གངས་དཀར་སེམས།
དེ་རིང་ཐན་བྱ་ཟུག་ཐེངས་གཅིག་གིས།
སྐད་ངན་ཞིག་ངོ་དེབ་བརྒྱུད་འཁྱེར་འདུག
བོད་ཀྱི་ཆབ་སྲིད་བཙོན་མ་ཞིག
དུས་རབས་ཕྱེད་ལྷག་གི་རྗེས་སུ།
བཙན་བྱོལ་ཡུལ་གྱི་ལྟེ་གནས་སུ་འདས་གྲོངས་སུ་གྱུར།
ངའི་སེམས་ལ་དྲི་དོགས་གཅིག་རང་བྱུང་སྟེ།
ཁྱེད་མ་ཕེབས་པའི་སྔོན་ཙམ་ལ།
སྔོན་མ་མཇལ་མྱོང་བའི་དུས་དང་མཚུངས་པར།
ཕྱག་གཉིས་སྙིང་ཁར་ཟུམ་ནས་རྣམ་ཤེས་སུ་ལ་བཅོལ་ཡོད།
ཁྱེད་ཕྱི་མར་ཕེབས་ལམ་བདེ་མོ་ཨེ་བྱུང་ཞེས་པ་དེ་ཡིན།
མུན་ནག་བཙོན་དུ་བགྲང་བྱ་ཉེར་བདུན་ལྷག་ཚུད་མྱོང་བས།
ཨ་ཁུ་ཆོས་རྒྱལ་གྱི་སྒོ་ཐེམ་རྡོག་པས་བརྫིས་མྱོང་བས།
ཚ་དམྱལ་གྲང་དམྱལ་ཅིའང་ལུས་སེམས་ལ་མྱངས་ཚར་བས།
ད་ནི་ཁྱེད་ཕྱི་ལམ་དུ་བགྲོད་ཤུལ་དུ།
དཀའ་ཁག་དང་ཞེད་སྣང་ཡང་སྐྱེས་མེད་པ་ང་ལ་ཡིད་ཆེས་ཡོད།
སྨྲེ་ངག་དེ་གོ་མ་ཐག
ཅི་ཡིན་ན་མི་ཤེས། ངས་རང་འགུལ་ལྟ་བུས།
སེམས་ཀྱི་མཆི་མ་སྒོ་ཁ་ནས་བཙན་གྱིས་བཀག་ཡོད།
སྐྱོ་བའི་མིག་ཆུ་ངས་མ་གཏོང་།
གདུང་བའི་ངུ་ངག་ངས་མ་འབྱིན།
དབུགས་སྟོད་དུ་འཚང་ནས་ངས་ཡི་གེ་འགའ་ཤོག་བུར་ཕབ།
རེ་བ་དང་རྨི་ལམ་མང་པོ་རྨིས་མྱོང་བའི་ཁྱེད།
ད་བདེ་མོར་ཕེབས་རོགས།
ལེགས་ཉེས་ཅི་ཙམ་སྨུ་ཐག་བཞིན་བརྒྱུས་ནས་ཕེབས་མྱོང་བའི་ཁྱེད།
དེ་སྔོན་ངེད་ཚོ་མཉམ་འཛོམས་སྐབས།
ཁྱེད་ནི་ཆོས་པ་རྣམ་དག་ཅིག་ལ་ངས་མཐོང་གི་ཡོད།
ཁྱེད་ནི་སྤྱི་སེམས་ཆེན་མོ་ཞིག་ལ་ངས་བརྩིས་མྱོང་ཡོད།
བཙན་བྱོལ་ཡུལ་དུ་ཕེབས་རྗེས་ཀྱང་།
ཡུལ་ཁུག་ཀྱོག་ཅིག་གི་བོད་མོ་རྣལ་མ་ཁྱེད་ཀྱིས།
དེ་སྔོན་རྒྱལ་སྤྱི་ཟེར་བའི་སྡེངས་ཆ་ལའང་སྐད་ངག་འགའ་འབྱིན་མྱོང་།
ཞིང་འབྲོག་ཁུལ་གྱི་ཨ་མ་དཀྱུས་མ་ཞིག་གིས།
འཛམ་གླིང་ཟེར་བ་དེར་སྡུག་ཡུས་ཀྱང་ཐེངས་འགར་བསྒྲགས་མྱོང་།
གང་ལྟར་ཁྱེད་ཀྱི་མ་གནང་ས་ཤིག་ངས་མ་དྲན།
སྲིད་ལ་བཞུགས་དུས་ཁྱེད་ལ་སེམས་ཤུགས་བྲག་རི་འདྲ་ཡོད།
ཆོས་ལམ་སྒྲུམ་དུས་ཁྱེད་ནི་མཁའ་འགྲོ་མས་ཀྱང་དོ་ཟླར་བྲལ་བ་ལྟར་ཡོད།
ཁྱེད་ཀྱིས་གཅོད་དང་བཅུད་ལེན་བརྒྱུད།
སྒོམ་སྒྲུབ་དང་སྨོན་ལམ་གཞན་ལས་ལེགས་ཚུལ་ཡང་ཐོས་མྱོང་།
དགུང་ལོ་བགྲེས་ཀྱང་ལོ་ཟླ་ཡིས་ཁྱེད་ཀྱི་དཀྲ་བར་རི་མོ་འབྲི་ས་མ་རག
ཚ་བའི་ལུང་པར་ཐེན་དུག་ཇི་ཙམ་ཆེ་ནའང་།
ཁྱེད་ཀྱི་དཀར་གསལ་ཟླ་བར་འགྱུར་ལྡོག་མ་བྱུང་།
འཛུམ་དང་དགོད་སྒྲ་ད་དུང་ངའི་སྒྲ་འཛིན་དབང་པོར་ལྷེན་ནེར་ཐོས།
གང་ལྟར་ང་ལ་འགྱོད་གདུང་གཅིག་རང་ཡོད་པ་དེ་ནི།
ངས་མི་ཡུལ་འདི་ནས་སྨོན་ལམ་ཅི་ཙམ་འདེབས་ཀྱང་།
ཁྱེད་རྨི་ལམ་ནང་གི་ཕ་སར་འཁྲིད་མ་ཐུབ།
ནུབ་ཕྱོགས་ཡུལ་ནས་དྲན་གདུང་ཅི་ཙམ་འཕྱོ་ཡང་།
ཁྱེད་བཙན་བྱོལ་གྱི་ཡུལ་འདི་ནས།
རྒན་རབས་གང་མང་དང་གཅིག་མཚུངས།
རྣམ་ཤེས་གཞན་ཡུལ་དུ་བཅོལ་དགོས་བྱུང་བ་རེད།
ཁྱེད་ཀྱིས་ང་ལ་དེ་སྔོན་བླ་མ་མཉམ་དུ་བོད་ལ་ཕྱིར་ལོག་ཐུབ་བམ་གསུངས་དུས།
ངས་ཐེ་ཚོམ་གྱི་དྲི་དོགས་ཀྱིས་ཁྱེད་ལ་ཐུགས་ཕམ་བཟོས་པ་དྲན་ཡོང་།
ཁྱེད་ཀྱིས་ཕ་ཡུལ་གྱི་དབུགས་གཙང་མ་དང་སར་བཅུད་ལྡན་ལུགས་གསུངས་དུས།
ངེད་གཉིས་ནས་ཕ་ས་མ་གཞིས་ཀྱི་མཛེས་ལྗོངས་ལ་དྲན་གསོ་མཉམ་དུ་བྱས།
མོ་མཆོག་དམ་པ་ཁྱེད་ལ།
ངས་བསྐྱེལ་མ་ཙམ་ཞུས་མ་ཐུབ་ལ།
ངས་ཁྱེད་ལ་ཐུགས་གསོ་ཙམ་ཡང་ཞུས་མ་ཐུབ།
འདི་ལྟར་ཁྱེད་ཀྱི་བཟའ་ཟླ་ཕྱི་མར་བཞུད་ཚར་བའི་མུས།
ཁྱེད་ཀྱང་ཕེབས་སོང་འདུག
དེའི་ཤུལ་དུ་ངས་རེ་བ་ཞིག་འཆང་ཡོད།
དེ་ནི་ཁྱེད་ཀྱིས་ཉིན་མཚན་དྲན་སྣང་དུ་ཡོད་པའི་ཕ་ས་མ་གཞིས་སུ།
སླར་བོད་མོ་རྣལ་མ་ཞིག་གི་སྐྱེས་སུ་ལེན་ནས།
སྔར་བཞིན་སྤྱི་སེམས་ཁོག་ཏུ་དམ་དུ་བཟུང་ནས།
སེམས་བཟང་དེ་ལུས་ཀྱིས་གཞན་ལ་མིག་སྟོན་གནང་ནས།
ལུས་སེམས་གཉིས་ཀྱི་མཛེས་སྡུག་དེ་འཁྱེར་ནས།
དུས་ནམ་ཞིག་ལ།
ཕ་མ་སྤུན་ཚོ་དང་མཉམ་དུ།
གང་མགྱོས་གཞིས་བྱིས་མཉམ་འཛོགས་ལ།
རོལ་དུ་ཕེབས་ཤོག་ཨང་།
སྤྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ ཉིན་ཨོ་གླིང་རང་ཤག་ཏུ་བྲིས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
ཨོཾ་མ་ཎི་པདྨེ་ཧུཾ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ།
ཨ་མ་ཨ་བདེ་བོད་ཀྱི་ཨ་མ་རེད། །
རྒྱ་ངན་གཞུང་གིས་ལོ་གྲངས་ཉེར་བདུན་རིང་། །
བཙོན་བཅུགས་བཙོན་ཐར་བྱེས་སུ་བསླེབས་ནས་བཟུང་། །
ཛམ་གླིང་ཡོངས་ལ་བོད་དོན་ཁྱབ་སྒྲོགས་གནང་། །
ཁྱབ་སྒྲོགས་གནང་མཐར་བརྒྱད་ཅུ་བརྒལ་ནས་འདས། །
འདས་པོ་ཁོང་ལ་མྱ་ངན་གུས་དུད་ཞུ། །