རྔ་བཟའ་བདེ་པོ་འཚོ།
བྱིས་པ་སུ་ཞིག་ལ་མཚོན་ན་ཡང་། འཇིག་རྟེན་འདི་དང་མི་ཚེ་འདི་ནི་ཆེས་རྟོགས་དཀའ་བའི་ལྐོག་གྱུར་གྱི་གསང་བ་ཞིག་རེད་ཨང་། ཀླད་པ་ཆུང་ཆུང་མཐེ་བོང་འདྲ་བོ་དེ་ནི་དྲི་རྟགས་དང་འཆར་སྣང་སྣ་ཚོགས་ཀྱིས་ཁེངས་ཤིང་། དེ་ཤེས་འདོད་ཀྱི་འདུན་པ་ནི་རྦ་རླབས་བཞིན་སེམས་ཀྱི་ནང་ནས་འཕྱུར་ཡོང་། སྐབས་དེ་ཤེད་དུ་ཕྲུ་གུ་སུ་ཡིན་རུང་ཐོག་མའི་སྐད་ཆ་འདྲི་ས་ནི། ཁྱེད་དང་མཉམ་དུ་གྲིབ་མ་བཞིན་འགྲོགས་ཤིང་ཁྱེད་ལ་བྱམས་པའི་དྲིན་ཆེན་ཨ་མ་ཡིན། ཁྱེད་ཀྱི་རྫོགས་མཐའ་མེད་པའི་དྲི་བ་རེ་རེར། ཨ་མས་དཀའ་ཚེགས་མེད་ཅིང་ཞལ་རས་ལ་འཛུམ་དང་བྱམས་ཀྱིས་ཁེངས་ཏེ་དྲིས་ལན་སྣ་ཚོགས་འདེབས།
འདི་ལྟར་ཁྱེད་ཉིད་འཇིག་རྟེན་འདིར་ཡོང་བ་ནས་བཟུང་། ཁྱེད་ཀྱི་མ་སྨིན་པའི་སེམས་ཀྱི་སྒོ་མོ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་གཏད་མྱོང་། དེ་བཞིན་བདག་གི་ལས་ལ་བསྐོས་པའི་དྲིན་ཆེན་མ་ལོ་ཡང་བདག་གི་མི་ཚེའི་ནང་གི་དགེ་རྒན་ཆེས་དང་ཤོས་དེ་ལས་མ་འདས།
དྲང་མོར་བརྗོད་ན། ཁོ་མོ་ནི་ཁོང་གི་ཤ་ལས་མཆེད་པའི་བུ་མོ་དངོས་མ་མ་ཡིན་ཏེ། ཨ་མ་ཞེས་ཨ་མའི་མིང་ནས་ཀྱང་འབོད་མི་ཤེས་པའི་སྐབས་ཤིག་ལ། ཁོ་མོ་ངའི་མི་ཚེའི་ནང་བསླེབས་བྱུང་། སྐབས་དེ་ནས་བཟུང་ཁོ་མོ་ནི་ངའི་ཨ་མ་གྱུར་ལ་ངས་ཁོང་མོའི་འོ་མ་འཐུངས། ངས་ད་དུང་ཡང་ཁོང་མོའི་ཞལ་རས་ལས་བརྩེ་བའི་མདངས་ཤིག་མངོན་བཞིན་ང་ཁོང་མོའི་བྲང་ཁར་དམ་དུ་བསྡམས་ཤིང་ནུ་མ་བསྣུན། སྐབས་དེར་ངའི་ལུས་ཡོངས་རྫོགས་ལ་དྲོད་ཁྱད་པར་བ་ཞིག་གིས་ཁྱབ་ཞིང་། ཞི་བདེ་ལྷིང་འཇགས་ཀྱི་ཚོར་བ་ཞིག་གིས་་ང་གཉིད་ལ་ཤོར་འགྲོ་བ་ཡང་ད་ལྟའང་ངའི་དྲན་ཡུལ་ན་གསལ་ལྷང་ལྷང་།
དེ་ནས་བཟུང་ཁོང་མོས་ང་ལ་འཇིག་རྟེན་གྱི་མཛེས་སྡུག་བསྟན་སོང་ལ་ལྷ་ཆོས་མི་ཆོས་ཀྱི་བླང་དོར་གྱི་བློ་སྒོ་ཕྱེས་བྱུང་། ཐ་ན་ངའི་གོམས་པ་སྤོ་སྟངས་དང་ཟས་ཟ་སྟངས། སྐད་ཆ་བཤད་སྟངས། གོས་གྱོན་ལུགས། གཞུང་དྲང་བྱ་དགོས་ཚུལ། ལག་པ་བདག་པོ་རྒྱག་གལ་ཆེ་བ། རྒན་པར་གུས་ཞབས་དང་ཆུང་བར་བྱམས་སྐྱོང་བྱེད་ཚུལ། རྒུད་པོར་རམ་འདེགས་དང་འབྱོར་བོར་ཡི་རངས་བྱ་དགོས་པ་སོགས་བྱིས་པ་ཞིག་གི་གནས་བབ་དང་མཐུན་པའི་མི་ཆོས་ཀུན་སྤྱོད་ཀྱི་བསླབ་བྱ་སྣ་ཚོགས་གནང་བས། ཤེས་བྱའི་ལྡུམ་ར་མིག་གིས་མཐོང་མྱོང་མེད་པའི་བུ་མོ་ཞིག་ལ་མཚོན་ན། ཁོ་མོ་ནི་ངའི་ངའི་མི་ཚེ་དང་བསམ་བློ་བསྐྱེད་བསྲིང་བྱེད་པའི་དགེ་རྒན་དང་པོ་དང་། མི་ཞིག་གི་མི་ཚེའི་གོ་རིམ་ནང་གི་ཐོག་མའི་སློབ་གསོ་བ་དེ་ཡིན་འདུག་ཨང་།
དེ་ལྟར་ལོ་དང་ཟླ་བའི་འཁོར་བསྐྱོད་ཁྲོད་ནས་དུས་ཚོད་ཡུན་གྱི་བཞུད་ཅིང་ཁོ་མོ་ཡང་གཉོམ་ལག་རྒྱས་ཏེ། རང་གི་མ་འོངས་པའི་ཕུགས་འདུན་གྱི་ཕྱིར་དུ་ཁོ་མོ་དང་ཁ་བྲལ་ཏེ་ས་མཐར་འཁྱམས། དེ་ནས་བཟུང་ཁོ་མོའི་ཞལ་རས་མ་མཇལ་བར་བགྲང་བྱ་གཅིག་འགྲོ་བཞིན་གདའ་བས་ན། ཁོ་མོ་དང་ཁ་བྲལ་བའི་དུས་ཡུན་རིང་པོའི་འཚོ་བ་ནི་ཅི་འདྲའི་ཁ་དོག་དབེན་ཞིང་ཁེར་རྐྱང་གི་སྣང་བ་ཆེ་བའི་དུས་ཚོད་ཅིག་རེད་ཨང་།
དེ་རིང་ནི་ཨ་མ་ཁྱེད་ཉིད་ཀྱི་ཉིན་མོ་དང་ཆེས་རླབས་ཆེན་གྱི་ཉིན་མོ་སྟེ། འཛམ་གླིང་མ་ཡུམ་ཉིན་མོ་རེད། འཛམ་གླིང་གི་རྒན་གཞོན་ཚང་མས་རང་རང་ས་ནས་རང་གི་བརྩེ་བའི་དྲིན་ཆེན་མ་ལོར་རྟེན་འབྲེལ་ཞུ་ཞིང་དེ་སྲུང་བརྩི་བྱེད་བཞིན་ལོས་ཡོད། གུས་མོས་ནི་རྟ་ནོར་ལུག་གསུམ་དང་གངས་རི་སོགས་མིག་གིས་མི་མཐོང་ས་ཞིག་དང་། ཁེར་རྐྱང་གི་ཁོར་ཡུག་ཅིག་ནས་ཁྱེད་ཉིད་ཀྱི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད། ཡང་ན་ཁྱེད་ཉིད་སེམས་ཀྱིས་དྲན་བཞིན་ཡོད། སྙིང་གི་འཕར་འགྲོས་ཀྱི་ངོས་ན་ཁྱེད་ཀྱི་བྱམས་བརྩེའི་འཛུམ་དཀར་ལྷུག་ལྷུག་དགོད་ཀྱིན་འདུག
གཅེས་པའི་སྐད་ངག་ལྷང་ལྷང་གྲགས་ཀྱིན་འདུག སྣང་བ་ཞིག་ལ་ང་རང་ད་ལྟ་ཁྱེད་ཀྱི་གམ་ན་ཡོད་པ་འདྲ། ཁྱོད་ང་ད་ལྟ་ང་ཡི་གམ་ན་ཡོད་པ་འདྲ། ངས་དྲན་པ་འདིའི་ནང་ནས་མིག་ཀྱང་ཕྱེ་ན་མི་འདོད། ངའི་བརྩེ་བའི་ཡུམ་ཆེན་ལགས།་
དྲིན་ཆེན་གྱི་མ་ལོ་ལགས། ཁྱེད་ཉིད་ངའི་ལུས་འདི་སྐྱེད་མཁན་གྱི་སྐྱེད་མ་མ་ཡིན་ན་ཡང། ཁྱེད་ནི་ངའི་ཚེ་རབས་བརྒྱ་ཕྲག་ལ་བསགས་པའི་བསོད་ནམས་ལས་བྱུང་བའི་དགེ་བའི་འབྲས་བུ་ཞིག་ཡིན་ནམ་སྙམ། གལ་ཏེ་ཁྱེད་ཉིད་ངའི་མི་ཚེའི་ནང་ལ་ཡོང་མེད་ན། ད་སྐབས་ང་འདི་ལྟར་གསོན་པོར་གནས་ཡོད་མེད་ཀྱང་བརྗོད་དཀའ་ལ། གལ་ཏེ་གསོན་པའི་དབང་དུ་བཏང་ཡང་མིའི་ངོ་བོ་ཚང་བའི་བུ་མོ་ཞིག་ཡིན་མིན་སུས་བརྗོད་མི་ཐུབ།
དྲིན་ཆེན་གྱི་མ། བྱམས་ལྡན་མ། དེ་རིང་ངས་ཐག་རིང་ཐག་རིང་ཞིག་ནས། འཛམ་གླིང་ཨ་མའི་ཉིན་མོ་དང་བསྟུན་ནས། ཨ་མ་ལགས། ཁྱེད་ནི་ངའི་ཨ་མ་དངོས་སྟེ་་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་རླབས་ཆེན་གྱི་ཨ་མ་ཡིན་ཞེས་རི་ལུང་གང་སར་ར་སྤྲོད་བྱ་ན་འདོད། དྲིན་ཆེན་ལགས། ཨ་མ་ལགས། ཁྱེད་ནི་ངའི་ཨ་མ་དངོས་ཡིན། བརྩེ་བའི་མ་ཡུམ་ཁྱེད་རང་སེམས་ཀྱིས་དྲན་བཞིན་ཡོད།
༢༠༡༥/༥/༡༠
རང་གི་ཨ་མ་ནི་རང་གི་སྐྱེས་མ་རེད། །
ཛམ་གླིང་གི་ཨ་མ་ནི་ས་གཞི་རེད། །
བདེ་སྐྱིད་ཀྱི་མ་ཡུམ་ནི་ཕན་སེམས་རེད། །
ཞི་བདེ་ཡི་མ་ཡུམ་ནི་མཐུན་སྒྲིལ་རེད། །