ཕྱི་ ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ཉིན་འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཨུ་རྒྱན་ཚེ་རིང་ཚང་གི་རྔ་པ་ཀིརྟི་ དགོན་གྱི་གྲྭ་དགེ་འཕེལ། རང་ལོ་ ༢༣ དང་ཕ་མིང་ལ་ཨུ་རྒྱན་ཚེ་རིང་ ཡིན་པ་ཁོང་དང། ཡང་རྨེའུ་རུ་མའི་རུ་ཆེན་དང་པོའི་ཨ་ཀྱཱ་ཀྱཱ་(མི་སྐྱ་)། རང་ལོ་ ༣༠ གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་ཁོང་གཉིས་ འཛིན་བཟུང་བྱས་པའི་ཟླ་ཚེས་དང་དེང་སྐབས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་ པོ་ཤེས་རྟོགས་མ་བྱུང་ཡང་། ཨ་ཀྱཱ་ཀྱཱ་ལ་གསུམ་པའི་ བཅུ་དྲུག་ཉིན་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་མི་མང་གིས་ཡར་ལངས་བྱེད་སྐབས་སྣེ་འཁྲིད་པའི་དོགས་གཞིའི་འོག་བཟུང་བ་ཞིག་ཡིན་འདུག
རྔ་ པའི་དགོན་གྲོང་སྤྱི་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་པ་རྒྱ་ནག་གི་དྲག་ཆས་དམག་ དཔུང་དང་ཉེན་རྟོག་མི་སྣ། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲག་བཀག་སྡོམ་བྱས་ཡོད་པ་དང་། ད་དུང་མུ་མཐུད་ནས་བཀག་སྡོམ་དམ་དྲག་ཧ་ཅང་ཆེན་པོའི་འོག་རྒྱལ་གཅེས་ཆོས་གཅེས་ ཀྱི་སློབ་ གསོ་ཟེར་བ་སྤེལ་མུས་ཡིན་པ་དང། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྐབས་གྲྭ་པ་རེ་རེ་ལ་ལས་བྱེད་པ་རེ་རེ་ལྟ་རྟོག་བྱེད་མཁན་ དུ་བགོས་ནས་བཞག་ཡོད་འདུག་ལ། དེ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྐབས་ཚུར་གྲྭ་ཤག་ནས་ཁྲིད་རྒྱུ་དང་ཕར་གྲྭ་ཤག་ལ་སྐྱལ་བཞིན་ཡོད་འདུག དགོན་པའི་ནང་གི་ལས་འགུལ་ཡོངས་ཀྱིས་འགན་འཁུར་བ་གཙོ་བོ་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ འགན་འཛིན་ཅེན་པོས་ཀྲང་དང་། འགན་འཛིན་གཞོན་པ་ཚེ་པོས་ཀྲང་གཉིས་ཡིན་འདུག
ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྲྭ་པ་རྣམས་ལ་ཟླ་ཕོག་སྤྲོད་ཡོད་འདུག་པར་གྲྭ་པ་རྣམས་ཀྱིས་ཟླ་ཕོག་ལེན་གྱི་མིན་ཚུལ་བཤད་ཀྱང་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་བརྒྱུད་མཐར་མང་ཆེ་བར་ལེན་བཅུག་ཡོད་འདུག་མོད། གྲྭ་པ་སྐོར་ཞིག་གིས་གཏན་ནས་མ་བླངས་པར་ཨུ་ཚུགས་བྱས་པར་བརྟེན། སྒོར་མོ་མི་ལེན་མཁན་གྲྭ་པ་ཉི་ཤུ་ལྷག་འཛིན་བཟུང་བྱས་བཀག་ཉར་བྱས་ཡོད་ཀྱང་ཁོང་རྣམས་ཀྱི་མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང།
དེང་ སྐབས་དགོན་པའི་ལྕགས་རིའི་ཕྱི་རོལ་ཀྱི་བྱང་ཕྱོགས་སུ་དམག་མི་སྡོད་སའི་གུར་ ཆེན་པོ་གཉིས་དང། ཤར་སྒོའི་གཡས་གཡོན་ དུ་གུར་ཆེན་པོ་གཉིས། ནུབ་ཁའི་སྨད་ཕྱོགས་ཀྱི་མཆོད་རྟེན་འོག་ལ་གུར་ཆེན་པོ་གསུམ། ནུབ་སྒོའི་གཡས་གཡོན་དུ་གུར་ཆེན་པོ་གཉིས། གླིང་མདོའི་སྒོ་ཆེན་འགྲམ་དུ་གུར་ཆེན་པོ་བཞི་བཅས་ཕུབ་ནས་རྒྱུན་དུ་དགོན་པའི་ཕྱི་རོལ་ནས་དམག་མིས་སྐོར་ཡོད་པ་དང་།
ནང་ལོགས་སུ་ཁང་མིག་ཉེར་ལྔ་ལྷག་ཡོད་པའི་དགོན་པའི་ཚོམ་ཁང་གསར་པའི་ནང་དམག་མི་དང་ཉེན་རྟོག་པ་རྒྱུན་སྡོད་བྱས་ཡོད་པ་དང། དེ་མིན་གླིང་བར་དུ་ཡོད་པའི་གྲྭ་ཤག་སྟོང་པ་ཡོད་ཚད་ཀྱི་ནང་དུ་དམག་མི་དང་ཉེན་རྟོག་པ་ལས་བྱེད་པ་རེ་ཟུང་བཅས་རྒྱུན་སྡོད་བྱས་ཡོད་འདུག
ད་ བར་རྒྱ་ནག་གཞུང་གིས་གྲྭ་པ་ ༢༠༠ ལྷག་སྔ་ཕྱིར་དགོན་པའི་ནང་ནས་གཏན་ཕུད་བཏང་བའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་འདུག་ལ་དེར་དགོན་པའི་ཆོས་ལུགས་དོ་དམ་ཁང་ལ་བཙན་དབང་གིས་ཐེལ་ཙེ་རྒྱག་འཇུག་བཅུགས་ཡོད་ནའང་གྲྭ་མང་གིས་དེ་ལ་རྩ་བ་ནས་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གྱིན་ཡོད་ འདུག དགོན་པའི་ནང་ནས་ཕུད་པའི་གྲྭ་པ་རྣམས་ཀྱིས་གྲྭ་ཤག་ཁག་དགོན་པ་གཞུང་གིས་ཉོ་ཐུབ་ ན་མ་གཏོགས་ གཞན་ཚང་མ་རྒྱ་གཞུང་གིས་གཏོར་ནས་རྩ་མེད་བཟོ་རྒྱུ་ཡིན་ཚུལ་བཤད་ཀྱིན་ཡོད་པ་ དང་། གོང་གསལ་དགོན་པའི་ནང་ནས་ཕུད་ཡོད་པའི་ཁོངས་སུ་མགོ་ལོགས་ཕྱོགས་ནས་གྲྭ་པ་ཉི་ཤུ་ལྷག་ཡོད་པ་རྣམས་ཀྱི་གྲྭ་ཤག་ཏུ་ཡོད་པའི་ བཅའ་དངོས་རྣམས་ལྷན་གཅིག་ཏུ་བསྡུས་ནས་གཅིག་སྒྲིལ་རྫོང་ཐོག་ལ་ཁྱེར་ཞིང་། དེར་དོ་བདག་སོ་སོ་ལེན་དུ་ཡོང་དགོས་ཚུལ་བརྗོད་པར་གྲྭ་པ་གཅིག་ཀྱང་ལེན་དུ་ཡོང་ མེད་པར་བརྟེན། གཅིག་སྒྲིལ་རྫོང་ལ་རྩིས་ ལེན་དགོས་ཚུལ་བཤད་ཀྱང་གཅིག་སྒྲིལ་རྫོང་གིས་མ་བླངས་པས། མགོ་ལོགས་ཁུལ་ལ་ཁྱེར་ནས་རྩིས་ལེན་དགོས་ཚུལ་བཤད་འདུག་མོད། དེ་ནས་ཀྱང་མ་བླངས་སྟབས། ཕྱིར་རྔ་པ་རུ་ཁུར་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༩ ལ།
སྐུ་ཞབས་བློ་བཟང་ལགས་དང་། ཚེ་རིང་ལགས་གཉིས་ནས་རྔ་བའི་གནས་ཚུལ་རྣམས་དུས་ཐོག་ཏུ་འགྲེམ་སྤེལ་གནང་བཞིན་འདུག་པར་རྗེས་སུ་ཡིད་རངས་ཡོད། ང་ཚོ་གཞིས་ལུས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་པའི་ཆ་ནས་གལ་ཆེན་པོ་རེད།