅུ་གཉིས་གྲངས་ཀྱིས་ཟླ་བ་སྟེ། །
དེ་ཡང་དུས་བཞིར་ཕྱེ་བ་ལས། །དབྱར་གྱི་ཟླ་བ་ཟླ་བ་གསུམ། །
གཡང་དཀར་བཟས་ལ་བཀྲམ་པ་ལྟའི། །དཀར་མཛེས་སྤྲིན་དཀར་མཁའ་ལ་ལྡིང༌། །
ཉི་ཆར་སྤྲིན་གྱི་དྲྭ་བ་ནས། །དབང་གཞུའི་འཇའ་ཚོན་གུར་དུ་ཕུབ། །
སྦྲང་ཆར་བདུད་རྩིའི་མཆོད་ཡོན་གྱིས། །སྐྱེ་དགུའི་ཡིད་ཀྱི་རེ་བ་སྐོང༌། །
དཀར་དམར་བཞད་པའི་མེ་ཏོག་གིས། །རི་ལུང་ཡུལ་གྲུ་རྒྱན་དུ་བྱེད། །
རི་དང་རི་ཡི་སུལ་རྣམས་སུ། །བག་ཕེབས་རི་སྐྱེས་རྩེད་འཇོ་རོལ། །
གཡུ་ལྟར་སྔོ་བའི་རྩྭ་ཐང་དུ། །སྣ་ཚོགས་གཡུང་དྭགས་ཁྱུ་རུ་བརྩེན། །
ལྗོན་ཤིང་ནགས་ཀྱི་དྲྭ་བ་ན། །ཁུ་བྱུག་སྙན་པའི་མགྲིན་དབྱངས་འབྱིན། །
རྫ་ལུང་རི་ལུང་ཕྱུག་མོ་ན། །ལུག་རྫིའི་སེམས་པ་སྐྱིད་ལ་འཁོར། །
ཆུ་འཛིན་སྤྲིན་གྱི་བང་རིམ་ལས། །སྙན་འཇེབས་དབྱར་གྱི་རྔ་སྒྲ་ལྡིར། །
དམར་འོད་གློག་གི་གཞུ་རྒྱུད་ནས། །ངོ་མཚར་འཕྲུལ་གྱི་ཐོག་མདའ་འཕེན། །
རྐང་འཐུང་མེ་ཏོག་སྐྱེད་ཚལ་དུ། །བུང་བ་གཞོན་ནུས་དལ་དིལ་སྒྲོགས། །
རྩི་ཐོག་རླུང་གིས་སྒུལ་བ་ལས། །དྲི་བཟང་ངད་ཀྱིས་རི་ལུང་ཁྱབ། །
མགྱོགས་ཆེན་རྟ་ཡི་རྨིག་འོག་ནས། །མེ་ཏོག་འཕེན་པའི་རྩེད་འཇོ་ཤར། །
ཡུལ་ཁམས་ནད་མེད་ཚེ་འཕེལ་ཞིང༌། །ཕུན་ཚོགས་བདེ་དགའི་དུས་སྟོན་དར། །
ཤ་མར་ཞོ་འོ་ཕྱུ་ར་དང་། །དབྱར་རྩྭ་གྲོ་མ་ཤྭ་མོང་སོགས། །
མ་ཚང་མེད་པའི་ཆ་རྐྱེན་གྱིས། འབྲོག་པའི་གདོང་ལ་འཛུམས་མདངས་རྒྱས། །
ཆེད་དུ་བཀག་པར་མི་ལྟོས་པར། །རྩི་བཅུད་སྨན་གྱི་ནུས་པ་ཡིས། །
འདུ་དང་འགོ་བའི་ནད་ཡམས་རིགས། །རང་བཞིན་ངང་གིས་ཉུང་བར་གྱུར། །
རབ་ཡངས་སྤང་ལྗོངས་རྩྭ་ཐང་དུ། །བཀོད་ལེགས་སྦྲ་དང་གུར་ཕུབ་ནས། །
དཀར་མངར་ཟས་ཀྱི་སྟོན་ཁ་དང༌། །སྒྱུ་རྩལ་གླུ་གར་རོལ་དབྱངས་འཁྲོལ། །
བརྗིད་ཆགས་རི་དང་མཚོ་འགྲམ་དུ། །ལྷ་གསོལ་བཀྲ་ཤིས་དུས་སྟོན་དང༌། །
བདུད་རྩི་བསང་དང་རླུང་རྟའི་དར། །ཅང་ཤེས་རྟ་ཡི་འགྲན་སྡུར་བྱེད། །
འོན་ཀྱང་འཛམ་གླིང་ཡང་རྩེ་ཡི། །མཐོ་སྒང་ཁ་བའི་རི་སུལ་འདིར། །
གྲང་ངར་དགུན་གྱི་་ཆོམ་རྐུན་གྱིས། །ངེས་མེད་འཇབ་རྒོལ་བྱེད་པ་ཡིན། །
ཡིད་འོང་དབྱར་གྱི་དུས་ཚོད་དེ། །མི་བརྟན་ཤིན་ཏུ་མི་བརྟན་པར། །
ཡུད་ཙམ་གློག་གི་ཟློས་གར་བཞིན། །དུས་བཞིའི་ནང་ནས་ཐུང་བ་ཡིན། །
རི་མགོ་རྫ་མགོ་ཁ་བས་གཡོགས། །རི་སུལ་རྩྭ་ལྡུམ་རླུང་གིས་ཁྱེར། །
ཡིད་འོང་སྤང་ལྗོངས་སྐྱ་ཐང་ཐང༌། །སྐྱི་སེར་རེག་བྱ་གྲང་བུན་བུན། །
འདབ་ཆགས་རྣམས་ཀྱང་ལྐུགས་པ་བཞིན། །རི་སྐྱེས་ཕལ་ཆེར་ཁུང་དུ་ཡིབས། །
རྐང་འཐུང་མེ་ཏོག་རྙིང་ཞིང་ལྷུང༌། །རི་ལུང་ཡུལ་གྲུ་ཉམས་མི་དགའ། །
དབྱར་གྱི་གནམ་ཟླ་གཞོན་ནུ་དེ། །བྱང་རླུང་མདའ་མོས་རང་ལ་དྲངས། །
མི་སྡུག་དགུན་གྱི་རྒན་པོ་ཡིས། །མྱ་ངན་ཁ་བའི་མེ་ཏོག་གཏོར། །
ཁེར་སྐྱེས་འཇག་མའི་ཤུགས་གླུ་དང༌། །ས་བཤིག་ཨ་བྲའི་ཙིག་སྒྲ་གཉིས། །
རི་སྤྱང་དར་མའི་ངུ་འབོད་གསུམ། །མི་སྙན་རྣ་བའི་ཚེར་མར་སྨིན། །
དེ་ཚེ་རྒྱ་མཚོའི་དེད་དཔོན་བཞིན། །མཆོག་དམན་སྐྱེ་བོ་མཐའ་དག་གིས། །
དབྱར་གྱི་ངལ་རྩོལ་ཟིན་པ་དང་། །བག་ཕེབས་ཁྱིམ་དུ་སྡོད་པ་ཡིན། །
འོན་ཀྱང་ང་ཡི་ཨ་མ་ནི། །རྔ་མོང་རྔེའུ་སྟོར་བ་བཞིན། །
བཟོད་པར་དཀའ་བའི་སེམས་སྡུག་གིས། །ལུས་སེམས་གཉིས་ལ་མནར་གཅོད་ཐེབས། །
རྒྱ་ཁྲ་དར་མས་བྱེའུ་དང༌། །རི་སྤྱང་སྔོན་མོས་ལུ་གུ་བཞིན། །
མ་རྒན་ལག་གི་ལག་རྟེན་ཏེ། །བཙོན་དུ་ཚུད་པ་བདེན་སྲིད་དམ། །
ད་སྔོན་ང་ཡི་བུ་ཕྲུག་དེ། །ལུས་ལ་ཆོས་གོས་ངུར་སྨྲིག་བགོས། །
ཁ་ལ་དཀར་ཟས་གཙང་མ་ཟ། །གྲོགས་སུ་འཕགས་པའི་དགེ་འདུན་འགྲོགས། །
ད་ལྟ་མི་ཡུལ་ས་མཐའ་རུ། །ལུས་ལ་མཐའ་མིའི་ཆས་གོས་གྱོན། །
ཟས་ལ་མི་གཙང་ལྷད་ཟས་ཟ། གྲོགས་སུ་མ་རབས་སྡིག་སྤྱོད་འགྲོགས། །
སྔོན་མ་ང་ཡི་བུ་ཕྲུག་དེ། །གནས་སུ་ལྔ་རིག་སློབ་གླིང་དུ། །
རྗེ་ལ་དགེ་བའི་བཤེས་གཉེན་མདུན། །ལས་སུ་སྡེ་སྣོད་ཉན་བཤད་བྱེད། །
ད་ཆ་རྒྱ་གྲོང་ནག་པོ་ན། །གནས་སུ་བཙོན་གྱི་ཁང་བུ་རུ། །
དཔོན་ལ་རྒྱ་དཔོན་ངོ་ནག་འོག །ལས་སུ་བྲན་དང་མནར་གཅོད་མྱོང༌། །
འཛམ་གླིང་གཅིག་གྱུར་བྱེད་པ་ཡི། །དུས་ཀྱི་ཤེས་རིག་ཀློང་བརྡོལ་ཡང༌། །
ལྟ་དང་ཐུག་པ་མ་ཟད་ཀྱི། །ཁ་པར་ཙམ་ཡང་འཕྲོད་ཐབས་མེད། །
ས་གནས་འཚམས་འདྲི་ཙམ་ཞིག་གི །འཕྲིན་ཡིག་གཅིག་གི་གཏོང་ལེན་ཡང༌། །
རྒྱ་སྐད་རྒྱ་ཡིག་མ་ཡིན་ན། །མ་བུ་ཡིན་ཡང་འཕྲོད་ཐབས་མེད། །
འདི་བྱ་དེ་བྱེད་ཡུལ་མི་ཤེས། །བཟང་དང་ངན་པའི་སྐད་མི་གོ །
ཀྱེ་མ་ཀྱི་ཧུད་སྙིང་རེ་རྗེ། །ད་ནི་ཇི་ལྟར་བྱས་ན་འཐད། །
ཀྱེ་ཀྱེ་བླ་མ་དཀོན་མཆོག་མཁྱེན། །ཀྱེ་ཀྱེ་རྗེ་བཙུན་སྒྲོལ་མ་མཁྱེན། །
མ་ངའི་སྙིང་གི་བུ་གཅིག་ཏེ། །ཐུགས་རྗེ་སྤྱན་གྱིས་མི་གཟིགས་སམ། །
འཇམ་ལ་གཞོན་པའི་རྐང་ལག་དེ། །དམ་པོ་ལྕགས་ཀྱིས་བསྡམས་ཡོད་དམ། །
ཉིན་མོ་འཚོ་བའི་བཟའ་བཏུང་དེ། །ཤ་དང་ཁྲག་ལ་སྤྱོད་དགོས་སམ། །
མཚན་མོ་ཉལ་སའི་གནས་མལ་དེ། །ཤིང་དང་རྡོ་ལ་བྱེད་དགོས་སམ། །
དུས་རྒྱུན་བྱ་བའི་འཁོར་ཡུག་དེ། །དཀའ་མོའི་ཚེགས་ལ་སྤྱོད་དགོས་སམ། །
ཡང་ན་ཁ་ལ་ཟས་མེད་པར། །ལྟོ་བ་ལྟོགས་བཞིན་ཉལ་དགོས་སམ། །
གཞོན་ཤ་ཆགས་པའི་ལུས་པོ་དེར། །མནར་གཅོད་རྡུང་རྡེག་ཕོག་ཡོད་དམ། །
རླུང་དང་འདུ་བའི་ནད་རིགས་ཀྱིས། །ལུས་དང་དབང་པོ་མ་བཅོམ་མམ། །
འཇམ་པོའི་གོས་དང་ཞིམ་པོའི་ཟས། །སྟེར་མཁན་ངོ་ཤེས་སུ་ཡོད་དམ། །
ནད་དང་རྐྱེན་ངན་འཕྲད་པའི་ཚེ། །སྨན་དང་ཞབས་ཏོག་སུ་ཡིས་བྱེད། །
སྨན་མེད་བདག་པོ་མ་མཆིས་པར། །རི་དྭགས་བཞིན་དུ་གནས་དགོས་སམ། །
སེམས་ལ་འགྱུ་བ་བགྲངས་བགྲངས་པས། །ད་ནི་ཡུལ་སྣང་རེ་རེ་བཞིན། །
དུས་བཞིའི་རྣམ་འགྱུར་ཡོད་དོ་ཅོག །བུ་ཆུང་དྲན་པའི་རྐྱེན་དུ་གྱུར། །
ལྗོན་ཤིང་རླུང་གིས་བསྒུལ་བ་ལས། །ཕང་ཕུང་ཡལ་འདབ་གཡོ་བ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །ལས་ཀྱི་རྣམ་འགྱུར་ཡིད་ལ་འཁོར། །
འབྱུང་བ་ཚ་གྲང་འཐབ་པ་ལས། །སྤྲིན་གྱི་སྒྲ་དབྱངས་གྲགས་པ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །ངག་གི་རིག་བྱེད་ཡིད་ལ་འཁོར། །
ཉི་མའི་འོད་ཟེར་ཤར་བ་ལས། །ཆུ་སྐྱེས་གེ་སར་འཛུམ་པ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །བློ་ཡི་འཆར་སྒོ་ཡིད་ལ་འཁོར། །
ཉི་ཟླ་ཤར་ནས་ཤར་བ་ལས། །གསལ་ལྡན་འོད་སྣང་སྤྲོས་པ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །འཇམ་པའི་གཤིས་རྒྱུད་ཡིད་ལ་འཁོར། །
ཉིན་བྱེད་དུས་ཀྱི་དང་པོ་ལ། །ཐོ་རེངས་སྐར་ཆེན་ཤར་བ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །འཛུམ་པའི་མིག་ཟུང་ཡིད་ལ་འཁོར། །
དབང་ཕྱོགས་མཁའ་ཡི་བང་རིམ་ལས། །ཐུན་སུམ་དམར་འོད་ཆགས་པ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །ངུར་སྨྲིག་བླ་གོས་ཡིད་ལ་འཁོར། །
རི་སྐྱེས་ཤྭ་བ་ཡུ་མོ་ལ། །མ་རྗེས་བུ་ཡིས་འབྲངས་པའི་ཚེ། །
མ་ངའི་སྙིང་གི་བུ་གཅིག་དེའི། །མ་བུའི་མཉམ་འཛོམས་ཡིད་ལ་འཁོར། །
སྤང་ཐང་མེ་ཏོག་སྐྱེད་ཚལ་དུ། །རྐང་དྲུག་རྩི་བཅུད་ལེན་པ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །བླ་མ་བསྟེན་ཚུལ་ཡིད་ལ་འཁོར། །
ན་ཐང་གཡུ་ཡི་རྫིང་བུ་རུ། །ངང་མོའི་ཁྱུ་ཚོགས་བརྡལ་བ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །མཆེད་དང་འགྲོགས་ཚུལ་ཡིད་ལ་འཁོར། །
ཡིད་འོང་དབེན་པའི་རི་ངོགས་ཀྱི། །བཀོད་ལེགས་ལྷ་ཁང་མཇལ་བ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །དགོན་སྡེ་བསྙེགས་ཚུལ་ཡིད་ལ་འཁོར། །
གཉེན་བཤེས་ཡུལ་མི་ཉེ་རིང་གིས། ། སེམས་གསོའི་གསུང་བཤད་གནང་བ་ན། །
མ་ངའི་སྙིང་གི་བུ་གཅིག་དེའི། །ཁ་འདྲི་ངག་འཇམ་ཡིད་ལ་འཁོར། །
བུ་དང་ཡུན་དུ་འགྲོགས་པ་ཡི། །ཕྱི་ཐག་ཅན་གྱི་མཆེད་གྲོགས་རྣམས། །
ང་ཡི་ཕྱོགས་སུ་ཕེབས་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དཀོན་མཆོག་ལྷ་ཁང་མཇལ་བའི་ཕྱིར། །དབེན་པའི་དགོན་སྡེར་ཕྱིན་པ་ལས། །
དམར་སེར་འདུས་སྡེ་མཐོང་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དམ་ཆོས་འཆད་ཉན་བྱེད་པའི་ཕྱིར། །གཙུག་ལག་གསེར་གྱི་བ་གམ་ནས། །
གཡས་འཁྱིལ་དུང་སྒྲ་ཐོས་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དུལ་བ་དུལ་བའི་སྤྱོད་ལམ་ཙམ། །ཁྱད་འཕགས་འཕགས་པའི་དགེ་འདུན་པས། །
དམ་པའི་སྤྱོད་ལམ་གནང་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དབྱར་གསུམ་སྦྲང་ཆར་འབབ་པའི་དུས། །ནོར་འཛིན་ལང་ཚོ་དར་བ་དང༌། །
ཁུ་བྱུག་གསུང་སྙན་སྒྲོག་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
སྒྲ་གཅན་གདོང་དང་མཇུག་མ་ཡིས། །ཉི་ཟླའི་ཞལ་རས་འགེབས་པ་དང༌། །
སྐྱེ་རྒུའི་མྱ་ངན་བྱེད་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
ཡར་ངོ་ཟླ་བ་འཕེལ་བ་ལས། །གང་བའི་དཀྱིལ་འཁོར་རྫོགས་པ་དང༌། །
རི་ལུང་འོད་སྣང་བཀྱེ་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དམར་ཕྱོགས་དུས་ཀྱི་མཇུག་མ་ལ། །ཉ་རྒྱས་རང་ཞལ་འགྲིབ་པ་དང༌། །
སྲིན་བྱས་ཧ་ཧ་སྒྲོགས་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
སྐྱེ་མཆེད་གསལ་བའི་གཞོན་ལུས་ཅན། །དར་བབ་གཞོན་ནུ་ཕོ་མོ་རྣམས། །
དགའ་སྐྱོའི་ཟློས་གར་འཁྲབ་པ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
འབྱུང་བཞི་རྒུད་པའི་སྒྱུ་ལུས་ཅན། །མི་ཚེ་ཡོལ་བའི་རྒན་འཁོགས་རྣམས། །
སོས་དལ་ཉི་མ་ལྡེ་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
དད་གཏོང་ལྡན་པའི་སྦྱིན་བདག་གི །གཤིན་གསོན་ཡོན་བསྔོའི་མཆོད་གནས་སུ། །
འདུས་སྡེས་ཚོགས་ཆོས་གནང་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
ཁྱིམ་མཚེས་ཡུལ་མི་རུ་སྐོར་གྱི། །གྲྭ་སའི་གྲྭ་བཙུན་བུ་རྒྱུད་རྣམས། །
ཕན་ཚུན་ཕེབས་བཞུད་གནང་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
ཤུལ་ལུས་བྱིས་པ་མིང་སྲིང་གཉིས། །ཕར་འགྲོ་ལམ་དུ་ཆས་པ་དང༌། །
ཚུར་འོང་མིག་ལ་སྣང་བ་ན། །དེས་ཀྱང་བུ་ཆུང་ལྷག་པར་དྲན། །
ཉིན་མོ་འཚོ་བའི་བཟའ་བཏུང་དེ། །ཟ་འདོད་གཡོས་སུ་བསྐོལ་ན་ཡང༌། །
བུ་ཆུང་སེམས་ལ་དྲན་མ་ཐག །ཟོས་ཀྱང་མིད་པར་མི་འགྲོ་གི། །
མཚན་མོ་ཉལ་སའི་སྙེས་འབོལ་ལ། །གཉིད་འདོད་མགོ་བོ་བཞག་ན་ཡང༌། །
བུ་ཆུང་སེམས་ལ་དྲན་མ་ཐག །ཐུན་གསུམ་གཉིད་ཀྱི་གོ་སྐབས་བྲལ། །
ནངས་ནུབ་ཁོམ་ལོང་ཡོད་པའི་དུས། །འཆི་ཆོས་མ་ཎི་བཏོན་ན་ཡང༌། །
བུ་ཆུང་སེམས་ལ་དྲན་མ་ཐག །འཕྲེང་བ་བགྲང་རྒྱུ་བརྗེད་ནས་འདུག །
གང་ལ་ལྟས་ཀྱང་བུ་ཆུང་དྲན། །ཅི་ལ་བསམས་ཀྱང་བུ་ཆུང་དྲན། །
གཉེན་པོ་བསྟེན་ཡང་བུ་ཆུང་དྲན། །ཡེངས་ལ་བོར་ཡང་བུ་ཆུང་དྲན། །
རང་ལོ་བཅུ་བདུན་ཟིན་ཙམ་ནས། །དམར་ཟས་གཏན་དུ་སྤངས་ཟིན་པས། །
སྤྱིར་ཡང་ལུས་ཟུངས་མི་བཟང་ན། །ད་ལྟའི་གནས་སྟངས་ཅི་འདྲ་ཨང་། །
མིང་ཐོས་ཙམ་གྱིས་སྐྱི་གཡའ་བའི། །འཇིགས་རུང་བཙོན་ཁང་ནག་པོ་དེ། །
དམྱལ་བའི་ལྕགས་མཁར་སྒོ་མེད་བཞིན། །མུན་ནག་འབའ་ཞིག་ཡིན་སྲིད་དམ། །
དྲེད་དང་དོམ་གྱི་ཁུང་བུ་བཞིན། །གཏིང་རིང་ས་དོང་ཡིན་སྲིད་དམ། །
ཁྱི་དང་ཕག་པའི་ཚང་མལ་བཞིན། །མི་གཙང་དྲི་མས་ཁྱབ་ཡོད་དམ། །
འཆི་ནད་ན་བའི་མཛེས་ཕོ་བཞིན། །གྲོགས་མེད་གཅིག་པུ་བཀར་ཡོད་དམ། །
རི་ཁྲོད་བསྟེན་པའི་སྒོམ་ཆེན་བཞིན། །ར་བ་མཚམས་ཀྱིས་བཅད་ཡོད་དམ། །
ཐོབ་ཐང་ཅན་གྱི་དཔོན་པོ་བཞིན། །དམག་མིས་བྱ་ར་བྱས་ཡོད་དམ། །
ཁྲོམ་ནས་བརྐུས་པའི་རྒྱུ་རྫས་བཞིན། །མི་མཐོང་ཕག་ཏུ་སྦས་ཡོད་དམ། །
ཆུང་ནས་ཕྱུགས་རྗེས་དེད་དེད་པས། །རྒྱ་སྐད་རྒྱ་ཡིག་མི་ཤེས་ན། །
བཤད་འདོད་སེམས་ཀྱི་མྱོང་ཚོར་དག། །འཆད་པར་འདོད་ན་ཅི་ལྟར་བྱ། །
ས་ཐག་རིང་བའི་རྒྱ་ཡུལ་དེར། །བོད་ཡིག་ཤེས་མཁན་མི་སྲིད་ན། །
བདེ་སྡུག་གཅིག་པའི་གྲོགས་པོ་ཚོར། །ཕན་ཚུན་སྐད་བརྡ་ཅི་ལྟར་འཇགས། །
འདོད་ལྔ་ཡུལ་གྱི་བདུད་རྩི་ནི། །སྤྱི་མཐུན་ལས་ཀྱི་བསོད་ནམས་ཏེ། །
མཛེས་སྡུག་ཕྱི་ཡི་སྣང་ཡུལ་ལ། །བལྟ་བར་འདོད་ན་ཅི་ལྟར་བྱ། །
དབེན་ཞིང་ཉམས་དགའི་རི་ལྗོངས་ནི། །རིག་པ་དྭངས་སྙིགས་འབྱེད་པ་སྟེ། །
མྱ་ངན་སྐྱོ་བ་བསང་བའི་ཕྱིར། །འཆག་པར་འདོད་ན་ཅི་ལྟར་བྱ། །
དཀར་དམར་བཀྲ་བའི་སློབ་གླིང་ནི། །ལེགས་བཤད་བདུད་རྩིའི་འབྱུང་གནས་ཏེ། །
ཐོས་པའི་ལུས་ཟུང་རྒྱས་པའི་ཕྱིར། །འགྲིམ་པར་འདོད་ན་ཅི་ལྟར་བྱ། །
མཚན་ལྡན་དགེ་བའི་བཤེས་གཉེན་ནི། །མ་ནོར་ལམ་གྱི་ས་མཁན་ཏེ། །
ཐར་པའི་ལམ་མཆོག་རྙེད་པའི་ཕྱིར། །མཇལ་བར་འདོད་ན་ཅི་ལྟར་བྱ། །
ཆོས་མཐུན་རྡོ་རྗེའི་མཆེད་པོ་ནི། །བྱང་ཆུབ་སྒྲུབ་པའི་གྲོགས་པོ་སྟེ། །
ཐོས་བསམ་སྒྲོ་འདོགས་གཅོད་པའི་ཕྱིར། །འགྲོག་པར་འདོད་ན་ཅི་ལྟར་བྱ། །
བཅུ་ཕྲག་རིག་པའི་ནོར་བུ་ནི། །ཁ་བ་ཅན་གྱི་སྒྲོན་མེ་སྟེ། །
དུས་ཀྱི་མུན་པ་སེལ་བའི་ཕྱིར། །ཞབས་ཏོག་འདོད་ན་ཅི་ལྟར་བྱ། །
ཉམ་ཐག་ཁོ་མོ་མ་བུ་ཡང༌། །ལས་ཀྱིས་འབྲེལ་བའི་གཉེན་བཤེས་ཏེ། །
ནང་མིའི་བདེ་འཚམས་གང་འདྲ་ཞེས། །གོ་བར་འདོད་ན་ཅི་ལྟར་བྱ། །
ཕ་ཡུལ་གངས་ཀྱི་རི་སུལ་འདི། །དགའ་སྐྱོ་བཟླས་པའི་གར་སྟེགས་ཏེ། །
རྟོག་པའི་བག་ཆགས་འཐས་པའི་ཕྱིར། །ཡིད་ལ་འཁྲེང་ན་ཅི་ལྟར་བྱ། །
ཟས་གོས་ལུས་ཀྱི་ཉེར་སྤྱད་ནི། །མེད་ཐབས་མེད་པའི་འཚོ་བ་སྟེ། །
ཕྱི་ནང་འགྲིམ་འགྲུལ་མ་མཆིས་པས། །དཀའ་ངལ་འཕྲད་ན་ཅི་ལྟར་བྱ། །
བཙན་པོ་ཁྲིམས་ཀྱི་གཉའ་ཤིང་ནི། །བཟློག་མེད་རི་ཆུ་རྦབ་རྒོད་དེ། །
བརྗིད་པོ་བཀའ་ཡི་རལ་གྲི་ཡི། །སོ་ཁ་ལྷུང་ན་ཅི་ལྟར་བྱ། །
ཡར་བཞུགས་ལྷ་དང་བླ་མ་ལ། །མོ་དང་ལུང་བསྟན་ཞུས་པའི་ཚེ། །
མི་སྐྱོན་མི་སྐྱོན་གསུངས་ན་ཡང༌། །སྙིང་རྗེའི་སེམས་གསོ་ཙམ་དུ་སྣང༌། །
དྲེལ་དཀར་ཡུལ་དགོན་གཉིས་ཀ་དང༌། །ཨ་རིག་ཆོས་གྲྭ་ཆེན་མོ་ཡིས། །
གྲོགས་དན་སྐྱབས་འཇུག་མཛད་ན་ཡང༌། །ཕན་མེད་རྡོ་ཐོག་ཆུ་བཤལ་འདྲ། །
སྔོན་བསགས་དུས་ཀྱི་མེ་ལྕེའི་ཤུགས། །རྐྱེན་ངན་རླུང་གིས་སྦར་དྲགས་པས། །
དངོས་སུ་ཕན་ཐོགས་དཀའ་བ་དེ། །བྱ་ཐབས་མེད་པའི་ལས་སུ་སྣང༌། །
མཐོན་པོ་གནམ་དང་དོག་མོ་ས། །མགོ་ནག་མི་ཡི་ཡུལ་ཁམས་ན། །
མ་ངའི་ལས་ངན་འདི་ལྟ་བུའི། །སྡུག་བསྔལ་མྱོང་མཁན་མེད་པར་ཤོག །
གསལ་ལྡན་ཉི་མའི་འོད་ཟེར་ལ། །ཉེ་དང་རིང་བ་མ་མཆིས་ན། །
ང་ཡི་སྙིང་གི་བུ་ཆུང་དེ། །འཁྱག་ན་དྲོད་བཅུད་སྟེར་བར་མཛོད། །
མཚོ་བྱུང་ཟླ་བ་དཀར་པོ་ལ། །ཆུ་ཤེལ་འོད་སྣང་ལྡན་གྱུར་ན། །
ང་ཡི་སྙིང་གི་བུ་ཆུང་དེ། །ཚ་ན་བསིལ་ཟེར་སྤྲོ་བར་མཛོད། །
རྫ་ཆུ་རྒྱ་མཚོའི་མྱིད་ཐག་ཁྱེད། །ཤར་གྱི་ཕྱོགས་སུ་གཞུར་བ་ན། །
ང་ཡི་སྙིང་གི་བུ་ཆུང་ལ། །འཚམས་འདྲི་ཚིག་གསུམ་གནང་རོགས་གྱིས། །
བྱ་རྒོད་དུང་གི་ཐུལ་ཕྲན་ཅན། །ཕྱོགས་མེད་མཁའ་ལ་འཕུར་བའི་ཚེ། །
འཕྲིན་ཡིག་ཚིག་ཁ་གསུམ་པོ་འདི། །བུ་ཡི་ལག་ཏུ་སྤྲོད་རོགས་གནང་། །
སུམ་བརྒྱ་དྲུག་ཅུའི་ཞག་གྲངས་ཐེམ། །ཟླ་ཉི་སྐར་མའི་རང་འགྲོས་རྫོགས། །
རྒྱུ་སྐར་ཁྱིམ་གྱི་ལོངས་སྤྱོད་ཟིན། །ནམ་ཟླ་དུས་བཞིའི་རེས་མོས་འཁོར། །
འཚུབ་ནག་རླུང་གི་ཀ་བ་ནི། །ཀླུ་བཙན་ཟན་ལ་ཆས་པ་འདྲ། །
སྐྱ་ལ་ཐིང་བའི་རི་ལྗོངས་ནི། །གཤིན་ཐང་མི་ཡུལ་འཕོས་པ་འདྲ། །
ནམ་ཟླས་གཅུན་པའི་རྐང་བཞིའི་ཁྱུ། །ལུས་ཟུངས་ཟད་པའི་ནད་པ་འདྲ། །
ན་ཤི་མང་བའི་ཡུལ་སྡེ་ནི། །གཤིན་རྗེའི་ཁྲམ་ཁ་ཕྱེས་པ་འདྲ། །
དཔྱིད་ཀྱི་ནམ་ཟླ་རིང་མོ་ཡི། །འབྱུང་བ་རྒུད་པའི་སྣང་ཚུལ་འདི། །
ང་ལ་སྡུག་རོགས་བྱེད་པ་བཞིན། །ཡིད་མི་ཕེབས་ཤིང་ཉམས་མི་དགའ། །
ད་དུང་ཁོ་མོ་རང་གི་བུར། །ཐུག་འཕྲད་ཆོག་པའི་བརྡ་ལན་དང་། །
ཁྲིམས་ཐག་བཅད་པའི་མཇུག་འབྲས་སོགས། །གང་ཡང་མེད་པར་སྔར་བཞིན་གནས། །
འོན་ཀྱང་སྲིད་པའི་སྐོས་ཐང་འདི། །མི་བརྟན་དཔྱིད་ཀའི་གནམ་ངོ་བཞིན། །
བདེ་སྡུག་ངེས་པ་མ་མཆིས་པས། །སྐྱོ་སྐྱོ་མི་དགོས་སེམས་ཁ་ཀློད། །
མ་རྒན་མ་ཤི་ཚེ་རིང་ཞིང༌། །བུ་ཡང་བླ་མས་བསྐྱབས་གྱུར་ན། །
མི་རིང་མཉམ་དུ་འཛོམས་སྲིད་པས། །སྐྱོ་སྐྱོ་མི་དགོས་མ་བུ་གཉིས། །
བུ་ཁྱོད་དམ་པས་རྗེས་བཟུང་ཞིང༌། །རྣམ་དཔྱོད་ཐོས་བསམ་ཡུལ་ལ་ཤར། །
ད་ལྟ་རྐྱེན་དང་འཕྲད་པའི་དུས། །ངེས་ཤེས་དྲན་པའི་གསལ་འདེབས་འཚལ། །
ཉམས་མྱོང་མི་ཚེའི་རིན་ཐང་འདི། །རྙེད་པར་དཀའ་བའི་ནོར་བུ་སྟེ། །
བརྗེད་དཀའ་ཡུལ་གྱི་མྱོང་ཚོར་ཀུན། །བདེན་དོན་ངེས་པའི་རྩིས་སུ་ཕོབ། །
ལན་གཅིག་ཐོབ་པའི་མི་ལུས་འདིར། །འདུན་མ་དམ་པའི་ཆོས་ལ་དྲིལ། །
ཕ་ཁྱིམ་གངས་ཀྱི་རི་སུལ་ལ། །བཅོས་མ་མིན་པའི་ལྷག་བསམ་ཆོངས། །
དྲིན་ཆེན་ཨ་མ་རྒན་མོ་ངའི། །གསོན་པའི་དུས་ཀྱི་སྙིང་གཏམ་དང༌། །
ཤི་བའི་རྗེས་ཀྱི་ཁ་ཆེམས་འདི། །གཏམ་དོན་མ་བརྗེད་སེམས་ལ་ཞོག །
སླུ་མེད་དཀོན་མཆོག་རྣམ་གསུམ་དང༌། །རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་ཡིས། །
རང་རེ་མ་བུ་གཉིས་པོ་ཡང༌། །མི་རིང་མཉམ་དུ་འཛོམས་པར་སྨོན། །
དངོས་གཞིའི་རིམ་པ་སྟེ། སྐབས་གཉིས་པའོ། །
ལོ་གཅིག་ཟིན་ལ་ཉེ་བ་རུ། །ལེགས་ཉེས་སྐད་ཆ་མི་གོ་ཞིང༌། །
བཟང་ངན་འཁྲུན་ཐག་མ་ཆོད་པར། །བཙོན་དུ་ཉལ་བའི་བནྡེ་ངས། །
རྒྱ་ནག་ཁྲིན་ཏུའི་བཙོན་ཁང་དུ། །མ་སེམས་བུ་ཡིས་ཚོར་བཞིན་དུ། །
མ་ཡི་གདུང་བ་རྗེས་དྲན་ཕྱིར། །《 འགྲན་ཟླ་མེད་པའི་མ་སེམས་》 བྲིས། །
དང་པོ་ལུས་ཀྱི་མདངས་བྱིན་ཅིང༌། །བར་དུ་ཁ་ཡི་ཟས་བྱིན་ཏེ། །
ཐ་མ་བསགས་པའི་ནོར་བྱིན་པས། །མ་ཡི་བཀའ་དྲིན་བསམ་མི་ཁྱབ། །
ཟས་མེད་ལྟོག་གི་དོགས་པ་དང༌། །གོས་མེད་འཁྱག་གི་དོགས་པ་དང༌། །
རྐྱེན་ངན་འཕྲད་ཀྱི་དོགས་པ་ཡིས། །མ་ཡི་སེམས་ཁུར་བསམ་མི་ཁྱབ། །
སྦྲུལ་དང་གཅན་གཟན་ཕག་པ་སོགས། །རྨོངས་དང་འཁྲུག་པའི་གཞན་དབང་ཅན། །
མི་བསྲུན་གདུག་པའི་དུད་འགྲོ་ཡང༌། །བུ་ལ་བྱམས་པ་བསམ་མི་ཁྱབ། །
མ་ལས་ལྷག་པའི་གཉེན་མེད་ཅིང༌། །མ་ལས་ལྷག་པའི་མཆོད་གནས་མེད། །
མ་ལ་བཀུར་བའི་ཕན་ཡོན་ཡང༌། །གཞལ་དུ་མེད་པར་རྒྱལ་བས་གསུངས། །
ཡུན་ཐུང་དགོང་ཀའི་ཉི་ཟེར་བཞིན། །ཡལ་ལ་ཉེ་བའི་མ་རྒན་གྱི། །
ལུས་སེམས་སྡུག་ལ་མི་གཏོད་པར། །བྱམས་པས་སྐྱོང་བྲན་ནུས་པར་ཤོག །
དེ་བཞིན་འགྲོ་བ་ཐམས་ཅད་ཀུན། །མ་རུ་མ་གྱུར་འགའ་མེད་པས། །
ཚད་མེད་བྱམས་དང་སྙིང་རྗེ་ཡིས། །ཐེག་ཆེན་བློ་མཆོག་འབྱོངས་བར་ཤོག །
འགྲན་ཟླ་མེད་པའི་མ་སེམས་འདི། །གང་གི་རྣ་བར་ཐོས་པས་ཀྱང༌། །
མ་ཡི་བཀའ་དྲིན་ཡོངས་དྲན་ནས། །གུས་པས་ཞབས་ཏོག་བྱེད་པར་ཤོག །
མཇུག་གི་རིམ་སྟེ། སྐབས་གསུམ་པའོ། །
དེ་ཡང་《འགྲན་ཟླ་མེད་པའི་མ་སེམས་》ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱ་དང་ལྔ་བཅུའི་གྲངས་སུ་བྱས་པའི་རྩོམ་ཡིག་འདིའང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཕྱི་ལོ་༢༠༠༤ཟླ་༥ཚེས་༦ ལ་ཁྲིན་ཏུའི་ཕས་ཤན་རྫོང་དུ་ཡོད་པའི་ལྟ་སྲུང་ཁང་དུ་ཁྲིམས་ཐག་དངོས་སུ་མ་བཅད་པར་སྒུག་སྡོད་ཀྱི་རིང་ལ་ཚང་བར་བྲིས་པ་ལས། ཉེ་ཆར་གྲོགས་པོ་འགའ་རེས་སྤྱིར་བཙོན་ཁང་གི་འཚོ་བ་དང་མནར་གཅོད་སོགས་བྲིས་པའི་རྩོམ་ཡིག་མང་པོ་ཡོད་ན་ཡང་། ཨ་མ་ཞིག་གི་དྲན་གདུང་དང་སེམས་ཁུར་གྱི་ངོས་ནས་བཙོན་ཁང་གི་གནས་བབ་དང་མ་བུའི་བརྩེ་སེམས་སོགས་གཞི་གཅིག་ཏུ་བསྲེས་པའི་རྩོམ་ཡིག་གང་འཚམས་མཐུས་སྒོ་ཚང་བར་བྲིས་པ་འདི་འདྲ་ཤིན་ཏུ་དཀོན་པར་འདུག་པས་ཡི་གེ་འདིར་དམིགས་བསལ་གྱི་རིན་ཐང་ངེས་ཅན་འདུག་ཅེས་སོགས་གདེངས་འཇོག་དང་སྐུལ་མ་བྱས་པའི་རྐྱེན་བྱས་ཏེ། རྩོམ་ཡིག་འདི་བྲིས་ནས་མི་ལོ་ཧྲིལ་པོ་བཅུ་དྲུག་འདས་པའི་སྤྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ ཉིན། ཨོ་གླིང་རི་སྔོན་པོའི་རང་གནས་སུ་སྔར་གྱི་རྩོམ་ཡིག་གི་རྩོམ་ལུས་དང་བརྗོད་དོན་སོགས་བཅས་བཅོས་མེད་པར་རང་སོར་བཞག་པའི་ཐོག་ནས་སྐབས་དེར་ཁོར་ཡུག་གི་དབང་གིས་གོ་དཀའ་བར་བྲིས་པ་དང་། ཀློག་མི་བདེ་བ་སོགས་ཀྱི་ཚིག་སྦྱོར་དང་བརྗོད་པ་འགའ་ཞིག་འདུག་པ་ཅུང་ཟད་གོ་བདེ་བར་བཅོས་ནས་ཞུས་དག་བགྱིས་པའོ། །དགེའོ།།
རྩོམ་ཡག་བྲིས་འདུག
ཚིག་བཅད་སྙན་ངག་འདི་ཐེངས་འགར་བཀླགས་རྒྱུ་བྱུང་བས་དངོས་གནས་སྙན་པོ་བྱུང་།
རྩོམ་ཡིག་འདིས་གྱེས་བྲལ་གྱིས་གདུངས་བའི་ཨ་མ་ཞིག་གིས་ལྷད་མེད་ཀྱི་བརྩེ་སེམས་མཚོན་ཐུབ་ལ།མི་རིགས་ཤིག་གི་དཀའ་སྡུག་ཀྱང་མངོན་ཐུབ།ཀློག་གིན་ཀློག་གིན་ཁོ་བོའི་མིག་གི་མཆི་མའི་ཕྲེང་ཐག་ཆད་དེ་ས་ལ་ཧྲིལ་གྱིས་ཐོར།ས་གཞི་དེ་ལས་སྨྱུ་གུ་གསར་པ་ཞིག་སྐྱེ་བའི་རེ་བ་བྱེད་བཞིན་་་་་་་་་
མ་བུ་ངོ་མཇལ་བ་འདི་ཧ་ཅང་ལེགས་སོ།
སྐྱ་མིན་སེར་མིན་བསྟན་པ་གཤིགས་པའི་སྟ་རེ་ཡིན།