བོད་མདོ་སྨད་བླ་བྲང་ཨ་མཆོག་ཚོ་བའི་ནན་པན་སྡེ་བ་རུ། རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་གཉིས་ལ་གཞུང་གི་གནམ་ཐང་རྒྱག་མཁན་ཚོའི་རས་གུར་རྐུས་པའི་ཉེས་མིང་འོག་མེ་མདའ་བརྒྱབ་ཏེ་བོད་མི་གཅིག་དམར་གསོད་བཏང་ཡོད་པ་དང་། ཡང་བོད་མི་གཞན་གཅིག་དེ་འཛིན་བཟུང་བྱེད་ཡོད་འདུག། སྡེ་བའི་མང་ཚོགས་ཀྱིས་ཉེན་རྟོག་པ་དང་དམག་མིར་བདེན་དཔང་མེད་པར་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་བར་ངོ་རྒོལ་བྱེད་པས། ད་ལྟའི་ཆར་ཉེན་རྟོག་པ་དང་དྲག་ཆས་སྤྲས་པའི་མི་མང་གིས་སྡེ་བའི་མཐའ་སྐོར་ཏེ་དྲག་གནོན་བྱེད་ཀྱིན་ཡོད་པའི་གནས་ཚུལ་སླེབས་ཡོད།
ཚེས་བརྒྱད་ཉིན་གྱི་མཚན་གུང་ལ་བོད་མདོ་སྨད་བླ་བྲང་ཨ་མཆོག་འཚོ་བའི་ནན་པན་སྡེ་བ་རུ། ཨ་མཆོག་ས་གནས་ཉེན་རྟོག་པ་དང་བླ་བྲང་རྫོང་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་དང་དྲག་ཆས་སྤྲས་པའི་དམག་མི་བཅས་མཉམ་རུབ་ཀྱིས་མཚན་གུང་སྡེ་བའི་ནང་འཇབ་རྒོལ་བྱེད་དེ། ནན་པན་སྡེ་བའི་མགོན་པོ་སྐྱབས་དང་ཁོང་ཚང་དུ་ཡོད་པའིོ་རྔ་རྒོད་སྡེ་བའི་གུར་མགོན་ཚེ་བརྟན་གཉིས་འཛིན་བཟུང་བྱ་འཆར་བྱེད་པ་དང་། སྐབས་དེར་ཉེན་རྟོག་པའི་ཁྲོད་ཀྱི་དམག་མི་ཞིག་གིས་མགོན་པོ་སྐྱབས་ཚང་གི་ཁང་བའི་སྒེའུ་ཁུང་ལས་མེ་མདའ་འཕངས་ཏེ་དེ་མ་ཐག་རྔ་རྒོད་སྡེ་བ་ནས་ཡིན་པ་མགོན་པོ་སྐྱབས་ཚང་དུ་མགྲོན་དུ་སླེབས་ཡོད་པའི་གུར་མགོན་ཚེ་རིང་བསད་ཡོད་པ་དང་། མགོན་པོ་སྐྱབས་འཛིན་བཟུང་བྱེད་ཡོད་འདུག དེ་ཡང་འབྲེལ་ཡོད་ཨ་མཆོག་ས་གནས་ནས་གནས་ཚུལ་མཁོ་སྤྲོད་བྱེད་པ་ལྟར་ན། ཨ་མཆོག་གི་སྐྱེས་ལྷ་གོང་སྔོན་གྱི་འདབ་རོལ་དུ་རྒྱ་ནག་གཞུང་གིས་གནམ་ཐང་རྒྱག་རྒྱུའི་འཛུགས་བསྐྲུན་ལས་མགོ་བརྩམས་ཡོད་པ་དང་། དེ་གར་ཡོད་པའི་རྒྱ་གཞུང་གི་ལས་མིའི་རས་གུར་གཉིས་བོར་བརླག་ཏུ་ཕྱིན་པ་དེ། ནན་པན་སྡེ་བའི་མགོན་པོ་སྐྱབས་དང་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་གཉིས་ཀྱིས་རྐུས་སོང་བར་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། ཚེས་བརྒྱད་ཀྱི་དགོང་མོ་མཚན་གུང་གུར་མགོན་ཚེ་རིང་དང་མགོན་པོ་སྐྱབས་གཉིས་མཉམ་དུ་ཡོད་པ་དང་སྟབས་བསྟུན་ནས་དྲག་ཆས་དམག་མི་སོགས་མཉམ་རུབ་ཀྱིས་འཇབ་རྒོལ་བྱེད་པ་ཡིན་འདུག
མཚན་གུང་གནས་ཚུལ་བྱུང་བའི་རྗེས་སུ་རྔ་རྒོད་སྡེ་བ་ནས་ཡིན་པ་གུར་མགོན་ཚེ་རིང་ནན་པན་སྡེ་བ་ནས་ཉེན་རྟོག་པས་བསད་པ་གོ་མ་ཐག རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་གི་ཤ་ཉེ་སྤུན་མཆེད་གཙོས་པའི་སྡེ་མི་ཚོ་ཨ་མཆོག་གྲོང་བརྡལ་གྱི་ཉེན་རྟོག་པའི་ལས་ཁུངས་སུ་རྒྱུགས་ཏེ་སྒོ་དང་སྒེའུ་ཁུང་སོགས་བཅག་པས། ཉེན་རྟོག་པ་ཚོ་ས་གནས་ནས་སྡོད་མ་ཐུབ་པར་རྫོང་ཐོག་ལ་བྲོས་ཕྱིན་ཡོད་འདུག
དེའི་རྗེས་ཉིན་གུང་ཙམ་ལ་བསྐྱར་དུ་རྫོང་ཐོག་ནས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ཏེ་སྡེ་བར་དྲག་གནོན་གྱིས་ད་དུང་ཡང་བོད་མི་འཛིན་བཟུང་བྱ་གྲགས་བྱེད་སྐབས། བོད་མི་ཚོས་བསྐྱར་དུ་ཉེན་རྟོག་པ་དང་ལག་འཛིང་བྱུང་ཡོད་འདུག་ལ་ད་ལྟའི་ཆར་ཉེན་རྟོག་པའི་རླངས་འཁོར་རྣམས་བཙབ་ཧྲལ་བཏང་བ་དང་ཉེན་རྟོག་པ་གཅིག་གཉིས་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་ལས་བོད་མི་ཚོའི་གནས་སྟངས་གང་འདྲ་གྱུར་ཡོད་མེད་ཤེས་རྟོགས་གང་ཡང་མེད་པ་རེད།
གནས་ཚུལ་འདི་གོ་བ་དང་བསྐྱར་དུ་ས་གནས་ཨ་མཆོག་ཏུ་ཡོད་པའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་ལ་ཁ་པར་རྒྱུད་སྐད་ཆ་དྲིས་སྐབས། མིང་གསལ་འདོན་བྱ་བར་སྟབས་བདེ་མིན་པ་ཞིག་གིས་འགྲེལ་བརྗོད་བྱེད་དོན་བྱེད་ན། ཨ་མཆོག་གི་ཐང་ཆེན་དུ་གནམ་གྲུ་བཟོ་བསྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱིས་སྤྱི་ལོ་༢༠༠༩ལོ་ནས་མགོ་འཛུགས་བྱེད་པ་ཡིན་པ་དང་། སྐབས་དེར་མི་མང་གིས་ངོ་རྒོལ་བྱེད་པ་དང་། མི་མང་གི་ས་གནས་ལ་བཟོ་བསྐྲུན་དུ་སླེབས་མཁན་གྱི་རྒྱ་མི་ཚོར་སྡོད་དུ་མ་བཅུག་པ་དང་བཟོ་བསྐྲུན་ལག་ཆ་རྣམས་རྐུས་པ་དང་བཅག་པ། སྤས་པ་སོགས་ཀྱིས་ཐབས་ཤེས་སྣ་ཚོགས་ཀྱིས་ངོ་རྒོལ་བྱེད་སྐབས། འབྲེལ་ཡོད་མི་སྣས། བོད་མི་ནང་ཁུལ་དུ་ནང་དཀྲུག་བྱེད་དེ་རི་སྡེ་ཁ་ཤས་ལ་དངུལ་ཕོན་ཆེན་སྤྲད་དེ་གནམ་ཐང་འཛུགས་བསྐྲུན་བྱ་བར་རྒྱབ་སྐྱོར་བྱེད་དུ་བཅུག་པ་དང་རི་སྡེ་ཁ་ཤས་ཀྱིས་ངོ་རྒོལ་བྱུང་བ་སོགས་ཨ་མཆོག་ཚོ་བའི་ནང་ཁུལ་དུ་འགྲིག་མཐུན་མ་བྱུང་བའི་དཀའ་ངལ་འཕྲད་མྱོང་བ་དང་། ཡང་སྐབས་དེ་དག་ཏུ་སྔོ་ལྗང་ལྗང་གི་རྩྭ་ཐང་ལ་བྱེ་མ་དང་ས་རྡོ་སྐྱེལ་འདྲེན་བྱེད་པ་དང་བོད་མི་ཚོ་གླ་བ་བྱེད་དུ་བཅུག་པ་སོགས་ཀྱིས། རི་སྡེ་ཁ་ཤས་ཀྱི་བོད་མི་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་བསྐྱར་དུ་ལྐོག་ནས་མུ་མཐུད་དུ་ཐབས་ཤེས་སྣ་ཚོགས་ཀྱིས་གནམ་ཐང་བཟོ་བསྐྲུན་གྱི་ལས་འཆར་ལེགས་འགྲུབ་བྱུང་བར་མ་བཅུག་པར་བར་ཆད་སྣ་ཚོགས་བཟོས་པས། སྤྱི་ལོ་༢༠༡༠ལོའི་ལོའི་མཚན་མོ་ཞིག་ལ་གློ་བུར་དུ་གནམ་ཐང་བཟོ་བསྐྲུན་ལས་མཚམས་བཞག་ཏེ་ལས་མི་རྣམས་ཀྱང་ཕྱིར་ལོག་བྱེད་ཡོད་འདུག དེ་ལྟར་ལོ་གཅིག་ཙམ་ལ་གནམ་ཐང་ལས་མཚམས་བཞག་རྗེས་ཀྱི་སྤྱི་ལོ་༢༠༡༡ལོེར་བསྐྱར་དུ་ལས་གཞི་མགོ་བརྩམས་ཡོད་འདུག་ལ། གནམ་ཐང་བཟོ་བའི་ལས་གཞིའི་ཐད་དུ་ཨ་མཆོག་ཚོ་བའི་ནང་དུ་ངོ་རྒོལ་བྱེད་པར་རྒྱ་ནག་གཞུང་གིས་ཐབས་ཤེས་སྣ་ཚོགས་བཀོལ་ཏེ་ནང་ཁུལ་དུ་འཁྲུག་རྐྱེན་སློང་བ་དང་ངོ་རྒོལ་བ་ཚོ་ཁེར་རྐྱང་ལ་ཕུད་དེ་ཉེས་འཛུགས་བྱ་ཐབས་བྱེད་ཀྱིན་ཡོད་པའི་གནས་ཚུལ་རིམ་པས་འགྲེལ་བརྗོད་བྱེད་སོང་།
ཡང་འབྲེལ་ཡོད་མི་སྣས་ངོ་སྤྲོད་ཞུ་བ་ལྟར་ན་རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་བའི་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་ནི་ད་ལྟ་ལོ་ན་༣༥ཡན་ཞིག་ཡིན་པ་དང་། ཁོང་གནམ་ཐང་གི་ལས་གཞིའི་ནང་དུ་སྔོན་ཆད་ཀྱང་དཀའ་རྙོག་གང་མང་ནང་དུ་ཚུད་མྱོང་ཡོད་འདུག་ལ། ཡང་འཛིན་བཟུང་བྱེད་ཟིན་པའི་ནན་པན་སྡེ་བའི་མགོན་པོ་སྐྱབས་ཀྱང་ལོ་ན་༣༥ཡན་ཞིག་ཡིན་འདུག གསར་འགྱུར་འདི་འབྲི་བཞྀན་པའི་སྐབས་སུ་ཚེས་དགུ་ཡི་བོད་ནང་ནམ་གུང་ཡིན་པ་དང་། འབྲེལ་ཡོད་མི་སྣ་འདིས་བསྐྱར་དུ་བརྗོད་དོན་ལྟར་ན། ད་དུང་སྡེ་བའི་མཐའ་སྐོར་ཡོངས་སུ་ཉེན་རྟོག་པ་དང་དམག་མིས་ཁེངས་ཡོད་པས། སྡེ་བའི་ནང་གི་མི་རྣམས་ཀྱིས་བསྐྱར་དུ་སྡེ་བའི་མི་འཛིན་བཟུང་བྱ་བར་དོགས་ནས་ངལ་གསོ་བྱ་ཐུབ་ཀྱིན་མེད་པ་རེད། ཡང་ནན་པན་སྡེ་བ་དང་རྔ་རྒོད་སྡེ་བ་སོགས་ནི་གནམ་ཐང་བཟོ་སའི་ཐང་ཆེན་གྱི་ཉེ་འཁྲིས་སུ་ཡོད་པའི་སྡེ་བ་དེ་ཚོ་ཡིན་པ་རེད།
ཨཱ་ཁ་་་་་་་་་་་བོད་མི་ཉུང་བའི་ཐོག་ཏུ་དམར་གསོད་མང་བ་འདི་མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་དེ་མ་རེད་དམ།
རྒྱལ་གཅེས་དཔལ་བོ་བོད་མི་རྣམས་རེ་རེ་བཞིན་དམར་གསོད་བཏང་བཞིན་ཡོད། རང་དབང་ལུང་པ་རྣམས་ཡོད་པའི་བོད་མི་རྣམས་ཀྱིས་བསམ་ཚུལ་རེ་བཤད་ནས་བསྡད་ན་ཨེ་འགྲིག་ན། ད་ནི་བོད་གཞུང་དམངས་གཉིས་ཀ་ལང་རན་འདུག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐམས་ཅད་ལང་རན་འདུག མགོ་ཁྲིད་མི་རྣམས་ཀྱིས་མགོ་ཁྲིད་ནས་ལོངས་ཤོག མི་དམངས་རྣམས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་ནས་ལོངས་ཤོག ད་བོད་མི་རྣམས་ལོངས་ཤོག ལོགས་ཤོག ལོགས་ཤོག ལོགས་ཤོག
དཔའ་རྒོདཚོ་་འདི་ལྟར་གཅིག་རེ་གཉིས་རེ་མི་རིགས་འདིའི་བདེན་དོན་ཆེད་བཞུད་སོང་།ང་དང་ང་འདྲ་བ་ཚོ་་མི་ཡུལ་གཞན་ཞིག་གི་ཐུ་འོག་འཛུལ་ནས་སྐད་ཆ་སྤོམ་བོ་རེ་བཤད་ནས་བསྡད་ཡོད།ངའི་ཁྱེད་ཅག་ལ་དགོངས་དག་ཞུ།རྒྱལ་གཅེས་དཔའ་བོ་ཚོ།ཁྱེད་ཅག་སྐྱེས་པ་རླབས་ཆེ་ཞིང།ཤི་བ་གཟི་བརྗིད་ཆེ།དཔའ་རྒོད་ཚོ།