འབའ་སྲས།
མི་ལུས་རིན་ཆེན་སྦྱིན་ལ་བཀའ་དྲིན་མི་ཞུས།།
དེ་ནི་འདོད་པ་སྤྱད་ན་ཐོབ་པ་ཉིད་རེད།།
ཟླ་དགུ་ཞགས་བཅུར་འཁུར་བར་བཀའ་དྲིན་མི་ཞུས།།
ཨ་ཕར་བུ་སྣོད་ཡོད་ན་ཨ་ཕས་འཁུར་ངེས།།
བྲང་གི་ནུ་མས་གསོས་པར་བཀའ་དྲིན་མི་ཞུས།།
ནུ་མར་འོ་མས་བལྟམས་ན་ཨ་ཕས་ལྡུད་ངེས།།
བུ་ཕྲུག་གཅེས་ལོ་ཟེར་ནས་ཡང་ཡང་གླེང་བ།།
ཨ་མའི་སེམས་པ་ཆུང་ཆུང་ཡིན་པའི་རྟགས་རེད།།
འོན་ཀྱང་ཨ་མའི་བཀའ་དྲིན་གཞལ་ཐབས་མེད་པ།།
མཚན་མོའི་གཉིད་ཆག་ཉིན་མོའི་ཟས་ཆག་བར་ན།།
སེན་མགོ་རྣག་དང་སེན་གཏིང་ཁྲག་གི་བར་ན།།
ནམ་ཡང་གསེར་གྱི་ལྷུན་པོ་བཞིན་དུ་འགྱིངས་ཡོད།།
བཙས་མ་ཐག་ནས་འཇམ་མཉེན་ལག་པས་སྐྱོར་ཞིང་།།
གྲང་བའི་དུས་ན་དྲོན་པོའི་བྲང་ལ་སྦྱོར་མཁན།།
རི་དང་ལུང་བ་བརྒལ་དུས་རྒྱབ་ལ་ཁུར་མཁན།།
ཨ་མ་ཁྱོད་ནི་ཡིན་ཞིང་ཨ་ཕ་མིན་ནོ།།
སྙིང་གི་བུ་ཕྲུག་དཔྲལ་བའི་མིག་བཞིན་གཅེས་པ།།
ས་ཐག་རིང་བོར་སོང་ན་ཤིན་ཏུ་དྲན་པ།།
མ་ཐུག་འགོར་ན་དྲན་པས་ཤི་ལ་བྱེད་པ།།
ཨ་མ་ཁྱོད་ལས་ཨ་ཕ་ཡིན་པ་མི་དྲན།།
བུ་ཕྲུག་ཡག་གི་ཟེར་ན་སེམས་ནས་དགའ་བ།།
མ་རབས་ཟེར་ནི་ཡོད་ན་ཁ་རྡུང་གཏོང་པ།།
ཡག་ན་བཙོག་ན་བུ་ཡི་རྒྱབ་ནས་ལངས་པ།།
ཨ་མ་ཁྱོད་ལས་ཨ་ཕ་ཡིན་པ་མ་ཐོས།།
ཨ་མའི་རྗེས་ལ་ངུས་ཤིང་བྲེལ་གྱིས་འགྲོ་བ།།
ཨ་ཕ་མཐོང་ན་སྐྲག་ཅིང་འབྲོ་མཁན་མང་བ།།
ཕ་མ་གཉིས་ལ་ཁྱད་པར་འདི་ཙམ་ཡོད་པས།།
ཨ་མ་ཁྱོད་ཀྱི་བཀའ་དྲིན་དེ་ནས་ཤེས་ཡོང་།།
ཨ་མ་ཡོད་ན་ཁྱིམ་ལ་དྲོད་ཁོལ་ཆེ་ཞིང་།།
ཨ་མ་ཡོད་ན་ཐུན་གསུམ་ཁ་ཟས་ཞིམ་པ།།
ཨ་ཕ་ཡོད་ཀྱང་ཨ་མ་མེད་ན་སྟོང་བ།།
ཨ་མའི་བཀའ་དྲིན་གཞལ་མེད་འདི་ནས་ཚོར་ཡོང་།།
ཨ་ཕ་ཚོང་ལ་འགྲོ་དུས་བུ་ཕྲུག་མི་འཁྲིད།།
ཨ་མ་བཟའ་ཐོར་བྱུང་ཡང་བུ་ཕྲུག་མི་གཏོང་།།
ཤ་དང་རུས་པ་གཉིས་ལ་ཁྱད་པར་མེད་ཀྱང་།།
ཨ་ཕ་ཨ་མ་གཉིས་ལ་ཁྱད་པར་འདི་ཡོད།།
ཞོགས་པའི་ཁ་ལག་འཁྲུད་ཅིང་ཞོགས་ཇ་ལྡུད་དུས།།
ཨ་མ་བུ་ཡི་འགྲམ་ན་བྲེལ་བྲེལ་འཚུབ་འཚུབ།།
ཨ་ཕ་ད་དུང་ལྷོད་ལྷོད་བདེ་བདེ་ཉལ་ཡོད།།
ཨ་མའི་བཀའ་དྲིན་གཞལ་ཐབས་མེད་པ་འདི་ཡིན།།
མཚན་མོའི་མུན་པ་ནག་པོ་ཁྱིམ་ལ་འཐིབས་དུས།།
ཨ་མའི་སེམས་ལ་བུ་ལ་འཁྲེང་སྟེ་བརྣག་ཡོད།།
ཕ་ལོ་ཁྱིམ་ཚང་གང་བོའི་དཔོན་པོ་ཡིན་པས།།
བུ་ཕྲུག་མེད་ཀྱང་སེམས་ལ་ཉི་མ་ཤར་ཡོད།།
ཕ་ལོ་མ་ལོ་ཞིབ་བསྡུར་དེ་རིང་མི་བྱེད།།
མ་ལོས་ཐོས་ན་སེམས་པ་སྡུག་གིས་གང་འགྲོ །
ཨ་མ་ཁྱོད་རང་དེ་འདྲའི་སེམས་པ་བཟང་བས།།
ཨ་མ་ལགས་ནི་བུ་ངས་ཤིན་ཏུ་དྲན་ནོ།།
ཨ་མ་ཁྱོད་ནི་ལོ་དང་རྒ་བས་མནར་ཡོད།།
བུ་ཚ་ང་ཡང་རྒྱང་རིང་ཡུལ་ན་ཡོད་པས།།
ཨ་མ་དྲན་ཞོར་ཨ་མའི་བཀའ་དྲིན་གཞལ་མེད།།
སྙན་ངག་ཚིག་ལ་ཕབ་ནས་འདི་ལྟར་གླེང་འདོད།།
༡༤/༠༨/༢༧ ཕྱི་དྲོར།
རྩོམ་ཡིག་འདི་ལ་སྙན་ངག་གི་རང་བཞིན་བརྗོད་པའི་རྒྱན་གྱི་ཁྱད་ཆོས་ཡོད་པ་ཟད། ལམ་རིམ་སོགས་ན་ཨ་མའི་བཀའ་དྲིན་བརྗོད་པ་དང་ཡོངས་སུ་མཐུན་པ་དང་། མི་སེམས་འགུལ་བའི་ནུས་པ་ལྡན་པས་ཐུགས་རྗེ་ཞུ།
ཡ་མཚན། ཨ་མ་ལ་ཁ་བཙོག་བཤད་མཁན་ཞིག་ད་བར་དུ་མཐོང་མ་མྱོང་།
ཡ་ཁོག་ས་ལ་བྱུང་བའི་ཉ་ཉོག་འདིར།
སྙན་པའི་ཕྱོགས་ཤིག་མི་འདུག་བུ་གླུན་པོ།།
ཨ་མར་བརྩེ་བ་ཕ་མའི་དབྱེ་བ་འདི།
ཁ་ནས་ཅི་ཡང་བཤད་པའི་ཁྱི་བུ་ཕྲུག།