བསོད་ནམས།
ས་གཞི་ཕྱུག་མོར་བརྟས་པའི་དབྱར་གསུམ་གྱི་དཔལ་ཡོན། །
བརྟན་མེད་ཡུད་ཀྱིས་འགྲིབ་པའི་ངང་ཚུལ་ལ་སེམས་ཚེ། །
སྤང་ལྗོངས་བུང་བ་གཞོན་ནུའི་གསུང་སྙན་གྱི་ངག་སྒོ། །
གདུང་བའི་ཆུ་ཤེལ་ལྷན་དུ་བསུ་མ་ལ་ཆས་བྱུང་།།
འཁྱུད་འཁྱུད་ལྷོད་དལ་བགྲོད་པའི་དྭངས་བསིལ་གྱི་རྫ་ཆུ།།
དུས་བཞིར་འགྱུར་བར་ངེས་པའི་ཆོས་ཉིད་དེ་དྲན་དུས། །
མ་དང་ཡུན་རིང་མཉམ་བསྡད་འདས་དུས་ཀྱི་འཚོ་བར། །
ཕྱིར་དྲན་ཐེངས་འགའ་བྱས་ཀྱང་ཡོང་ཐབས་ཤིག་མི་འདུག །
མི་ཉག་མཁས་པ་རྣམ་བཞིའི་གཤེགས་ཤུལ་གྱི་དབེན་གནས། །
དགྱེས་འཛུམ་སྟོང་གིས་སྒེག་པའི་དྲིན་ཆེན་གྱི་ཨ་མས། །
བསླབ་བྱ་ལམ་བཟང་སྩལ་བའི་ཟླ་མེད་ཀྱི་བཀའ་དྲིན། །
ཇི་ལྟར་འཇལ་དགོས་སྙམ་པའི་རེ་དོགས་ཀྱིས་གཙེས་བྱུང་། །
སོས་དལ་ཡིན་ཁུལ་བྱེད་པའི་ཀུན་སློང་དང་ལྷན་དུ། །
ཆུང་དུས་བསྐོན་པའི་གོས་དེ་རྗེས་མོ་ཡང་མ་བྱེད། །
གནས་བརྟན་རྒན་པོ་ལྷན་དུ་བསོད་སྙོམས་ལ་རོལ་སྐབས། །
དྲིན་ཆེན་ཨ་མའི་རྩམ་པ་ཡིད་དབང་ལ་འདུས་བྱུང་། །
དྲན་པའི་དབའ་རླབས་རི་མོ་ཆེས་ཆེར་ལ་གཡོ་དུས། །
རང་ཉིད་རང་གི་སེམས་འདི་གསོ་ཁུལ་རང་བྱས་ཡོད། །
ལྷག་པར་ང་ལ་དུང་བའི་ཨ་མ་ཡི་གསུང་སྐད། །
སླར་ཡང་སྒྲ་འཛིན་དབུས་སུ་མཉན་རྒྱུ་ཞིག་ཡོད་དམ། །