ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ ཉིན་མདོ་སྨད་རྔ་བ་རྫོང་གི་ཀིརྟི་དགོན་གྱི་གྲྭ་བ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཉིན་ས་གནས་སྐྱ་སེར་མང་པོས་ཞི་རྒོལ་བྱས་སྐབས་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་གྲས་སུ་རྔ་སྲིབ་སྤྲོ་ཚིགས་ཐང་བ་མའི་བཀྲ་རྒྱལ་ཚང་གི་སྐལ་བཟང་ངམ་མགོན་དཀར་ཞུ་བ། རང་ལོ་ ༤༢ ཡིན་པ་ཁོང་འཛིན་བཟུང་བྱས་ཏེ་རྔ་བ་རྫོང་ཐོག་དུ་བཀག་ཉར་བྱས་ཡོད་ལ། ད་བར་ཟླ་ ༩ ལྷག་རིང་གཅར་རྡུང་མནར་གཅོད་དྲག་པོ་བཏང་ནས་བཀག་ཉར་བྱས་ཡོད་པ་མ་ཟད། གཉེན་ཉེ་སུ་ལ་ཡང་ངོ་ཐུག་བཅུག་མེད། ཉེ་ཆར་གནས་ཚུལ་ཐོན་པར་ཕྱི་ལོ ༢༠༡༢ ལོའི་ཟླ་༡ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་མི་མཐུན་པར་གསང་བའི་སྒོ་ནས་ལོ་ ༣ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ནང་མིར་བརྡ་ལན་ཙམ་ཡང་མེད་པར་སི་ཁྲན་གྱི་མེན་ཡངས་ཞེས་པའི་ས་གནས་ཀྱི་བཙོན་ཁང་དུ་ཁྲིད་ཡོད་འདུག ས་གནས་ཀྱི་བཙོན་ཁང་དུ་སླེབས་ནས་ཉིན་ཤས་རྗེས་ནས་མ་གཏོགས་ཁོང་ལ་ཁྲིམས་ཐག་བཅད་པ་དང་བཙོན་ར་གང་དུ་ཁྲིད་ཡོད་མེད་སོགས་ནང་མིས་ཀྱང་ཤེས་རྟོགས་ཐུབ་མེད་འདུག
དེ་བཞིན་རྔ་པ་རྫོང་རོང་ཁོག་པོ་ཞང་ན་མདའ་སྡེ་བའི་འབག་ཆུང་ཚང་གི་བུ་རང་ལོ་ ༢༦ ཡིན་པ་ཁོང་ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ པའི་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་མུ་མཐུད་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་འདུག
ཡང་རྔ་པ་རྫོང་མཁར་སར་ཞང་རུ་ཆེན་གཉིས་པའི་ཀུ་ནེ་ཚང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བཀྲ་ཤིས། རང་ལོ་ ༢༦ ཡིན་པ་ཁོང་ཡང་ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་ཁྲིན་ཏུའུའི་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་ཡོད་ཀྱང་ད་བར་ཁྲིན་ཏུའུ་རུ་ཡོད་པའི་གནས་ཚུལ་ཙམ་ལས་གནས་སྟངས་ག་འདྲ་ཡིན་མིན་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༨ ལ།
འུ་ཚོ་བོད་པ་ལ་ཁྲིམས་ཀྱིས་གནད་དོན་ཐག་གཅོད་པའི་གོམས་གཤིས་མེད་པའི་དབང་གིས་དེ་ལྟ་བུའི་གནས་ཚུལ་རྟག་ཏུ་ཡོང་ངེས་སྙམ།