སྐྱོ་བྲག་དགའ་དབང་།
ང་ཚོའི་འཚོ་རྟེན་གཙོ་བོ་བཟའ་བཏུང་རེད། བཟའ་བཏུང་ཡོད་པ་ཙམ་གྱིས་མི་ཆོག་པར་ཞིམ་པོ་ཞིག་དགོས་ཀྱི་ཡོད། ཞིམ་པོ་ཞིག་བཟོ་ཤེས་ན་སོ་སོས་འབད་རྩོལ་བྱེད་ལ། ཅི་སྟེ་ཤེས་ཀྱི་མེད་ན་གཞན་པས་བཟོས་པ་རིན་གྱིས་ཉོ་བས་ན། ས་གནས་གང་སར་ཟ་ཁང་འཛུགས་སྐྲུན་གྱིས་བདག་གཉེར་བྱེད་པའི་གནའ་སྲོལ་ཡོད་པ་ལས། དགུན་གྱི་དུས་འདིར། རྒྱ་གར་གྱི་ཡུལ་དབུས་མ་ག་དྷ་རྡོ་རྗེ་གདན་གྱི་ཉེ་འཁོར་དུ་བོད་པའི་ཟ་ཁང་རང་ཡང་མང་ཐག་ཆོད་ཡོད་པའི་ནང་ནས། ཀུན་གྱི་ཡིད་ལ་འཁོར་ཞིང་། ཀུན་གྱིས་གླེང་སློང་བྱེད་པའི་ཟ་ཁང་ནི། ཨ་མདོ་ཙོང་ཁ་སྟབས་བདེ་ཟ་ཁང་རེད།
ཟ་ཁང་འདིས་རྒྱ་དཀར་ནག་དང་། བོད་བལ་པོ་སོགས་ཀྱི་བཟའ་བཏུང་གི་རིགས་མང་པོ་ཞིག་གཡོ་སྐོལ་བྱེད་པའི་ནང་ནས། མིའི་ལོ་ན་རྒས་གཞོན་དང་ཕོ་མོའི་ཁྱད་པར་མེད་པ། ཀུན་གྱི་ཡིད་ཀྱི་དབང་པོ་གླང་ཆེན་སྨྱོན་པ་འདྲ་བ་དེ། ལྕེའི་དབང་པོ་ལྕགས་ཀྱུ་འདྲ་བ་དེས། རང་དབང་མེད་པར་འདྲེན་འོང་བྱེད་གཙོ་བོ་ནི་མོག་མོག་རེད་གདའ། མོག་མོག་ཤ་ཡོད་ཤ་མེད་ག་རེ་ཡིན་ནའང་སྤོད་ཀྱི་བྲོ་བ་དང་སྣུམ་གྱི་ཞིབ་ཆས་སོ་སོའི་བཟའ་བཏུང་གཡོ་སྐོལ་ཟིན་པའང་བསྐྱུར་ནས་ཟ་ཁང་འདིའི་མོག་མོག་འཚོལ་སྒྲུབ་ཀྱིས་བཟའ་བཞིན་འདུག །
ཆེད་དུ་འདྲི་རྟོག་མ་བྱས་ནའང་ཀུན་གྱིས་ཨ་མདོ་ཙོང་ཁ་སྟབས་བདེ་ཟ་ཁང་ཟེར་བ་ཞིག་ཡོད་རབས་དང་། ཡོད་པ་དེ་ཡང་ཡག་རབས་དང་བཟང་རབས་ལུང་པ་གང་བཤད་ཡོང་ལ། སོངས་རབས་ཀྱི་ལམ་སྟོན་ཡང་བྱེད་ཡོང་། ཁོ་ཚོས་བཤད་པའི་སྐབས་སུ་ཕལ་མོ་ཆེའི་ཁ་ཡང་རློན་པ་ཆགས་འགྲོ་བས་ན་རང་ཡང་དབང་མེད་དུ་འགྲོ་ཤོར་ཞིང་། འགྲོ་ནས་ཟོས་པ་ནའང་བྲོ་བ་ཞིམ་ལ་ཞུ་རྗེས་བཟང་བས་དུས་ཚོད་དང་འགྲོ་སོང་གཏོང་རིན་ཆོག་འདུག་སྙམ་པ་ཡོད།
གཡོ་སྐོལ་གྱི་མ་བྱིན་ཡང་ཟ་ཁང་བདག་པོ་རང་ཉིད་ཡིན་ཕྱིར་ད་ལྟ་དང་མ་འོངས་པའི་ཁེ་ཕན་ལ་བསམས་ནས་ལྷད་མེད་པའི་ལས་ཀ་བྱས་ཏེ། ལྷད་མེད་པའི་བཟའ་བཏུང་མཁོ་སྤྲོད་བྱེད་པས་ན། ཀུན་གྱི་འདོད་བློ་ཁེངས་པའི་དགའ་ཉམས་དང་གཏམ་གླེང་མང་བས། མ་བོས་མགྲོན་པོ་འཚང་ཁ་ཆེ་བ་ནི་ཟ་ཁང་འདིའི་ཁྱད་ཡོན་དུ་གྱུར་གདའ།
སྤྱིར་བཟའ་བཏུང་ཁ་ལ་ཞིམ་ཞིང་ལུས་ལ་ཞུ་རྗེས་བཟང་བ་ནི་ང་ཚོ་ཚང་མའི་དགོས་དམིགས་རེད་ལ། ཟ་ཁང་བཟང་བ་དག་ལ་འཚང་ཁ་ཤིག་ཤིག་བྱེད་པའི་རྒྱུ་མཚན་ཡང་དེ་རེད། ཡིན་ནའང་། རྒྱུས་མེད་དག་གིས་ཟ་ཁང་བཟང་ངན་གང་ཡིན་མ་ཤེས་ནས་དུས་ཚོད་དང་འགྲོ་སོང་འཕྲོག་བརླག་ཏུ་གཏོང་བ་མི་ཚད། དགོས་དམིགས་ལས་ལོག་པའི་མཇུག་འབྲས་ཀྱང་སྨིན་མི་སྲིད་པ་མིན་པས་ན། ཉམས་མྱོང་ཡོད་པ་དག་གིས་ལམ་སྟོན་རྣལ་མ་རེ་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཡིན་ནོ། །
མཁན་པོ་ལགས། ཟ་ཁང་བདག་པོའི་ལག་ཟས་ཀྱིས་ཡི་ག་འཕེལ་བ་ལྟར། ཁོང་གི་སྙན་ངག་གིས་ཀྱང་དང་བ་འདྲེན་ཡོང་། དེ་བས། སྙན་ངག་གི་གོང་ཚད་མག་མོག་ལས་ལྡབ་ཁ་ཤས་ཡིན་སྲིད་མོད། སང་ཉིན་མག་མོག་ཉོས་ཞོར་དུ་སྙན་ངག་ཚན་པ་གཅིག་ཀྱང་བླུ་རོགས།
སྐྱོ་བྲག་དགའ་དབང་ཁོང་ལ་ད་ནས་བཟུང་ཨ་མདོ་ཙོང་ཁའི་ཟ་ཁང་ལ་མོག་མོག་མཆོད་ཡག་རིན་པ་སྤྲད་མི་དགོས་པ་ཆགས་རྒྱུ་རེད། འོན་ཀྱང་ཁོང་ནི་ཕལ་ཟ་ཁང་སྦྱིན་བདག་དེ་ལ་འབྲེལ་འདྲེས་མེད་སྟབས་རིན་མེད་དབུལ་རྒྱུ་དཀའ། ཉིན་ཤས་ང་ཡང་༧སྐྱབས་རྗེ་ཞི་བར་གཤེགས་པ་རྩེ་སྤྲུལ་རིན་པོ་སྐུ་གདུང་མཇལ་ཡག་བསྟུན་རྡོར་གདན་ལ་ཡོང་ངེས་དེ་དུས་སྐྱོ་བྲག་གྲྭ་རྒན་ཁྱེད་ཀྱིས་མོག་རྩོམ་དེ་ཡང་ཟ་ཁང་དེར་སྤྲོད་ཆོག