རྔ་བ་ཀུན་བཟང་།
དེ་རིང་ཉིན་རྒྱབ་དུས་ཚོད་དྲུག་པ་ཙམ་ལ། ང་རང་མེ་འཁོར་འབབ་ཚུགས་ནས་ཨ་མ་བདག་མེད་ཅིག་ལ་ཐུག སྐབས་དེ་དུས་ང་ཧ་ཅང་ཐང་ཆད་ནས་ལམ་ཟུར་ལ་བསྡད་ཡོད། གློ་བུར་དུ་རྒྱབ་ནས་སྐད་བཏང་སོང་། དེ་མ་ཐག་ཁོག་སོབ་ཅན་གྱི་ཨ་མ་རྒན་མོ་ཞིག་ཁོག་སྟོད་སྨད་གཉིས་ལ་ལྭ་བ་ཤམ་ཤམ་ཞིག་གྱོན་ནས། ལག་གཡས་པ་ལ་མཁར་རྒྱུག་ཅིག་དང་ལག་པ་གཡོན་པ་ལ་ཁུག་སྟོང་དཀར་པོ་ཞིག་འཁུར་བ་དང་། རྐང་མགོ་ལ་བསིལ་ལྷམ་རྙིང་པ་ཞིག་གོན་ནས་རྐང་པའི་མཐེ་བོང་ཐོག་ལ་རྨ་བཟོས་པས་རྨ་རས་ཀྱག་ཀྱོག་ཅིག་གིས་བཏུམས་འདུག རྨ་རས་ལ་བལྟས་ན་སྨན་ཁང་ནས་མིན་པ་ཐག་གིས་ཆོད། སྐབས་དེ་འདྲ་ཞིག་ལ་ང་སྐས་འཛེག་ཐོག་ནས་མར་འབབ་ཡ་ལ་རོགས་པ་བྱེད་ཟེར། དེ་མ་ཐག་ང་ཡར་ལངས་ནས་ཨ་མ་དེར་རོགས་པ་བྱེད་ཞོར་ལ། “ཁྱོད་གང་ནས་ཡོང་བ་ཡིན། མཚན་འདི་འདྲ་ཞིག་ལ་གང་དུ་འགྲོ་ཡ་ཡིན། ནང་གང་ན་ཡོད་” ཅེས་དྲི་བ་འགའ་སྐུར་ཤོར་སོང་། ཨ་མས་བཤད་ན་“ང་ལ་ནང་མེད། གར་འགྲོ་མེད། ཟ་མ་ཞིག་ཟ་འདོད་གིས། ”ཞེས་ང་ལ་བཤད་སོང་། དེ་ནས་ངས་མོ་རང་སྐས་འཛེག་ལས་མར་འབབ་ཚར་ནས། མོ་རང་ལམ་ཟུར་ལ་སྡོད་དུ་བཅུགས་ནས་ང་རང་སྲང་ལམ་གྱི་ཟ་མ་ཞིག་ཉོ་སར་སོང་། ལམ་འཁྲིས་སུ་རྒྱ་གར་གྱི་ཟ་ཁང་ཆུང་ཆུང་ཞིག་འདུག སྦྱིན་བདག་ལ་
སྐད་ཆ་ཞིག་དྲིས་དུས། བག་ལེབ་བཞི་ལ་སྒོར་སུམ་བཅུ་རེད་ཟེར། མཉམ་དུ་ཞོག་ཁོག་དང་སྔོ་ཚལ་བཅས་སྐོར་དྲུག་ཅུ་རེད་ཟེར། དེ་ནས་ཤིང་ཏོག་ཉོ་ས་ཞིག་ཏུ་སོང་ནས་ངང་ལག་གསུམ་ཉོས་པ་ཡིན། ངས་དེ་དག་ཉོས་ནས་ཕྱིར་ཐོན་དུས། ཨ་མ་བདག་མེད་སྔར་བཞིན་སྐས་འཛེག་འགྲམ་ན་ངའི་ཁ་ལག་ལ་བསྒུག་ནས་བསྡད་འདུག སྙིང་རྗེ་ཞིག་སྐྱེས་ནས་མིག་ནས་མཆི་མ་ཤོར་ཡང་། གཡས་གཡོན་ན་མི་མང་བས། ཅི་བྱེད་འདི་བྱེད་མི་འདུག ཨ་མ་བདག་མེད་དེར་གཅེས་སེམས་ཤིག་བྱས་ནས། ཁ་ལག་ཕར་སྤྲད་དུས། དགའ་ཐག་ཆོད་ནས་གཉེར་མས་ཁེངས་པའི་གདོང་ལ་འཛུམ་དམུལ་དམུལ་བྱས་ཏེ། ང་ལ་”བཀའ་དྲིན་ཆེ་”ཟེར་ནས་མིག་ནས་མཆི་མ་གཏོང་གི་འདུག གང་ལྟར་ཁ་ལག་ཟ་མ་ཟོས་མ་ཚར་བར་དུ་ང་ཨ་མ་ལགས་དེ་དང་མཉམ་དུ་བསྡད་པ་ཡིན། ཟས་ཀྱིས་གྲོད་ཁོག་འགེངས་པ་དང་ཕྱིན་སོང་། འོན་ཀྱང་། རང་ཉིད་ཡར་ཡང་ཡག་པོ་ཟིག་ལངས་མི་ཐུབ་མཁན་ཞིག མཚན་དཀྱིལ་འདི་འདྲ་ཞིག་ལ་གང་ཞིག་ལ་འགྲོ་ཡ་ཡིན་ནམ། གང་ལྟར་ང་རང་གིས་ལྷག་བསམ་རྣམ་དག་གིས་ཉོས་པའི་སྲང་ལམ་གྱི་ཟ་མ་དེ་ཟས་ཚར་ནས་ཕྱིན་སོང་། ཀློག་པ་པོ་རྣམ་པ་ལགས། ཁྱེད་ཅག་གིས་བསམ་བློ་ཞིག་ཐོངས་དང་། ཨ་མ་བདག་མེད་དེ་གང་ལ་ཞིག་ལ་འགྲོ་དགོས་པ་རེད་དམ། ངོ་མ་སྙིང་རྗེ།
ཕྱི་ལོ2022/12/25གནས་མཆོག་རྡོ་རྗེ་གདན་གྱི་མེ་འཁོར་འབབ་ཚུགས་ནས་བྲིས།
རྩོམ་སྒྲུང་རེད་དམ་དངོས་སྒྲུང་རེད་།
རྩོམ་སྒྲུང་ཡིན་ན་སྙན་བྱུང་།
དངོས་སྒྲུང་ཡིན་ན་རྡོ་རྗེ་གདན་གྱི་བོད་ཀྱི་ས་གནས་གཞོན་ནུ་ལ་འབྲེལ་བ་གནང་ནས་བོད་མི་དེ་འགྲོ་སྟངས་མ་ཤེས་པ་
ནོར་བཅོས་། བོད་མི་འགྲོ་སྟངས་མ་ཤེས་པ་དེ་འདྲ་ཡོད་ན་ངེས་པར་ས་གནས་གཞོན་ནུ་ལ་འབྲེལ་བ་གནང་དགོས་།
མི་རིགས་གང་ཞིག་ཡིན་ནམ།