བདེ་སྐྱིད།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཚོས་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ཨ་མ་ལགས་ཀྱི་ལམ་སྟོན་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག གལ་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བཀའ་དྲིན་ཞུ་དགོས་ས་ཡོད་ན་གཙོ་བོ་གཉིས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་མ་ལགས་རྣམ་གཉིས་རེད། ངས་བཀའ་དྲིན་ཆེ་ཞུ་ཡུལ་གཞན་མེད་པ་བརྗོད་ཀྱི་མེད། ཁོང་རྣམ་གཉིས་ཀྱི་སྐུ་ཚེ་དང་བོད་ཀྱི་ལས་དབང་ཟུང་དུ་སྦྲེལ་ཡོད་པས་ཁོང་རྣམ་གཉིས་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་ལོས་འབུལ་དགོས། བཙན་བྱོལ་ནང་ལ་བོད་མི་ཆིག་འབུམ་ལྷག་ཡོད་ན་བོད་ཕྲུག་ཁྱིམ་སྡེ་ནས་ཐོན་པའི་སློབ་ཕྲུག་ཁྲི་ལྔ་ལྷག་ཡོད་པས་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༥༠ ལྷག་བོད་ཕྲུག་ཁྱིམ་སྡེ་ནས་གསོ་སྐྱོང་གནང་ཡོད།
ངས་ནོར་མེད་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་གསར་སྐྱེས་བྱིས་པ་དང་། ཚོགས་པ། ཁང་ཁྱིམ་གསར་པ་སོགས་ལ་ད་བར་མིང་གྲངས་ལས་འདས་པ་གནང་ཡོད་པ་ལས། ༧གོང་ས་མཆོག་གིས་གནང་བའི་མིང་དང་པོ་ནི་རང་རེའི་ཨ་མ་ལགས་སུ་གནང་བའི་མཚན་བཟང་པོ་ (རྗེ་བཙུན་པདྨ་) ཞེས་པ་དེ་རེད། འོན་ཀྱང་། ད་ལྟ་བཙན་བྱོལ་བོད་མིའི་ཁྲོད་དུ་རྗེ་བཙུན་པདྨ་ཞེས་ཐད་ཀར་ཞུ་མཁན་དཀོན་པ་དང་། ཚང་མས་ཡོངས་གྲགས་སུ་འབོད་པ་ནི་ཨ་མ་ལགས་ཞེས་པ་དེ་རེད། བོད་པའི་ལུགས་སྲོལ་ལ་རང་གིས་གུས་བཀུར་ཞུ་སའི་མི་སྣའི་མཚན་ནས་ཐད་ཀར་འབོད་ན་མ་གུས་པར་བརྩི་ཡི་ཡོད་ལ། དམིགས་བསལ་བླ་མ་ཁག་གི་མཚན་དགོས་པ་དོན་གྱི་སླད་དུ་སྨྲོས་དགོས་ན་ལས་ཐད་ཀར་ཞུ་མཁན་མེད། གང་ལྟར་ཨ་མ་ལགས་ཞེས་འབོད་སྐབས་འབོད་མཁན་གྱི་སེམས་ནང་ལ་ཚ་གསོབ་གསོབ་ཀྱི་སྣང་བ་དང་། སེམས་ཐག་ཉེ་བ། བཀའ་དྲིན་གྱི་ཚོར་ཤུགས་ཆེ་བའི་སྣང་བ་ངམ་ངམ་ཤུགས་ཀྱི་སྦྱིན་གྱི་ཡོད། དེ་བས་ཕྱི་ལོ་ ༡༩༩༥ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱིས་ (གངས་ཅན་བོད་ཀྱི་ཨ་མ་) ཞེས་མཚན་བསྟོད་ཕུལ་ཡོད་ལ། ༢༠༠༦ ལོར་ཨི་ཀྲ་ལིའི་ཚོགས་པ་ Gorvachov Foundation ཞེས་པ་ཡིས་ (སའི་གོ་ལའི་ཨ་མ་) Mothers of Earth ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་ཡོད། ཕྱི་ལོ་ ༡༩༨༤ ནས་ ༢༠༡༨ བར་ཕྲན་གྱིས་ཤེས་ཚོད་བྱས་ན་གཟེངས་རྟགས་ ༡༨ ལྷག་འབུལ་བཞེས་གནང་འདུག་པ་ལས་མང་ཆེ་བ་རྒྱལ་སྤྱིའི་རང་བཞིན་གྱི་གཟེངས་རྟགས་རེད་འདུག
གངས་ཅན་བོད་ཀྱི་ཨ་མ་རྗེ་བཙུན་པདྨ་མཆོག་ནི་ཕྱི་ལོ་ ༡༩༤༠ ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༠ ལོར་དགུང་གྲངས་ ༩ ལ་ཕེབས་སྐབས་རྒྱ་གར་ཀ་སྦུག་ St. Joseph’s Convent ཞེས་པའི་སློབ་གྲྭར་ཕེབས། ཕྱིས་སུ་རྡོ་རྗེ་གླིང་ལ་ Loreto Convent སློབ་གྲྭར་ཕེབས་ནས་ཕྱི་ལོ་ ༡༩༦༠ ལོར་གཞི་རིམ་སློབ་སྦྱོང་མཐར་སོན་མཛད། ༡༩༦༡ ནས་སུད་སི་དང་། དེ་ནས་ཨིན་ཡུལ་ལ་སློབ་སྦྱོང་གནང་བར་ཕེབས་ནས་ ༡༩༦༤ ཟླ་ ༤ ནང་སློབ་མཐར་ཕྱིན་ནས་ཕྱིར་རྒྱ་གར་ལ་ཕེབས་གནང་མཛད་ཡོད།
བོད་ཕྲུག་ཁྱིམ་སྡེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལམ་སྟོན་འོག་༧སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གིས་ཐུགས་འགན་རྐང་བཞེས་ཀྱི་བུ་གསོ་ཁང་གི་ངོ་བོ་ནས་དབུ་འཛུགས་བསྐྱངས་ཡོད། སྐབས་དེ་དུས་དུས་ཡུན་ཐུང་ངུའི་ནང་ལ་ཕྲུ་གུ་གྲངས་འབོར་ཧ་ཅང་མང་པོ་འབྱོར་པ་དང་། ཉལ་ཁང་མི་འདང་བའི་དཀའ་ངལ་དང་། ཕྲུ་གུ་ཆུང་ཤོས་རྣམས་ཤོག་སྒམ་ནང་ལ་ཉལ་དགོས་པའི་གནས་སྟངས་བྱུང་། སྐབས་དེ་དུས་ཐུགས་སྟོབས་ནམ་ཡང་མ་ཞུམ་པར་མུ་མཐུད་མདུན་བསྐྱོད་གནང་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་པའི་རྨད་བྱུང་གི་ཐུགས་བསྐྱེད་གཞན་དྲན་མ་མཆིས་པ་ལོས་ཡིན་སྙམ་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་ལམ་སྟོན་ལས་བྱུང་བ་སྨྲོས་ཅི་ལ་དགོས། འོན་ཀྱང་། བོད་མིའི་བསོད་ནམས་ཀྱིས་རྒྱབ་མ་འཁྱོགས་པའམ་ལས་དབང་ཟད་པར་བརྟེན་ནས་ཨ་མ་ཚེ་རིང་སྒྲོལ་མ་ལགས་སྙུང་གཞི་བཞེས་པ་དང་། སྐུ་ཚེ་ཡུན་རིང་མ་བཞུགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། སྙུང་གཞི་བཞེས་སྐབས་སུ་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་ཐུགས་འགན་རྐང་བཞེས་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༠༦ ལ་བགྲེས་ཡོལ་ལ་མ་ཕེབས་བར་དུ་ལོ་ངོ་ ༤༢ རིང་བོད་ཁྱིམ་ནང་ལ་ཕྱག་ལས་གནང་བའི་གྲུབ་འབྲས་གཡུར་དུ་གཟབ་པ་ཐོན་ཡོད། སློབ་ཕྲུག་ཁྲི་ལྔ་ལྷག་ལ་སློབ་སྦྱོང་གི་གོ་སྐབས་གནང་ཡོད་པ་དང་། ཕྲན་གྱིས་ཤེས་ཚོད་བྱས་ན་གཏན་འཇགས་སློབ་གྲྭ་ ༧ ཉིན་སློབ་ ༧ བུ་བཅོལ་ཁང་ ༡༠ ལག་ཤེས་སློབ་གཉེར་ཁང་ ༤ མཐོ་སློབ་བོད་ཁྱིམ་སྡོད་ཁང་ ༤ རྒན་གསོ་ཁང་ ༤ ད་ལྟ་བོད་ཕྲུག་ཁྱིམ་སྡེའི་སྡེ་ཁག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ ༡༥༠༠༠ ཡོད།
ཨ་མ་རྗེ་བཙུན་པདྨ་ལགས་རྒྱ་གར་ལ་སློབ་སྦྱོང་གནང་སྐབས་བོད་ནང་ལ་དུས་འགྱུར་བྱུང་བ་དང་། ༡༩༥༩ ལོར་བོད་ས་ཤོར་སྐབས་ཨ་མ་ལགས་ཀྱི་ཐུགས་ལ་༧རྒྱལ་བ་རིན་པོ་ཆེ་དང་ཡབ་གཞིས་སྐུ་མཆེད་རྣམ་པ་སྐུ་འཚོ་བཞུགས་ཡིན་མིན་ལ་ཐུགས་ཁྲལ་ཆེན་པོ་བྱུང་ཡོད། དེའི་ཐད་ཨ་མ་ལགས་ཀྱིས་ཐུགས་ཚོར་ཆེན་པོས་དྲན་གསོ་གནང་དོན། གནས་ཚུལ་སྡུག་པོ་དེ་འདྲའི་ཁྲོད་ནས་ངས་༧རྒྱལ་བ་རིན་པོ་ཆེ་དང་ནང་མི་ལྷན་རྒྱས་སྐུ་འཚོ་ཞུགས་ཐུབ་པ་ཤེས་པས་དགའ་པོ་བྱུང་། ཡིན་ནའང་། ང་ཚོའི་ལུང་པ་ཤོར་པས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། ཅེས་གསུངས།
༧རྒྱལ་བ་རིན་པོ་ཆེའི་ཕེབས་རྗེས་སུ་བཙན་བྱོལ་བ་མང་པོ་རང་ཡུལ་བྲལ་ནས་རྒྱ་གར་ནང་ལ་འབྱོར་ཡོད་པ་དང་། རྒྱ་གར་གཞུང་ནས་༧རྒྱལ་བ་རིན་པོ་ཆེ་བཞུགས་ཡུལ་ལ་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་རི་གྲོང་དྷ་རམ་ས་ལ་གནང་ཡོད། སྐབས་དེ་དུས་གང་ཅིར་མཐུན་རྐྱེན་ཞན་པས་བོད་མི་མང་པོ་ས་ཆུ་མ་འཕྲོད་པས་འདས་གྲོངས་སུ་གྱུར་ཡོད་ལ། དེ་ལས་མང་བ་བོད་ནས་རྒྱ་གར་ལ་ཡོང་བའི་ལམ་བར་ལ་འདས་གྲོངས་སུ་གྱུར་ཡོད། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས། གྲང་ངར་དང་། བཀྲེས་ལྟོགས། ནད་མནར་གྱི་ཁྲོད་ནས་འཚོ་གནས་ཐུབ་པ་རྣམས་ནི་དངོས་གནས་སྟོབས་ཤུགས་ལྡན་པ་ཁག་རེད། ཅེས་གསུངས།
ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལ་བོད་ཕྲུག་ཁྱིམ་སྡེ་གཅིག་པུའི་ཐུགས་འགན་བཞེས་པ་ཙམ་མིན་པར་ཕྱག་ལས་གནད་འགག་ཅན་མང་པོ་གནང་ཡོད། ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་པོའི་ཐོག་ལ་ཨ་མ་ལགས་གཞོན་ལྷན་ཚོགས་གཞོན་ལ་འོས་འདེམས་ཐུགས་འགན་བཞེསཔ་དང་། ཕྱི་ལོ་ ༡༩༨༤ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་དང་པོར་སློབ་སྟོན་པར་འོས་འདེམས་ཐུགས་འགན་བཞེས་ཡོད། ཕྱི་ལོ་ ༡༩༨༠ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་འོག་ཨ་མ་ལགས་ཀྱིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་གནང་བར་ཕེབས་ནས་ཟླ་བ་གསུམ་རིང་བོད་ནང་ལ་བཞུགས་ནས་དངོས་ཡོད་གནས་སྟངས་ཇི་ཡིན་ལ་རྒྱུས་ལོན་གནང་ཡོད། ཨ་མ་ལགས་ཀྱིས་བོད་ནང་གི་གནས་སྟངས་ཇི་ཡིན་གསལ་པོར་བརྙན་ལམ་ལ་གསུངས་པ་མཇལ་རྒྱུ་ཡོད་སྟབས་ཡིག་ཐོག་ལས་བརྙན་ཐོག་ལ་གཟིགས་ན་ཚོར་ཤུགས་ཆེ་བ་ཡོད་པས་བརྙན་ལ་གཟིགས་པའི་རེ་བ་ཞུ་གི་ཡོད།
ཕྱི་ལོ་ ༡༩༩༠ ལོར་ཨ་མ་ལགས་ཀྱིས་བཀའ་བློན་གྱི་ཐུགས་འགན་བཞེས་པ་དང་། ཁོང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་བུད་མེད་བཀའ་བློན་དང་པོ་ཆགས་ཡོད། ཕྱི་ལོ་ ༡༩༩༡ ལོར་བསྐྱར་དུ་གྲོས་ཚོགས་ནས་བཀའ་བློན་ལ་འོས་འདེམས་གནང་བ་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད། ཨ་མ་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ཕྱག་ལས་ཀྱི་ཐུགས་འགན་ཐོག་མར་བཞེས་སྐབས་དགུང་ལོ་ ༢༣ ཡིན་པ་དང་། དེ་ནས་བཟུང་ད་ལྟ་དགུང་ལོ་ ༨༢ ལ་ཕེབས་ཡོད་ནའང་མུ་མཐུད་བོད་དང་བོད་མི། དམིགས་བསལ་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་བགྲེས་ཡོལ་ལ་ཕེབས་ཟིན་ནའང་ཕྱག་ལས་དང་ཐུགས་འགན་བཞེས་མུས་ལ་ཕྱག་ལས་ཀྱི་གྲུབ་འབྲས་འབུར་ཐོན་ཡོད་པས་ངོས་འཛིན་མི་བྱེད་ཀ་མེད་ཀྱི་གནས་སུ་གྱུར་ཡོད། ཉེ་དུས་ཨ་མ་ལགས་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྒན་བསོད་ནམས་སྲིད་ཆོས་ལགས་གཉིས་ཕ་རན་སིར་ཕེབས་ཡོད་པ་དང་། སློབ་ཟུར་ཚོས་མཛད་སྒོ་གོ་སྒྲིག་ཞུས་པ་གཅིག་དྲྭ་ལམ་ནས་འཁྱུག་ཙམ་མཇལ་བ་དང་། ཨ་མ་ལགས་ཀྱི་སྐུ་ཁམས་གསལ་ཐང་ཡིན་པ་མཇལ་བས་དེ་སྔ་རྒན་རབས་ཤེས་ལྡན་བ་ཞིག་གིས་བོད་སྤྱི་དོན་ལ་ལས་ཀ་ཡུན་རིང་བྱེད་མཁན་ཚོའི་ངོ་མདངས་ཕྱི་རྒྱལ་ལ་དངུལ་རྐྱང་པའི་རྗེས་སུ་འགྲོ་མཁན་དང་མི་འདྲ་བར་བག་གྲོ་པོ་ཡོད་རེད་ཅེས་བཤད་པ་དེ་དྲན་བྱུང་། དེ་ནི་དངོས་གནས་རེད་འདུག ཕྲན་སློབ་གྲྭ་ཐོན་ནས་ལོ་ ༢༠ ལྷག་འགྲོ་ཡི་ཡོད་པ་དང་། ཕྲན་གྱི་རྒན་ལགས་ཁ་ཤས་ད་ལྟ་ཡང་བོད་ཁྱིམ་ནང་ལ་ཕྱག་ལས་གནང་བཞིན་པ་དྲྭ་ཐོག་ནས་མཇལ་དུས་ཁོང་རྣམས་སྔར་ལྟར་ཡིན་སྣང་ལས་བགྲེས་ཉམས་དེ་ཙམ་མེད་པ་དང་། ཨ་མ་ལགས་ཀྱང་དགུང་ལོའི་བབ་ལ་བལྟས་ན་བགྲེས་ཉམས་དེ་ཙམ་མེད་པ་ནི་གཞན་ཕན་གྱི་བྱ་བའི་ཕན་ནུས་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་གསོན་པོ་ཞིག་རེད་སྙམ།
ཨ་མ་ལགས་སུ་བཅའ་འདྲི་ཞུས་པའི་ལེ་ཚན་མང་པོ་མཇལ་བ་ཡིན། ཨ་མ་ལགས་ཀྱིས། བོད་ནང་གི་གནས་སྟངས་ཐུགས་ལ་དྲན་དུས་ཐུགས་སྐྱོ་སྣང་གིས་སྤྱན་ཆབ་བསིལ་བའི་གནས་སྟངས་ཡོང་བ་གསུངས་པ་དང་། ༧རྒྱལ་བ་རིན་པོ་ཆེ་ནི་ཨ་མ་ལགས་ཀྱི་གཅེན་པོར་མ་གཟིགས་པར་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་གལ་ཆེན་ངོས་འཛིན་དད་གུས་ཞུ་གི་ཡོད་པ། བོད་ཕྲུག་རྣམས་ལ་འཕྲལ་སེལ་དང་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ཙམ་མིན་པར་ཕྲུ་གུ་རྣམས་ལ་དོན་ངོ་མའི་ཁྱིམ་ཚང་དང་ནང་མིའི་ཚོར་སྣང་བསྐྲུན་ཐབས་དང་། ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་དགོངས་ཀྱི་ཡོད་པ་གསུངས་པ་སོགས་དགོངས་གཞི་དང་ཕྱག་ལས་ཚང་མ་ངས་གོང་ཞུས་ལྟར་རྒྱལ་སྲས་བྱང་ཆུབ་སེམས་པའི་ཕྱག་ལས་གཞན་ཕན་ཤ་སྟག་རེད་འདུག་སྙམ་ནས་ལྷག་པར་དགའ་དད་སྤྲོ་གསུམ་གྱི་ཚོར་སྣང་ཐོབ།
བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ་སྡེ་ཚན་མང་པོ་ཡོད་པའི་ནང་ལ་མཐུན་རྐྱེན་ཆ་ཚང་འཛོམས་པ་བཟོས་གནང་ཡོད། དཔེར་ན། སྨན་ཁང་དང་། རྩེད་ཐང་། སློབ་ཁང་སོགས་དགོས་མཁོའི་ཆ་རྐྱེན་ཚང་མ་ཡོད། ཨ་མ་ལགས་ཀྱིས། ངའི་རེ་བ་ལ་ཁྱིམ་ཚང་ཨ་མ་ལགས་སོ་སོའི་འགྲམ་ནས་ཕྲུ་གུ་རྣམས་ལ་ཨ་མ་ངོ་མའི་བྱམས་བརྩེ་དང་གཅེས་སྐྱོང་རགས་ཐུབ་པ་དང་། ཕྲུ་གུ་ཚོས་ཁྱིམ་ཚང་རྣམས་སོ་སོའི་ནང་དངོས་གནས་ཡིན་པ་ཚོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག
དུས་རྒྱུན་དུ་ཨ་མ་ལགས་ཀྱི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་དང་། བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གོ་སྒྲིག་སྲུང་བརྩི་ཞུ་འདོད་མཁན་སློབ་ཟུར་གཙོས་ཕྱི་ནང་མི་རིགས་མང་པོ་ཡོད་ནའང་། ཨ་མ་ལགས་ཀྱིས་རྒྱས་སྤྲོས་རིགས་ལ་ཐུགས་སྣང་མི་གནང་བ་དང་། དེ་བས་འགྲོ་སོང་གཞན་ཕན་བྱ་གཞག་གཏོང་དགོས་པ་གསུང་གི་ཡོད། ནད་ཡམས་སྔོན་ལ་ཨ་མ་ལགས་དགུང་གྲངས་ ༨༠ ལ་ཕེབས་པའི་གྱ་སྟོན་དང་བཀའ་དྲིན་རྗེས་དྲན་མཛད་སྒོ་གོ་སྒྲིག་ཞུ་རྒྱུར་སློབ་ཟུར་གྲངས་ལས་འདས་པས་གསོལ་འདེབས་ཞུས་པར་ཨ་མ་ལགས་ཀྱིས། ང་ལ་གང་ཡང་མི་དགོས། དེ་ལས་བོད་དང་བོད་མིར་བཀའ་དྲིན་ཆེ་བ་༧རྒྱལ་བ་རིན་པོ་ཆེ་ཡིན་པས་བོད་ཁྱིམ་ངོས་ནས་བརྟན་བཞུགས་འབུལ་དགོས་པའི་ལམ་སྟོན་ཕེབས་ནས་བརྟན་བཞུགས་གོ་སྒྲིག་གསོལ་འདེབས་ཞལ་བཞེས་གཏན་འཁེལ་བྱུང་ཡང་། ནད་ཡམས་ཀྱིས་རྐྱེན་པས་ད་བར་ནར་འགྱངས་སུ་གྱུར་པ་དང་། ད་ལོ་བོད་ཁྱིམ་དང་། བྱང་ཨ་རིའི་བོད་རིགས་ཐུན་མོང་ནས་བརྟན་བཞུགས་གསོལ་འདེབས་ཞུས་པ་གཉིས་མཉམ་དུ་བྱ་འཐུས་བཀའ་འཁྲོལ་ཐོབ་པ་བཞིན་གནང་རྒྱུ་ཡིན་འདུག་པ་དང་། འཛམ་གླིང་ཡུལ་ཁག་འདྲ་མིན་ལ་ཡོད་པའི་བོད་ཁྱིམ་སློབ་ཟུར་ཚང་མས་ལུས་པོ་དེ་གར་སླེབས་མིན་གང་ལྟར་ཀྱང་སེམས་པ་དེ་གར་སླེབས་པ་དང་། ༧རྒྱལ་བ་རིན་པོ་ཆེ་དང་། ༧སྐུའི་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་པ་ཡིད་གཉིས་ཐེ་ཚོམ་མི་དགོས་པའི་གནས་སུ་མཆིས་པས། ༧གོང་ས་མཆོག་དང་། ཨ་མ་ལགས་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་ཞུ། །