བར་ཕུ་ཕུན་ཚོགས།
ཉི་མ་དྲོད་རླངས་ཆེ་བས།།
ལོ་ཏོག་སྨིན་པ་ཇི་བཞིན།།
བརྩེ་ལྡན་ཨ་མ་ལགས་ཀྱིས།།
རྩ་ཆེན་མི་ལུས་གནང་བྱུང་།།
ཟླ་དགུ་ཁོག་པར་ལྕི་ཡང་།།
ཟས་སྤྱོད་སྲུང་ནས་ཉར་བྱུང་།།
ལུས་སེམས་སྡུག་གི་མནར་རུང་།།
བུ་ང་དྲིན་གྱིས་བཙས་སོང་།།
རྩ་དཀར་ནད་མནར་ཞིག་ལ།།
སྨན་པས་བསྐུ་མཉེ་བྱེད་བཞིན།།
ཨ་མའི་འཇམ་མཉེན་ཕྱག་གིས།།
བསྐུ་བྱུག་ལན་མང་གནང་བྱུང་།།
སྣབས་ལུད་ལྕེ་ཡིས་འཇིབ་ནས།།
ཕྱེ་མ་ས་ལ་འཕངས་སོང་།།
རྩུབ་པོའི་ཚིག་གཅིག་གསུངས་ཤིང་།།
དྲག་པོའི་རྣམ་འགྱུར་བསྟན་ཡང་།།
ལྷད་མེད་བརྩེ་དུང་གཟབ་མོས།།
སེམས་ལ་བདེ་སྐྱིད་ཐོབ་བྱུང་།།
སྐར་ཚོགས་མང་པོའི་དཀྱིལ་ནས།།
ཟླ་བ་འོད་མདངས་ཆེ་བ།།
མི་ཚོགས་མང་པོའི་དབུས་ནས།།
ཨ་མ་བཀའ་དྲིན་ཆེ་བ།།
ས་གཞི་གཅིག་ལ་བརྟེན་ནས།།
མེ་ཏོག་སྣ་ཚོགས་བཞད་སོང་།།
དྲིན་ཅན་ཨ་མར་བརྟེན་ནས།།
མི་རིགས་སྣ་ཚོགས་བྱུང་ཡོད།།
འཇམ་པོའི་གོས་ཀྱི་བརྒྱན་ཞིང་།།
ཞིམ་མངར་ཟས་ཀྱི་བསྐྱངས་ནས།།
ཤེས་ཡོན་སློབ་སྦྱོང་སྤྲད་དེ།།
མདུན་ལམ་བཟང་པོ་བཟོས་བྱུང་།།
མ་རབ་ལས་ལ་མི་དགའ།།
ཡ་རབ་བྱས་ཚེ་མཉེས་པ།།
འཇིག་རྟེན་མི་ཆོས་ལྡན་པའི།།
བུ་ཞིག་ཡོང་རེ་གནང་གིས།།
མ་མ་དྲིན་ཅན་ཉི་མ།།
མ་ལུས་སྡུག་བསྔལ་སེལ་མ།།
མ་ལྷད་བརྩེ་ཆེན་ཉིད་མ།།
མ་ཡུམ་རྗེ་བཙུན་སྒྲོལ་མ།།
མ་ཡིས་ལུས་པོ་སྤྲད་བྱུང་། །
མ་ཡིས་བརྩེ་སེམས་སྤྲད་བྱུང་། །
མ་ལུས་ཡོད་ཚད་སྤྲོད་མཁན། །
མ་ཡུམ་དེ་ལྷག་སུ་ཡོད། །
བྱི་ཕྲུག་བདག་མེད་མིན་པའི་ཕ་རོལ་ན།
མ་ནི་དྲིན་ལ་ཕ་ཡང་དྲིན་ཆེན་ཡིན།
དྲིན་ཆེན་དབྱེ་བ་འབྱེད་དུ་ཤེས་བ་དེ།
བུ་ཕྲུག་བློ་མེད་ཡིན་པའི་རང་མཚང་ཡིན། ཧ་ཧ་ཧ།