བོད་ཀྱི་བུ།
ཨ་མ་ལགས།
ལོ་དེར་ངས་སྣབས་ལུད་ཁྱི་རོ་འདྲ་ཞིག་དྲུད་ནས།
ཁྱེད་ཀྱི་རྗེས་སུ་བསྙེགས་པས།
ཁྱོད་ཀྱིས་ཕྱིར་མིག་རེ་དང་ལྷན་དུ།
ཨ་མའི་ལོ་ལོ་མགྱོགས་པོར་ཤོག་དང་།
ཨ་མས་ལ་མགོ་ནས་བསྒུག་འདུག་ཟེར།
ངས་ངུ་ཤུམ་རེ་བྱེད་ཀྱིན་གོམ་ཆུང་དེ་ཇི་ལྟར་མགྱོགས་སུ་བཏང་ཡང་།
ཨ་མ་ནི་རྒྱང་རིང་ནས་རྒྱང་རིང་དུ་ཆས།
ཨ་མ་ལགས།
ལོ་དེར་ངའི་ཡ་སོ་གཉིས་བརྗེས་པས།
ཁྱེད་ཀྱིས་ཕྱག་ཟུང་གིས་བདག་གི་མགོ་བོར་བྱིལ་བྱིལ་བྱེད་ཞོར།
ད་ཁྱེད་རང་ནར་སོན་འདུག
རེའུ་ལུག་དང་ལྷན་དུ་རྩེ་དང་།
ད་ལོ་ནམ་ཟླ་ཇི་འདྲའི་བཟང་གི་ཟེར།
འོན་ཀྱང་། བདག་གིས་མཆུ་ཏོ་རོང་རོང་བྱེད་བཞིན།
ཁྱེད་ཀྱི་ཐུ་སྣེར་འཇུས་ཏེ་བསེག་གཡེར་དང་བཅས།
མི་དགོས། ང་ལ་ཨ་མ་དགོས། འོ་མ་དགོས་ཞེས་བཤད་ཀྱང།
ཁྱོད་ཀྱིས་ད་དུང་བྱམས་ཤིང་དུང་བའི་འོ་ཞིག་བྱས།
ཨ་མ་ལགས།
ལོ་དེར་ངས་དཔེ་ཁུག་ཆུང་ཆུང་དེ་ཁུར་ནས། སློབ་གྲྭར་བསྐྱོད་མགོ་ཚུགས་པས།
ཁྱེད་ཀྱིས་བྱམས་དུང་གི་ཞལ་རིས་འཛུམ་དམུལ་དམུལ།
ངའི་ཞི་ལི་སློབ་གྲྭར་སོང་སྟེ་རྗེས་མ་ལས་བྱེད་པ་བྱ་དགོས་ཟེར།
འོན་ཀྱང་། བདག་གིས་མིག་ཆུ་ཞིག་འགྲམ་ངོར་དྲུད་དེ།
མི་དགོས། ང་སློབ་གྲྭར་མི་འགྲོ ལས་བྱེད་པ་ཡང་མི་བྱེད།
ང་ཨ་མ་དང་མཉམ་དུ་འདུག་གི་ཡིན་ཞེས་བཤད།
ཁྱེད་ཀྱིས་ཕྱག་ཟུང་གིས་བདག་གི་མིག་ཆུ་འཕྱིད་ཞོར།
ངའི་ལོ་ལོས་ཨ་མའི་ཁ་ལོང་ལ་སློབ་གྲྭར་སོང་དང་།
ཨ་མ་བལྟ་བར་ཡོང་ཆོག་ཟེར།
ཨ་མ་ལགས།
ལོ་དེར་ངས་རང་ཐག་རང་གཅོད་ཀྱིས་ཁྱེད་དང་བྲལ་མགོ་བརྩམས།
སྐབས་དེར་ཁྱེད་ཀྱིས་ཤེས་མེད་མོད།
འོན་ཀྱང་། ངའི་སེམས་ན་ཁྲིགས་ཁྲིགས་ཡིན།
ཉིན་དེར་ངས་ལས་དོན་ཞིག་ལ་ཁ་གཡར་ཏེ།
ཁྱེད་རང་དང་གྱེས་ཕྱག་ཞུས།
དེ་དུས། ངའི་མིག་མཐར་མཆི་མས་གང་ཞིང་།
སེམས་ཁོང་ལ་ན་ཟུག་ལངས།
མ་ཟད་མགྲིན་པ་བརྣངས་ནས་སྐད་ཆ་ཡང་ཐོན་མ་ཐུབ།
འོན་ཀྱང་། དོན་དེ་མི་གསང་ཐུ་མེད་ཆགས་པས།
ངས་རང་ཉིད་ཀྱི་མིག་ཆུ་དང་བྲལ་གདུང་ཡོད་ཚད།
ཡ་ཆུང་དུ་བཙན་གྱིས་མནན་ཏེ་ལམ་ལ་ཆས།
ཨ་མ་ལགས།
ལོ་དེ་ནས་བཟུང་།
ང་མི་ཡུལ་འདིར་ཁེར་རྐྱང་དང་བདག་མེད་དུ་གྱུར།
དྲན་གདུང་གི་མིག་ཆུ་མོད་པའི་ལོ་ཟླ་འདི་དག
ཅི་འདྲའི་འཁྱོལ་དཀའ་ཨང་།
བགྲང་བྱ་བཅོ་ལྔ་འདས་པའི་དེ་རིང་།
གོ་ཐོས་ལ། མ་ལོའི་མགོ་སྐྲ་ལ་སེ་མདའ་ལྷུང་ཞིང་།
ཡ་ཐོད་ལ་རྒས་གཉེར་མང་སྐད།
ད་དུང་བདག་ལ་ཐུག་འདོད་ཀྱི་རེ་བཞག་ཁྲོད་ན།
སྤྱན་ཆབ་ཀྱི་ཕྲེང་རྒྱུན་འཐོར་བའང་ཉུང་ཉུང་མིན་སྐད།
རྒས་ཉམས་ཀྱི་གོམ་འགྲོས་རེ་རེ་དང་ལྷན་དུ།
བུ་ཆུང་ངའི་བདེ་སྡུག་ལ་སེམས་ཁྲལ་མང་སྐད་ཀྱི་སྐད་ཆ་དེ་དག
བདག་གིས་གོ་ཐེངས་རེ་རེར།
ངའི་ཡ་ཆུང་ལ་ཚ་རླབས་འཕྱུར་ཞིང་།
མིག་ཟུང་ནས་གཙང་ཆབ་རྡོལ།
ཨ་མ་ལགས།
འདི་ལྟར་བགྲང་བྱ་རེ་རེའི་ལྟེབ་རྩེག་ཁྲོད།
བདག་གིས་རྨི་ལམ་རེ་རེའི་མཁའ་དབྱིངས་ནས།
མ་ལོ་ཁྱེད་ཀྱི་ཞལ་རིས་སྒོམ་བཞིན།
ཡ་ཆུང་སེམས་པའི་གཏིང་རིམ་ནས།
ཨ་མ་ཁྱེད་རང་ལྷག་ཏུ་དྲན།
དྲན་དྲགས་པའི་སེམས་ངལ་འདི་དང་ལྷན་དུ།
ངས་མིག་ཆུ་མང་པོ་ཁྱུར་མིད་བྱས་མྱོང་ལ།
ཨ་མ་ཞེས་སེམས་ཁོང་ནས་བོས་པའང་ཉུང་ཉུང་མིན།
ཨ་མ་ལགས།
དྲ་གྲོགས་ཁེར་བཞུད་ལགས། ཕེབས་ཏེ་དགོངས་ཚུལ་དང་བསླབ་བྱ་གནང་བར་ཐུགས་རྗེ་ཆེ། ང་ཚོ་གནས་སྟངས་དང་རྒྱུ་རྐྱེན་འདྲ་མིན་གྱིས་དྭ་ཕྲུག་ཏུ་གྱུར་སྟངས་མི་འདྲ་ནའང་བྲལ་གདུང་དང་དྲན་གདུང་གི་ཚོར་བས་གཙེས་པ་གཅིག་མཚུངས་ཡིན་པས། མཚམས་རེར་སོ་སོའི་སེམས་འགྱུ་དེ་ལས་མཐུན་གྱི་དྲ་གྲོགས་དག་ལ་སྤྱན་འབུལ་ཞུ་རྒྱུ་ཡང་གལ་ཆེན་རེད་བསམས།
བཀྲ་ཤིས་བདེ་ལེགས་ཞུ།
འཇིག་རྟེན་འདི་ན་ཨ་མ་ལས་དྲིན་ཆེ་བ་ཞིག་མེད།
ཟླ་དགུ་ལ་ཁོག་པར་བཟུང་ནས་སྡུག་དགུ་མྱངས།
སྐྱེས་དུས་མི་གཙང་ཁ་ཡིས་ཕྱིས།
བྱམས་པའི་བྲང་ལ་བསྙོར།
བརྩེ་བའི་ནུ་ཞོ་བླུད།
གོམ་པ་འཁྱོར་བའི་སྐབས་སུ་འགྲོ་འདུག་སྤྱོད་གསུམ་བསླབས།
ལུས་ངག་ཡིད་ལ་སྦྱོང་བརྡར་སྤྲད་ནས་མིའི་གྲལ་དུ་ཚུད།
རང་ལ་དྲིན་ཆེ་བ་ཇི་འདྲ་བར་དེ་བཞིན་དུ།
སེམས་ཅན་ཀུན་ཀྱང་དེ་དང་འདྲ་བར།
རང་གི་ཨ་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད།
རྣམ་ཤེས་ཀྱི་རྒྱུན་ཐག་འདིའི་ཐོག་ནས་སྐྱེ་བ་དུ་མར་སྐབས་རེར་རང་གི་ཨ་མ་དང་། སྐབས་རེར་རང་གི་ཆུང་མ། སྐབས་རེར་རང་གི་བུ་དང་བུ་མོ། སྐབས་རེར་རང་གི་ཨ་ཕ། སྐབས་རེར་དགྲ་ཡང་གྱུར་ཡོད་ལ། སྐབས་རེར་གཉེན་དུའང་གྱུར་ཡོད། སྐྱེ་བ་འདི་མ་བླངས་བྱ་བ་གཅིག་ཀྱང་མེད་པས། དེས་ན་སྐྱེ་བ་འདིའི་ཨ་མར་དཔེར་བླངས་ནས་སེམས་ཅན་ཀུན་ལ་མར་ཤེས་བ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ་དང་སྙིང་རྗེ་སྒོམ་ནས། ཨ་མའི་ཤ་ཟས་སྤྱོད་མི་རུང་། ཨ་མའི་ཁྲག་འཐུང་མི་རུང་། དྲིན་ལན་འཇལ་དགོས། རྒྱུ་འབྲས་མན་ངག་བདུན་ཞེས་པའི་གདམས་པའོ།།