རིག་འབྱུང་དོན་གྲུབ་བཀྲ་ཤིས།
ང་བསམ་བློ་གཏོང་སྟངས་རྙིང་པ་ཞིག་གི་འོག་ནས་ལོ་མང་བསྡད་མྱོང་། ད་དུང་ཡང་ཅི་ཙམ་སྡོད་དགོས་མིན་ཆ་མ་འཚལ། བསམ་བློ་གཏོང་སྟངས་རྙིང་པ་དེ་ལས་ཕྱི་ལ་ཐོན་པར་ངས་འབད་བརྩོན་བྱེད་ཀྱི་ཡོད་། བསམ་བློ་གཏོང་སྟངས་རྙིང་པ་དེ་ནི་། དབུས་གཙང་གིས་འདི་ཟེར། ཨ་མདོ་ཡིས་གན་ཟེར། ཁམས་པས་ཕ་གི་ཟེར་ཞེས་སྤྱི་བཤད་རྐྱང་རྐྱང་བྱེད་པའི་བསམ་བློའི་གཤིས་ཀ་ཞིག་ཡིན། ང་སྒེར་ལ་བསམ་བློའི་གཤིས་ཀ་འདི་ཇི་ལྟར་འཇགས་མིན་གསལ་བོ་ཞིག་བརྗོད་དཀའ་མོད་། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པའི་ཁྲོད་ཀྱི་གཅིག་ནི་ངའི་རྩོམ་གྲོགས་ཚོ་ཡིན། ཕྱི་རྒྱལ་དུ་ཡོད་པའི་ངའི་རྩོམ་གྲོགས་མང་ཆེ་བས་བོད་ཡིག་མི་འབྲི། བོད་ཡིག་མི་ཀློག ཁོང་ཚོ་ཕལ་ཆེ་བས་དབྱིན་དེབ་ཀློག་གི་ཡོད་། དབྱིན་རྩོམ་འབྲི་གི་ཡོད་། ཁོང་ཚོས་ང་ལ་རྒྱུན་དུ་འདྲི་བའི་དྲི་བ་གཅིག་ནི། འདི་ལ་ཨ་མདོའི་སྐད་དུ་ག་རེ་ལབ་གི་རེད་ཟེར་བ་དེ་ཡིན། ངས་ཁ་ནས་ཀྱང་ཨ་མདོའི་སྐད་དུ་འདི་ཟེར་ཞེས་ཐེངས་མང་ཤོར་མྱོང་། དོན་དངོས་སུ་ངས་ཧམ་བཤད་བྱེད་ཀྱི་ཡོད་། རྒྱུ་མཚན། ཨ་མདོའི་ཕྱོགས་སུ་ག་རེ་ཟེར་བ་ཚང་མ་ངས་ཇི་ལྟར་ཤེས། འོན་ཀྱང་། གཤིས་ཀ་རྙིང་པ་འདི་ངས་ཀྱང་སྤོངས་ཐབས་ལ་འབད་ཀྱི་ཡོད་། གཤིས་ཀ་རྙིང་པ་འདི་དང་འགྲོགས་ཡུན་རིང་ན་འདི་ན་ཚ་ཆགས་རྒྱུའི་ཉེན་ཁ་འདུག ན་ཚ་ཨེ། ཞེད་སྣང་མི་འདུག་གམ།
རྒན་ཆུང་ཚེ་རིང་ལགས་ཀྱིས་བརྗོད་བྱ་ཤ་མོག་མོག་གི་སྐོར་ཡིན་པའི་བསམ་ཚུལ་རྩོམ་ཡིག་ཐུང་ཐུང་ཞིག་ཁོང་གི་ངོ་དེབ་སྒང་ལ་སྤེལ་འདུག ཁོང་གི་བསམ་ཚུལ་རྩོམ་ཡིག་དེ་ལ་རྒྱབ་རྟེན་རྩོམ་ཁུངས་བཞི་དྲངས་འདུག རྩོམ་ཁུངས་བཞི་པོ་དེ་ངེད་ཀྱིས་བཀླགས་པ་ཡིན། རྩོམ་ཡིག་བཞི་པོ་གཅིག་གིས་ཀྱང་ཁུངས་འདི་ཡིན་ཞེས་བསྟན་མི་འདུག
རྩོམ་ཡིག་བཞི་པོ་དེ་ལ་རྒྱབ་རྟེན་བྱས་ནས་རྒན་ཆུང་ཚེ་རིང་ལགས་ཀྱིས། ཨ་མདོའི་ཁུལ་དུ་འདི་ལ་ཚོད་མ་ཟེར་ཡང་། འདིའི་དག་ཆ་ལ་“ཚོན་མ་”[2]དང་“ཚོད་མ་”[3]འབྲི་མཁན་གཉིས་འདུག་པས། མིང་འདི་ཇི་ལྟར་བྱུང་བ་དང་སྒྲ་བཤད་ཡོད་མེད་རྩད་གཅོད་མ་ཐུབ་(1)ཞེས་བརྗོད་འདུག ཨ་མདོའི་ཕྱོགས་སུ་འདི་ལ་ཚོད་མ་ཟེར་ཞེས་བརྗོད་པའི་སྐད་ཆ་དེ་། ངེད་ལ་མཚོན་ན་སྤྱི་བཤད་ཅིག་རེད་། སྤྱི་བཤད་ཅིག་རེད་སྙམ་པའི་བསམ་བློའི་ཐོག་ནས་ངས་ཀྱང་དེའི་སྐོར་ལ་རྩད་གཅོད་ཅིག་བྱས་བ་ཡིན། ངས་ཞིབ་འཇུག་གི་ཐབས་ལམ་གཅིག་བེད་སྤྱོད་བཏང་བ་ཡིན། དེ་ནི་ཨ་མདོའི་ས་ཁུལ་མི་འདྲ་བའི་མི་ལ་སྐད་ཆ་འདྲི་རྒྱུ་དེ་རེད་།
ང་སྐྱེས་ས་ནི་ཨ་མདོ་རེབ་གོང་གི་དོར་ཉིན་ཟེར་བའི་གྲོང་གསེབ་ཞིག་ཡིན། ང་སྐྱེས་སའི་གྲོང་གསེབ་ཏུ་ཚོད་མ་ཟེར་ནས་འབོད་། རྒྱུ་ཆ་ཤ་ཡིན་ན་ཤ་ཚོད་ཟེར། ད་དུང་། ལ་ཕུག་ཚོད་མ་དང་ཞོག་ཁོག་ཚོད་མ། སྣེའུ་ཚོད་། ཀེའུ་ཚོད་། ཀ་རའི་ཚོད་མ་སོགས་མང་། རེབ་གོང་ཆུ་མ་དང་ཤ་སྦྲང་སོགས་སུ་ཡང་ཚོད་མ་ཟེར་ནས་འབོད་། རེབ་གོང་མདོ་བ་འབྲོག་དང་ཀླུ་ཚང་སོགས་སུ་ཡང་ཚོད་མ་ཟེར་ནས་འབོད་། རེབ་གོང་གི་ས་ཁུལ་ཚང་མར་ཚོད་མ་ཟེར་གི་རེད་ཅེས་ངས་ཁ་ཚོན་གཅོད་མི་ཐུབ། རྒྱུ་མཚན། ང་རེབ་གོང་གི་ས་ཁུལ་ཚང་མར་འགྲོ་མ་མྱོང་། ས་ཁུལ་རེ་རེས་ཅི་ཟེར་གྱི་སྐོར་ལ་ངས་ཡིག་ཐོག་དང་ངག་ཐོག་གཉིས་ནས་ཞིབ་འཇུག་ཀྱང་བྱེད་རྒྱུ་མ་བྱུང་། གཞན། མདོ་སྨད་བོང་སྟག་དང་ཁྲི་ཀ། གཅན་ཚ། མང་ར་རོང་ཕྱོགས། མདོ་ལྷོའི་མཛོད་དགེ མགོ་ལོག་རྨ་ཆེན། ཧོར་གཙང་སོགས་ནས་ཀྱང་ཚོད་མ་ཞེས་འབོད་ཟེར།
ད་དུང་། ངའི་སྐྱེས་ཡུལ་དུ་ཚོད་མ་ལ་འཇུག་ཡུལ་གཞན་པ་གཉིས་ཡོད་ཅིང་། དེ་ནི་ཚལ་ཞིང་གི་ནང་དུ་སྐྱེས་ཡོད་པའི་སྔོ་ཚལ་རིགས་དང་གཡོ་སྐོལ་བྱས་ཟིན་པའི་ཚལ་ལ་ཡང་ཚོད་མ་ཟེར་དུས་ཀྱང་ཡོད།
ཨ་མདོ་རེབ་གོང་ནས་རླངས་འཁོར་ལ་བསྡད་ནས་དུས་ཚོད་གཉིས་དང་ཕྱེད་ཀ་ཙམ་ཕྱིན་ན་རྨ་ལྷོ་སོག་རྫོང་ཟེར་བ་ཞིག་ལ་ཐུག དེ་རུ་ང་འཚར་ལོངས་བྱུང་། རྨ་ལྷོ་སོག་རྫོང་དུ་ཚོད་མ་མི་ཟེར། ཁོན་ཟེར་ནས་འབོད་། ད་དུང་མཚམས་མཚམས་ལ་ཚིལ་མོག་མོག་ཀྱང་ཟེར། ཕལ་ཆེ་བས་ཁོན་ཟེར་ནས་འབོད་། མདོ་སྨད་ཐུན་ཏེ་དང་རྒན་གྱའི་ཕྱོགས་ནས་ཀྱང་ཁོན་ཞེས་འབོད་ཟེར། ཁོན་ཟེར་བའི་ཐ་སྙད་འདིའི་མཆེད་ཁུངས་ཅི་ཡིན་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་(2)སོགས་སུ་ངས་མ་རྙེད་། ངའི་སྐྱེས་ཡུལ་དུ་ཁོན་ཟེར་ན། ཚོད་མ་བཙོ་སའི་སྣོད་དེར་གོ ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་ན་ཁོན་གྱི་སྐོར་ཅུང་ཟད་འདུག ཞབས་དཀར་བའི་གསུང་འབུམ་དུ་། “སྔོན་ཆད་བུད་མེད་ཞིག་གིས་ཚོད་མ་ཉིན་རེ་བཞིན་བཅོ་ཙ་ན། ཕོ་སྐྱེས་ལ་རབ། མོ་རང་ལ་འབྲིང་། བུ་ཚ་ལ་ཐ་མ་རེ་བཅོས། ཚོད་མའི་མགོ་ལ་རྩྭ་ཐུར་རེའི་རྟགས་བཞག་ནས་ཁོན་ཐོག་ཏུ་བཞག་ནས་འཚོད་པ། ཉིན་གཅིག་མ་སྒོ་རུ་སོང་ཤུལ་ནས། བུ་ཡིས་ཟང་ཁ་ཕྱེས།་ཕ་བུ་གཉིས་ཀྱི་ཚོད་མའི་རྟགས་གོ་བརྗེས་ནས་བཞག་པས། ཚོད་མ་བླངས་ནས་ཟོས་པས་ཕོ་སྐྱེས་ཀྱིས་དེ་རིང་གི་ཚོད་མ་འདི་ཅི་བྱུང་། ཞིམ་པོ་མ་རེད་སྨྲས་ཚེ།”(3)ཞེས་འབྱུང་།
མདོ་སྨད་རྔ་བའི་ཕྱོགས་ནས་ཚོད་མ་ཟེར་ནས་མི་འབོད་། མོའུ་མོའུ་ཞེས་འབོད་ཟེར། མཛོད་དགེ་ཨ་སྐྱིད་འབྲོག་ནས་ཀྱང་མོས་མོས་ཞེས་འབོད་ཟེར། ད་དུང་། ཟི་ཁྲོན་མཛོད་དགེ་ཐང་སྐོར་ནས་ཀྱང་མོ་མོ་ཞེས་འབོད་ཟེར། མགོ་ལོག་གཅིག་སྒྲིལ་ནས་ཀྱང་མོག་མོག་དང་ཤ་མོག་མོག་ཞེས་འབོད་ཟེར། མོའུ་མོའུ་དང་མོས་མོས། མོ་མོ་སོགས་ཡིག་སྐད་ལ་མོག་མོག་མིན་འགྲོ་དྲན། ཡིན་ན་ཡང་། ཁ་ཚོན་མི་གཅོད་།
མདོ་སྨད་བླ་བྲང་ཕྱོགས་ནས་ཚོད་མ་ཟེར་ནས་མི་འབོད་ཟེར། ཀོ་རེ་ཞེས་འབོད་ཟེར། ད་དུང་། འབོ་ར་དང་ཨ་མཆོག་གི་རོང་ཕྱོགས་སུ་ཀོ་རེ་མོ་མོ་ཞེས་འབོད་ཟེར།
གོང་གི་ངེད་ཀྱི་ཞིབ་འཇུག་ཐབས་ལམ་གཅིག་པོ་དེའི་སྟེང་ནས་གསལ་སྟོན་ཐུབ་པ་ཞིག་ནི། ཨ་མདོའི་ཕྱོགས་སུ་འདི་ལ་ཚོད་མ་ཟེར་ལབ་ན་སྐད་ཆ་དེ་སྤྱི་བཤད་ཅིག་ཡིན་པ་སྟོན། རྒྱུ་མཚན། ཨ་མདོའི་ས་ཁུལ་ཁ་ཤས་སུ་ཚོད་མ། ཁ་ཤས་སུ་ཁོན། ཁ་ཤས་སུ་མོག་མོག ཁ་ཤས་སུ་ཀོ་རེ་ཟེར་ནས་འབོད་ཀྱི་འདུག་པ་ངེད་ཀྱིས་གོང་དུ་བཤམས་པ་འདི་རེད་། ད་དུང་ཨ་མདོའི་ས་ཁུལ་ཚང་མར་ཞིབ་འཇུག་བྱས་ན། མིང་མི་འདྲ་བའི་རྣམ་གྲངས་ཡར་ལ་འཕར་སྲིད་།
དེས་ན། དབུས་གཙང་གི་ས་ཁུལ་ཚང་མར་མོག་མོག་ཟེར་ནས་འབོད་དམ། ཁམས་ཕྱོགས་སུ་ཇི་ལྟར་འབོད་དམ། འདི་དག་ལ་ཡང་སྤྱི་བཤད་ཙམ་མ་ཡིན་པར་བྱེ་བྲག་ཏུ་བབས་ནས་ཞིབ་འཇུག་རེ་བྱེད་རྒྱུ་མེད་དམ་དྲན།
ད་དུང་། རྒན་ཆུང་ཚེ་རིང་གིས་བརྗོད་བཞིན་པའི་མ་གེ་མོག་གེ་ཟེར་བ་དང་ལོག་ལོག་ཟེར་བ་གཉིས་ཀྱང་ང་སྐྱེ་སའི་གྲོང་གསེབ་ཆུང་ཆུང་དེའི་ཁ་སྐད་དུ་ཡང་འདུག དེང་སང་ཡང་བེད་སྤྱོད་གཏོང་བཞིན་འདུག
ཚོད་མ་ཟེར་བའི་ཐ་སྙད་འདིའི་སྐོར་ལ་ཡང་ངས་ཞོར་བཙལ་ཞིག་བྱས་བ་ཡིན། དག་ཡིག་གསར་བསྒྲིགས་སུ། ཚོད་མའི་གོ་དོན་ནི་ཞོར་ཟས་བྱེད་ཆོག་པའི་རྩི་ཤིང་རིགས་ཀྱི་ལོ་མ་དང་རྩ་བ་སོགས་ཀྱི་སྤྱི་མིང་(4)ཞེས་བཀོད་འདུག འདི་ལ་རྒྱུ་མཚན་ཞིག་ཡོད་པ་འདྲ་། ང་སྐྱེ་སའི་གྲོང་གསེབ་ཏུ། ལྡུམ་བུ་འཁོར་ལོ་དང་སྣེའུ་ཟེར་བ་གཉིས་བེད་སྤྱོད་བཏང་ནས་ཚོད་མ་བཟོ། ལྡུམ་བུ་འཁོར་ལོ་དང་སྣེའུ་ཟེར་བ་གཉིས་ནི་ཞོར་ཟས་བྱེད་ཆོག་པའི་ལྡུམ་བུའི་རིགས་ཤིག་ཡིན། དེ་གཉིས་ཀྱི་ལོ་མ་བཏོག་ནས་ཚོད་མ་བཟོ། སྔོན་ཆད་ངས་ཀྱང་ཚོད་མ་བཟོ་བའི་ཆེད་དུ་རྨོ་རྨོ་ལགས་ལ་ལྡུམ་བུ་འཁོར་ལོ་དང་སྣེའུ་བཏུ་རོགས་བྱས་མྱོང་།
སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀར་ཚོད་མ་ཟེར་བའི་ཐ་སྙད་འདི་ཐེངས་མང་འབྱུང་བ་མ་ཟད་། སྡེ་དགེ་བཀའ་འགྱུར་གྱི་རྒྱུད་འབུམ་ཁོངས་སུ། “བུ་རམ་གྱི་ཚོད་མ”་ཟེར་བའི་ཐ་སྙད་ཀྱང་འབྱུང་། དེའི་ཁོངས་སུ། “ལྷག་པའི་མར་གྱི་ཁུར་བ་དང་། ཕུར་བུའི་འོ་མ་དང་། ཕ་བ་སངས་ཀྱི་ཁུར་བ་དང་། སྤེན་པའི་སྲན་མ་མ་ཤ་དང་། མུད་ག་བསྲེས་པ་དང་། སྒྲ་གཅན་གྱི་ཏིལ་གྱི་ཐུག་པ་དང་། མཇུག་རིངས་ཀྱི་ཏིལ་གྱི་ཐུག་པ་དང་། བུ་རམ་གྱི་ཚོད་མའོ།།”(5)ཞེས་བཀོད་འདུག
ད་དུང་། གཡུ་ཐོག་སྙིང་ཐིག་ན། “ཁོང་དུ་ཁྱིམ་བྱ་མཚལ་ལུའི་ཟེ་བའམ་ཟེ་ཁྲག ཕག་རོག་གི་སྣ། སྦྲུལ་དང་ངུར་བའི་ཤ རྟ་གསེབ་ཀྱི་རྟ་བོན། རྡོ་དྲེག་དམར་པོ། གླ་རྩི་རྣམས་ཞིབ་བཏགས་དྲི་ཆུ་དང་སྦྱར་ལ་གཏོང་ངོ། ལུག་ཤའི་ཚོད་མ་ལ་ཤིང་ཀུན་དང་ཚྭ་སྣ་རིགས་ཚོགས་ཚད་བཏབ་ནས་བཏང་ངོ་།།”(6)ཞེས་བཀོད་འདུག
གོང་གི་བུ་རམ་གྱི་ཚོད་མ་དང་ལུག་ཤའི་ཚོད་མ་གཉིས་ཀྱི་གོ་དོན་དེ་། དེང་སང་གི་འུ་ཚོའི་བློ་ངོར་ཡོད་པའི་བུ་རམ་གྱི་ཚོད་མ་དང་ལུག་ཤའི་ཚོད་མ་གཉིས་དང་གོ་དོན་གཅིག་མཚུངས་ཡིན་མིན་ཁ་ཚོན་གཅོད་མི་ཐུབ།
རྒན་ཆུང་ཚེ་རིང་ལགས་ཀྱིས་གསུངས་བ་བཞིན། མོག་མོག་ཟེར་ན་འོད་མི་གསལ་བའི་དོན་ལ་འཇུག་གི་ཡོད་པ་བདེན། དཔེར་ན། ཟླ་འོད་མོག་མོག་ལྟ་བུ། སྡེ་དགེ་བཀའ་འགྱུར་གྱི་དཀོན་མཆོག་བརྩེགས་པའི་ཁོངས་སུ།
“མཁའ་ལ་ཉི་མ་ལམ་མེ་ཐལ་ལེ་བ།།
ནོར་བུ་མེ་འོད་མོག་མོག་བྱེད་འདི་ལྟར།།
ཉི་མ་སྟོང་བས་ཁྱད་པར་འཕགས་བའི་འོད་།།
སངས་རྒྱས་ཉི་མ་འགྲོ་བ་འདི་ན་གསལ།།”(7)ཞེས་བཀོད་འདུག
དེ་ཡང་། སྡེ་དགེ་བཀའ་འགྱུར་གྱི་མདོ་སྡེའི་ཁོངས་སུ། “དགོན་པར་ཞུགས་པ་གང་འཇིགས་ཤིང་བཞིན་མོག་མོག་པོར་གྱུར་”(8)ཞེས་ཀྱང་བཀོད་འདུག འདིའི་སྐབས་སུ་མོག་མོག་ཟེར་བ་དེ་ངོ་མདངས་ཤོར་བ་ལ་གོ་གི་ཡོད་པ་འདྲ།
ད་དུང་། སྡེ་དགེ་བཀའ་འགྱུར་གྱི་མདོ་སྡེའི་ཁོངས་སུ། “བསྟན་པའི་དགྲ་རྣམས་མོག་མོག་གྱུར་པར་མཛད་”(9)ཞེས་ཀྱང་འབྱུང་། འདིའི་སྐབས་སུ་མོག་མོག་ཟེར་བ་དེ་དཔའ་ཞུམ་པའི་དོན་ལ་གོ་གི་ཡོད་པ་འདྲ། དེས་ན། མོག་མོག་ཟེར་བ་འདི་ལ་ཡང་གོ་དོན་མི་འདྲ་བ་ཁ་ཤས་ཤིག་ཡོད་ལས་ཆེ། ཡིན་ན་ཡང་། མོག་མོག་ཟེར་ན་ཟ་རྒྱུ་ཞིག་ཡིན་པའི་སྐོར་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་ཁོངས་སུ་ངས་མ་རྙེད་། ཐ་སྙད་འདི་ལ་དོ་སྣང་ཅན་ཚོས་འཚོལ་རོགས།
མོག་མོག་ཟེར་བའི་ཐ་སྙད་འདི་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་ཁོངས་སུ་མང་པོ་འབྱུང་རུང་། འདིའི་གོ་དོན་ཁ་ཟས་ཤིག་ལ་འཇུག་པ་ངས་མ་རྙེད་། ཤ་མོག་མོག་ཟེར་བའི་ཐ་སྙད་ཀྱང་བཀའ་འགྱུར་དང་བསྟན་འགྱུར་ཁོངས་སུ་རྙེད་མ་བྱུང་། དེས་ན། མོག་མོག་ཟེར་ན་ཁ་ཟས་ཤིག་དང་འབྲེལ་བ་ཡོད་པའི་གོ་དོན་དེ་ཕྱིས་སུ་བྱུང་བ་མིན་འགྲོ་དྲན། ཁ་ཚོན་གཅོད་མི་ཐུབ། གཅིག་བྱས་ན་མོག་མོག་རིགས་དར་སྲོལ་ཆེ་བའི་བླ་མ་སོགས་ཀྱི་རྣམ་ཐར་ཡིག་ཆ་ཁག་ན་འདི་སྐོར་ཡོད་སྲིད། ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ཀྱི་དྲ་རྒྱའི་སྟེང་དུ་རྣམ་ཐར་ཡིག་ཆ་ཁྱོན་བསྡོམས་ལྔ་བརྒྱ་ལྷག་འདུག དེའི་ཁོངས་སུ་ཆ་ཚང་དྲ་ངོས་སུ་བཞག་པ་དང་མ་བཞག་པ་གཉིས་ཀ་ཡོད་རུང་། ཡོད་པ་དེ་ཚོའི་ཁོངས་ནས་ཤ་མོག་མོག་ཟེར་བའི་ཐ་སྙད་འདི་རྙེད་མ་བྱུང་། (འདི་ཞོར་འཕྲོས་ཙམ་ཡིན།)
རྒན་ཆུང་ཚེ་རིང་ལགས་ནས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་འབུམ་དུ། ཤ་སྦས་པ་དང་མི་མངོན་པའི་ཆ་ནས་“ཤ་མོག་མོག་”ཅེས་བཏགས་པར་གསུངས་པ་ཞིག་ཡོད་དྲན་ཡང་། ད་ལྟ་དཔེ་ཆ་ལྟ་ཆོག་མེད་པས་ཚིག་ཇི་མ་ཇི་བཞིན་ལུང་འདྲེན་མ་ཐུབ་(10)ཞེས་བརྗོད་འདུག སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་དེ་ངོ་མཚར་བསྐྱེད་པ་ཞིག་འདུག འོན་ཀྱང་། ཁོང་གིས་གང་ལ་ཁུངས་གཏུགས་ཡོད་དམ། འདི་ཡང་ཤེས་འདོད་ཆེ།
བོད་རྒྱ་ཚིག་མཛོད་ཆེན་མོ་ན། མོག་མོག་(馍馍)གི་གོ་དོན་ནི་རླངས་བཙོས་བྱས་པའི་ཁ་ཟས་(11)ཞེས་བཀོད་འདུག མོག་མོག་ཟེར་བ་འདི་ཟ་རྒྱུ་ཞིག་ཡིན་པའི་གོ་དོན་འདི་བོད་ལ་འཁྱེར་ཡོང་མཁན་རྒྱ་མི་རྣམས་ཡིན་ནམ། མོག་མོག་ཟེར་ན་ཟ་རྒྱུ་ཞིག་ཡིན་པའི་གོ་དོན་འདི་བོད་ལ་ག་དུས་སླེབས་པ་ཡིན་ནམ། ཡང་ན་མོག་མོག་ཟེར་ན་ཟ་རྒྱུ་ཞིག་ཡིན་པའི་གོ་དོན་འདི་བོད་ལ་གནའ་སྔ་མོ་ནས་ཡོད་པ་ཡིན་ནམ། དྲི་བ་འདི་དག་ལ་ཞིབ་འཇུག་ཅིག་ཏན་ཏན་བྱེད་རྒྱུ་འདུག
འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་བའི་མོག་མོག་དང་འབྲེལ་བའི་རྩོམ་ཐུང་ཞིག་ཏུ། མོག་མོག་ཟེར་བའི་ཐ་སྙད་འདི་ས་ར་ཐི ཅན་རྡི་ར་རྡ་སི་(Sarat Chandra Das)ལགས་ཀྱིས་སྤྱི་ལོ་༡༩༠༢ལོར་དཔར་བསྐྲུན་བྱས་བའི་བོད་དབྱིན་ཚིག་མཛོད་དེའི་ཁོངས་སུ་(12)བཀོད་འདུག་ཟེར། འགྲེལ་བཤད་ལ་ཡང་ཤ་རྡོག་ཆུང་ཆུང་ཞིག་(A small meat patty)ཞེས་བཀོད་འདུག་ཟེར།
ངེད་ཀྱིས་བསྐྱར་དུ་ཞུ་འདོད་པ་ནི། ཚོད་མ་དང་ཤ་མོག་མོག་སོགས་ཐ་སྙད་བྱེ་བྲག་པ་འདི་ཚོའི་སྐོར་ལ། འུ་ཚོས་ཁམས་དང་ཨ་མདོ། དབུས་གཙང་ཞེས་ས་ཁྱོན་ཆེན་པོས་མ་བཅད་པར་། ཡུལ་ལུང་བྱེ་བྲག་པ་གཙོ་བོར་བཟུང་ནས་ཐ་སྙད་བྱེ་བྲག་པའི་གོ་དོན་དང་བེད་སྤྱོད་། ཁྱབ་རྒྱ་བཅས་འཚོལ་ཐུབ་ན་ཞིབ་འཇུག་གི་ལག་ཡོང་མང་དུ་འགྲོ་གི་རེད་དྲན། ནུབ་ཕྱོགས་སུ་འདི་ལ་རིགས་ལམ་ཞིག་ཀྱང་འདུག དེ་ལ་ (etymological approach)ཟེར་གི་འདུག རིགས་ལམ་དེས་གཙོ་བོ། ཐ་སྙད་བྱེ་བྲག་པ་གཅིག་གི་མཆེད་ཁུངས་དང་གོ་དོན། འཕེལ་རྒྱས། འགྱུར་བ་བཅས་འཚོལ་གྱི་འདུག
(ཀློག་མཁན་དག་གིས་གུས་བའི་རྩོམ་འདི་ལ་ཞིབ་འཇུག་གི་རྒྱུ་ཆ་ཁ་སྣོན་བྱེད་རོགས།)
………………………………………………………………..
དཔྱད་གཞིའི་་རྒྱུ་ཆ་ཁག
1) ཤ་མོག་མོག རྩོམ་པ་པོ་ཆུང་ཚེ་རིང་། རྩོམ་ཁུངས་ “ཆུང་ཚེ་རིང་གི་ངོ་དེབ།”
2) དག་ཡིག་གསར་བསྒྲིགས། མཚོ་སྔོན་མི་རིགས་དཔར་བསྐྲུན་ཁང་། སྤྱི་ལོ་༡༩༨༧ལོའི་ཟླ་དྲུག་པར་དཔར།
3) ཞབས་དཀར་ཚོགས་དྲུག་རང་གྲོལ། གསུང་འབུམ། པོད་གྲངས་དགུ་བ། ཤོག་ངོས་༥༠༧
4) དག་ཡིག་གསར་བསྒྲིགས། མཚོ་སྔོན་མི་རིགས་དཔར་བསྐྲུན་ཁང་། ཤོག་ངོས་༦༤༦
5) བཀའ་འགྱུར། སྡེ་དགེ། རྒྱུད་འབུམ་བ་བཞུགས་སོ། པོད་གྲངས་༩༡
6) གཡུ་ཐོག་སྙིང་ཐིག རྩོམ་པ་པོ་ཡོན་ཏན་མགོན་པོ། པོད་གྲངས་དང་པོ། ཤོག་ངོས་༥༦༧
7) བཀའ་འགྱུར། སྡེ་དགེ དཀོན་བརྩེགས་ང་པ་བཞུགས་སོ། པོད་གྲངས་༤༢
8) བཀའ་འགྱུར། སྡེ་དགེ མདོ་སྡེ་ཡ་བཞུགས་སོ། པོད་གྲངས་༦༨
9) བཀའ་འགྱུར། སྡེ་དགེ མདོ་སྡེ་ཟ་བཞུགས་སོ། པོད་གྲངས་༦༦
10) ཤ་མོག་མོག རྩོམ་པ་པོ་ཆུང་ཚེ་རིང་། རྩོམ་ཁུངས་ “ཆུང་ཚེ་རིང་གི་ངོ་དེབ།”
11) བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་བསྐྲུན་ཁང་། ཤོག་ངོས ༢༡༢༢
12) “Biting into a juicy momo mystery” རྩོམ་པ་པོ་འཇམ་དབྱངས་ནོར་བུ། རྩོམ་ཁུངས “Shadow Tibet”
ངས་ནི་སྔོན་ཆད་ནས་མོག་མོག་གམ་མོ་མོ་ཟེར་བ་དེ་ཚོ་ཀོ་རེའམ་བག་ལེབ་དང་ཀྲིན་མོག་གམ་ཀོ་རེ་རླངས་བཙོས་སོགས་ཀྱི་སྤྱི་མིང་ལ་རྒྱ་ཡིས་མོ་མོ་ཟེར་བ་དེ་རང་ཡིན་ཤག་བྱས་ཡོད། དེ་བཞིན་གོང་གི་ཀྲིན་མོག་ཞེས་པ་དེ་ཡང་རྒྱ་སྐད་ཡིན་འདུག ཡུལ་ལ་ལར་མོའུ་མོའུ་དང་མོས་མོས་ཟེར་བ་དེ་ཚོ་ཡུལ་སོ་སོའི་སྐད་གདངས་དབང་གིས་ཡིན་པ་ལས་དོན་ལ་མོག་མོག་རེད་སྙམ། དཔེར་ན་ཇ་འཐུང་ལ་ས་ཆ་ལ་ལར་ཇ་འཐུས་ ཇ་འཐུའུ་ བཟུང་ལ་བཟུས་སམ་བཟུའུ་ལྟ་བུ་ཟེར་བ་ལྟར་མིན་ནམ།
ང་སྐྱེས་པའི་གྲོང་ཡུལ་དུ་ཡང་སྔོ་ཚལ་ལ་ཚོད་མ་ཟེར། ང་བྱིས་པ་ལོ་ངོ་དྲུག་བདུན་ནས་བཟུང་ལོ་བཅུ་གཉིས་བར་དགོན་པར་མ་འགྲོ་གོང་དུ། ཚོད་འཕུར་དང་སྤ་རུ་ཁྱེར་ནས། ཕྲུ་གུ་གཞན་རྣམས་དང་ལྷན་དུ་ཞིང་རྔོས་མ་བརྒྱབས་པའི་ཞིང་སྒང་དུ་ཚོད་མ་བཙལ་ནས། སྒྲུགས་པར་འགྲོ། ཚོད་མ་རེ་རེ་བཞིན་མིང་མི་དྲན་ཡང་། ཁལ་པ་ཞེས་གྲོང་པའི་ཁ་སྐད་ཀྱི་ཚོད་མ་དེ་མང་ཤོས་དང་བཅུད་ཆེ་ཤོས་ཡིན དྲིན་ཅན་མ་ཡིས་ཚོད་མ་དེ་བཏབ་ནས་ཐུག་པ་བསྐོལ་པ་འཐུང་བ་དྲན། ནུབ་ཕྱོགས་པས་ཐུག་པ་ཟ་ཟེར་མ་གཏོགས་འཐུང་བ་མི་ཟེར།
བོད་དབུས་སུ་ཡང་སྔ་རབས་པའི་དུས་སུ་ཚོད་མ་ཞེས་ཀྱང་། དིང་སང་སྔོ་ཚོད་དང་སྔོ་ཚལ་ཞེས་འགྱུར་ཡོད་འདུག འདུལ་བ་ན། དགེ་སློང་གིས་འབྲས་ཆན་མང་དུ་ཟ་བར་འདོད་པས་ཚོད་མས་འབྲས་ཆན་འགེབས་པ་དང་། ཚོད་མ་མང་དུ་ཟ་བར་འདོད་པས་འབྲས་ཆན་གྱིས་ཚོད་མ་འགེབས་པ་ལྟུང་བྱེད་དུ་འགྱུར་རོ། ཞེས་བོད་དུ་བཀའ་འགྱུར་ཀློག་པ་ན་མཐོང་བ་དྲན་པ་སྐྱོན་མེད་ཡིན་ནམ་མ་ཡིན་མཁྱེན་ལྡན་ལོ་གཞོན་རྣམས་ཀྱི་ཞུས་དག་མཛད་ཐུབ་ན་རང་དང་གཞན་ལ་ཕན་ནོ།
ཨ་ར་དཀར་པོས་གསུངས་པ་བཞིན་ངས་ཀྱང་མོག་མོག་ཟེར་བ་དེ་རྒྱ་སྐད་ཟུར་ཆགས་ཤིག་རེད་བསམ་ཡོད། དེ་ནས་ཁོན་ཟེར་བ་མ་རེད་ཁོལ་ཟེར་བ་རེད། མོག་མོག་བཙོ་ས་དེ་ལ་ཁོལ་སེག་ཟེར། ཆུ་ཁོལ་མའི་རླངས་པའི་ཐོག་བཙོ་ཡི་ཡོད་པས་དེ་ལ་ཁོལ་ཐོག་ཟེར། མཚམས་རེར་ཁོལ་ཐོག་འཚལ་མ་ཡང་ཟེར། འཚལ་མ་དང་ཚོད་མ་དོན་གཅིག་པར་སྣང་།
དང་པོ།
བསམ་ཚུལ་གནང་བར་བཀའ་དྲིན་ཆེ། མོག་མོག་ཟེར་བ་འདི་རྒྱ་སྐད་ལས་ཟུར་ཆགས་པ་རེད་བསམ་མཁན་མང་པོ་འདུག འོན་ཀྱང་། ངེད་ཀྱི་ཞིབ་འཇུག་གི་དྲི་བ་ནི། གལ་སྲིད་མོག་མོག་ཟེར་བ་འདི་རྒྱ་སྐད་ནས་ཟུར་ཆགས་པ་ཡིན་ན། ག་དུས་ནས་ཟུར་ཆགས་པ་རེད་དམ། ཟུར་མ་ཆགས་སྔོན་ལ་མོག་མོག་ཞེས་འབོད་མཁན་གྱི་བོད་ཀྱི་ས་ཁུལ་འདི་དག་གིས་མིང་གཞན་པ་ཅི་ཞིག་བེད་སྤྱོད་གཏོང་གི་ཡོད་དམ། འདི་ལ་རྒྱུ་ཆ་ཁ་སྣོན་བྱེད་རོགས།
གཉིས་པ།
“ཁོན་མ་རེད་ཁོལ་ཟེར་མཁན་ང་ལ་ཁ་ཤས་བྱུང་སོང་། དེའི་ཁྲོད་ཀྱི་གཅིག་ནི་ལོ་རྒྱུས་ཞིབ་འཇུག་པ་གུར་མགོན་སྐྱབས་ལགས་རེད་། ཁོང་གིས་གསུངས་དོན།
ངའི་ཕ་ཡུལ་དུ་ཁོན་གྱི་མིང་ལ་ཁོལ་ཟེར་ཏེ། ཚོད་མ་ཁོན་ལ་བཞག་པར་ཚོད་མ་ཁོལ་ལ་བསྐྱོན་ཟེར། ངས་ནི་ད་ལྟའི་བར་ཁོལ་ཟེར་བ་ཆུ་ཁོལ་མའི་སྟེང་ལ་བསྐྱོན་པ་དེར་གོ་བ་ཡིན་སྙམ་བཞིན་ཡོད་། གཞན་དུ་ཁོན་ཞེས་རླངས་པ་འགྲོ་སའི་དྲ་མིག་ཅན་དེ་ལ་ངའི་ཕ་ཡུལ་དུ་ཁོལ་ཚགས་ཟེར་བས་ཁོལ་ཟེར་བ་དེ་ནས་བྱུང་བ་ཡིན་ན། ཁོལ་དང་ཁོན་གཉིས་རྗེས་འཇུག་ན་ལ་གཉིས་བརྗེས་པ་ཙམ་ཡང་ཡིན་སྲིད་།”
འདིའི་སྐབས་སུ་ངེད་ཀྱི་ཞིབ་འཇུག་གི་དྲི་བ་ནི། ཁོན་ནམ་ཡང་ན་ཁོལ་གང་ཡིན་རུང་། ད་ལྟ་ང་ཚོས་གླེང་བཞིན་པའི་ཁོན་ནམ་ཁོལ་ཞེས་པའི་ཡོ་བྱད་འདི་མ་དར་སྔོན་དུ་། ཨ་མདོའི་ས་ཁུལ་འགའ་ཤས་སུ་ཟངས་ངུའི་ནང་ལ་ཆུ་བླུགས། དེའི་སྟེང་ལ་སྤེན་མ་བཞག སྤེན་མའི་སྟེང་ལ་ཚོད་མ་བཞག་ནས་བཙོ་གི་རེད་ཟེར། དེའི་སྐབས་ཀྱི་སྤེན་མ་དེ་དག་ལ་ཁོན་ནམ་ཡང་ན་ཁོལ་ཟེར་རམ། ཡང་ན་ཁོན་ནམ་ཁོལ་ཟེར་བ་དེའི་རྗེས་སུ་བྱུང་བ་ཡིན་ནམ། འདི་ལ་ཡང་རྒྱུ་ཆ་ཁ་སྣོན་བྱེད་རོགས།
གསུམ།
ངེད་ཀྱི་ངོ་ཤེས་དགེ་བཤེས་ཤིག་གིས་ཁོན་ལ་རྣམ་འགྲེལ་རྩ་བ་ལས་ཕྲུ་བ་ཞེས་ལབ་ཡོད་ཟེར། ངས་དེ་བཀླགས་རྒྱུ་མ་བྱུང་། གལ་སྲིད་དེ་བདེན་ན། ཕྲུ་བ་ལ་ཁོག་མའི་གོ་དོན་ཡོད་པ་རེད་། དེ་ལ་བསམ་བློ་གཏོང་གཞི་ཞིག་ཡིན་པ་འདྲ།
ངའི་ཕ་ཡུལ་འབའ་རྫོང་རོང་བའི་སྐད་དུ། ཚོད་མ་ལ་རིགས་གསུམ་ཡོད། ༡ ཁོན་ལ་བཞག་པའི་ཤ་ཚོད། ལ་ཚོད། ཀ་ཚོད་སོགས་དང་། ༢ སྔོ་ཚལ་རིགས་བརྔོས་པའི་ཁ་ཟས། ༣ ཚོད་དཀར། ལ་སེར་སོགས་རྫ་མའི་ནང་བསྙལ་ནས་བཞག་པ་གསུམ་ལ་ཚོད་མ་ཟེར། ཤ་ཚོད་སོགས་བཙོ་བྱེད་དེ་ལ་ཁོན་ཟག་ཟེར་ཞིང་། བཙོ་བ་ལ་ཁོན་ལ་ལངས་ཟེར། ཁོན་ལ་དབྱེ་ན་ཤིང་གིས་བཟོ་བ་དང་ཧ་ཡང་གིས་བཟོས་པ་གཉིས་ཡོད་ལ། ཤིང་གི་ཁོན་ཟག་ལ་ཡང་སྨྱུག་མས་བཟོས་པ་དང་ཤུག་པས་བཟོས་པ་གཉིས་ཡོད།
རྒྱ་གར་གྱིས་སབ་ཇི་ཟེར་ས་ལ། བོད་པས་ཚོད་མ་དང་། ཡུལ་ལ་ལར་པགས་མ་ཡང་ཟེར་རོ་སྙམ་པས་དཔྱད་དགོས།
སྔོ་ཚལ་གྱ། སྔོ་ནིབོད་སྐད་དང་། ཚལ་ནི་རྒྱ་སྐད་ཡིན་པར་བཤད། འོནད་ཀྱང་། སྔོ་ཚོད་ཟེར་ན་བོད་སྐད་གཙང་མ་ཅིག་ཆགས་པ་རེད།
ངེད་ཀྱི་ངོ་ཤེས་དགེ་བཤེས་ཤིག་གིས་ཁོན་ལ་རྣམ་འགྲེལ་རྩ་བ་ལས་ཕྲུ་བ་ཞེས་ལབ་ཡོད་ཟེར།
་
རྣམ་འགྲེལ་རང་དོན་རྗེས་སུ་དཔག་པ་ན།
་
འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར།
ཕྲུ་བའི་འབྲས་ནིཚོས་པ་བཞིན།། ༡༣ །།
་
ཨ་མདོའི་དགེ་བཤེས་བླ་མ་གྲགས་ཅན་ཞིག་གིས་གཙང་བཀྲ་ཤིས་ལྷུན་པོར་དགེ་རྒན་གིས་དགེ་ཕྲུག་ཅིག་ལ་ཕྲུ་བ་དེ་ནང་ལ་སྡུས། ཟེར་བ་ཐོས་པས་ཁོག་མ་ལ་གཙང་དུ། ཕྲུ་བ། ཟེར་བ་མཁྱེན། དེ་མིན་ཨ་མདོ་རུ་ཕྲུ་བའི་དོན་རྒྱ་ཆེན་པོ་ཞིག་བཤད་ཚོད། གཏམ་བརྒྱུད་འདི་ཁོ་བོས་གཙང་དུ་ཐོས་སོ།
རྩོམ་ལ་བལྟས་ན་མ་བསྡུས་དགུ་བསྡུས་གཡག་གི་རྒྱུ་མ་འདྲ་ཞིག་མཐོང་སོང་།
ཟས་རིགས་རྣམ་གྲངས་བརྒྱ་ལ་ལུང་པ་རེ་གི་སྐད་རེ་དང་་མི་རེ་་ནས་བཟོ་སྟངས་རེ་ཡོད་ན་དེ་ལ་ཞིབ་འཇུག་བྱས་ནས་བདེན་ངོ་སུའི་སྤྲོད་ཐུབ་ལ་དེ་ལ་ ཡིད་ཆེས་
སུའི་བྱེད་ཧ་ཧ་དུས་ཚོད་བསྐྱེལ་རྒྱུའི་སྐད་ཆ་རང་ེརད་ །
བོད་ཀྱི་གསོ་རིག་གཞུང་དུ། སྔོ་ངད་ནི་ཟས་སུ་རུང་བའི་སྒོག་བཙོང་སོགས་སྔོ་ལྡུམ་གྱི་རིགས་ལ་ཟེར་ཞིང་། དེ་དག་ཆུ་ལ་བསྐོལ་ནས་བཙོས་ཏེ་གཡོས་སུ་བྱས་པའི་ཟས་རིགས་ལ་ཟྭ་ཚོད་དང་། དྭ་ཚོད། སྣེའུ་ཚོད། ཁུར་ཚོད། སྲན་ཚོད། ལ་ཚོད་༼ལ་ཕུག་གམ་དེའི་ལོ་མ་ཡལ་ག་བཅས༽སོགས་ལ་ཚོད་མའི་སྡེ་ཞེས་འབོད། སྐབས་འགར་ཤ་ཚོད་ནི་ཤ་ཁུ་ལའང་འཇུག
གཞན་ཡང་། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོར། ཚོད་མ་ནི་སྔོ་ལྡུམ་གྱི་རིགས་ཁུ་བ་དང་ལྡན་པར་བསྐོལ་ཞིང་འཚོས་པའི་མིང་། ཞེས་འགྲེལ་འདུག
བོད་སྨན་གཞུང་དུ། སྔོ་ངད་དང་སྔོ་ཚོད་ནི་དོན་གཅིག་ཡིན།
ཚལ་菜ནི་རྒྱ་ནག་གི་སྐད་ལས་ཟུར་ཆགས་པ་རེད། ཚོད་མ་ནི་སྔོ་ཚད་ཀྱི་རིགས་གཡོས་སྦྱོར་བྱས་བ་ལ་གོ མོག་མོག་དང་ཀྲིན་མོག་ཡང་རྒྱ་ནག་གི་སྐད་རེད། 馍馍, 蒸馍ཟེར། རྒྱ་ནག་གི་སྐད་ཟུར་ཆགས་པ་མངོན་གསལ་རེད། ཤ་པ་ལེ་ནི་བོད་ཀྱི་ཟས་རིགས་ཤིག་མ་རེད། ཡུལ་མདོ་སྨད་ཀྱི་ཕྱོགས་སུ་དཔེར་ན་སོག་པོ་དང་མཆོད་ཡོན་གྱི་འབྲེལ་བ་ཡོད་པའི་དགོན་པ་དང་སོག་པོའི་རུ་དང་ཁྱིམ་མཚེས་ཡིན་པའི་བོད་པའི་འབྲོག་ཁུལ་སོགས་སུ་ཤ་པ་ལེ་དར་ཁྱབ་ཆེ། དེ་མིན་མདོ་སྨད་ཀྱི་བོད་པའི་ཞིང་འབྲོག་གི་ས་ཆར་དར་ཁྱབ་མེད། དབུས་གཙང་གི་ཕྱོགས་སུ་དར་ཁྱབ་ཆེ་བ་ཡང་སོག་པོས་དབང་བསྒྱུར་བྱས་རྐྱེན་རེད། རྒྱ་ནག་གི་སྐད་ཚང་མ་རྒྱ་ནག་རང་གི་སྐད་ཡིན་པའི་ངེས་བ་མེད། ལོ་རྒྱུས་ལ་གཞིགས་ན་སོག་པོས་དབང་བསྒྱུར་བྱས་བའི་དུས་ཡུན་རིང་བོ་རེད། སོག་སྐད་དང་རྒྱའི་སྐད་ཡིག་གཉིས་ལ་བྱང་ཆ་ཡོད་པ་ཞིག་ལ་འདིའི་སྐོར་ལབ་གླེང་བྱེད་ཐུབ་ན་ཁྱེད་ཀྱི་དྲི་བ་གསལ་བོ་ཆགས་རྒྱུ་རེད་བསམ།
སྨན་པ་འཚོ་བྱེད་བུ་ལགས་འདིར་ཕེབས་པ་དགའ། འདིར་དོགས་འདྲི་གཅིག་ཡོད་།
གཡུ་ཐོག་སྙིང་ཐིག་ན། “ཁོང་དུ་ཁྱིམ་བྱ་མཚལ་ལུའི་ཟེ་བའམ་ཟེ་ཁྲག ཕག་རོག་གི་སྣ། སྦྲུལ་དང་ངུར་བའི་ཤ རྟ་གསེབ་ཀྱི་རྟ་བོན། རྡོ་དྲེག་དམར་པོ། གླ་རྩི་རྣམས་ཞིབ་བཏགས་དྲི་ཆུ་དང་སྦྱར་ལ་གཏོང་ངོ། ལུག་ཤའི་ཚོད་མ་ལ་ཤིང་ཀུན་དང་ཚྭ་སྣ་རིགས་ཚོགས་ཚད་བཏབ་ནས་བཏང་ངོ་།།”༼6༽ཞེས་བཀོད་འདུག
གོང་གི་ལུག་ཤའི་ཚོད་མ་ཟེར་བ་འདིར་དེང་སང་གི་འུ་ཚོའི་བློ་ངོར་ཡོད་པའི་ལུག་ཤའི་ཚོད་མའི་གོ་དོན་དེ་ཡོད་དམ། ཡང་ན་ལུག་ཤའི་ཁུ་བ་ཟེར་གི་ཡོད་དམ། ལན་ཞིག་གནང་རོགས།
བཀུར་འོས་རྒན་ལ་དྭགས་འཇམ་དཔལ་དང་འབའ་སྲས་གཉིས་ཀྱིས་རྒྱུ་ཆ་ཁ་སྣོན་བྱས་པར་བཀའ་དྲིན་ཆེ།
ཁུག་མའི་ནང་ལ་ཟྭ་ཚོད་ཀྱི། །
སྔོ་ཚོད་ཚོད་མ་ཟས་ཟས་ཀྱིས། །
ལུས་ཀྱང་སྔོ་མདོག་གྱུར་པའི་ལུས། །
མི་ལའི་སྐུ་ལ་གུས་ཕྱག་འཚལ། །
ཕྲུ་བ་ཞེས་བྱ་ལྐོག་འགྱུར་མིན། །
འབྲས་ཀྱི་བཙོ་ས་ཧ་ཡང་ངོ་། །
ཧ་ཡང་ཞེས་པ་ལྕགས་རིགས་ཏེ། །
དེ་ལས་བཟོས་པའི་ཁུག་མའོ། །
རིག་འབྱུང་ལགས། འདིའི་སྐབས་ཀྱི་ལུག་ཤའི་ཚོད་མ་ནི་ལུག་ཤ་བསྡུས་པའམ་བཙོས་པའི་ཁུ་བ་ལ་གོ་དགོས་སྙམ།
གཞན་ཡང་རླུང་ནད་ཀྱི་བཅོས་ཐབས་སྐབས་རུས་ཚོད་ཟེར་བ་ཞིག་ཡོད། དེ་ཡང་རུས་པ་སྐོར་ཞིག་བཙོས་པའམ་བསྡུས་པའི་ཁུ་བ་ལ་གོ་དགོས།
ང་ཆུང་དུས་ངའི་ཕ་ཡུལ་ནང་གི་ནང་ཆས་ནང་ལ། སྣོད་ཆས་མི་འདྲ་བ་འགའ་ཤས་འདུག ཆུ་སྣོད་ཆེན་པོ་ཟངས་ཀྱི་བཟོས་པ་ལ། ཆུ་ཟངས་ཟེར། དེ་ལས་ཞེ་དྲགས་ཀྱི་ཆུང་བ་དསུ་རྒྱན་དུ་ཐབ་ཀའི་སྒང་ལ་ཡོད་ཡོད་པ་ཟངས་ལས་བཟོས་པ་ལ། ཇ་བཀོལ་ས་ལ། ཟངས་རྡིག་ཟེར། དེ་ནས་སྣོད་ཆས་དཀར་པོའི་ནང་ལ་ཧ་ཡང་གི་བཟོས་པ། ཧ་ཡང་ཟེར། ཁུག་མ་ནི། རྫ་ལས་བཟོས་པའི་རྫ་མའི་རིགས་གཅིག་གོ།
རྫ་མ་ནི་འདམ་ལས་བཟོས་པས། རྫ་ཁོག་ཀྱང་ཟེར་སྲོལ་ཡོད།
ཐ་སྙད་ལ་ལའི་ཁུངས་ཡར་དེད་ན། རྒྱ་བཟའ་ཀོ་ཇོ་དང་། གྱིམ་ཤིང་ཀོང་ཇོ། ད་དུང་རྒྱའི་སྲས་མོ་འདི་དག་དང་སྡོངས་ནས་བོད་ལ་སླེབས་པའི་རྒྱ་མི་ལག་ཤེས་པ་དང་ཞབས་འབྲིང་ཕོ་མོ་ཕལ་ཆེར་སྟོང་ཚོ་རེ་ཟུང་བརྒལ་བ་ཙམ་ལ་འབྲེལ་འདུག་སྙམ། དེར་བརྟེན། བོད་དབུས་སྐད་ལ་རྒྱ་སྐད་ཀྱི་གདངས་ཤན་ཞུགས་པ་མ་ཟད། བོད་རང་ལ་སྐད་དོད་ཡོད་བཞིན་དུ། རྒྱ་དཀར་ནག་དང་། སོག་པོ། བལ་བོ། ནུབ་གླིང་གི་ཐ་སྙད་རིགས་ལ་ཨ་གསར་བྱས་པས་མ་དག་རྒྱུན་འབྱམས་སུ་སོང་བ་ཧ་ཅང་མང་ངོ་།།
མོ་མོ་ཟེར་ན་འདྲ། གོར་རེ་ཟེར་ན་འདྲ། ཚོད་མ་ཟེར་ན་འདྲ། མོག་མོག་ཟེར་ན་འདྲ། ཚེལ་མོ་མོ་ཟེར་ན་འདྲ། ཕྱེ་མོ་མོ་ཟེར་ན་ཡང་འདྲ། ཚིལ་མོ་མོ་ཟེར་ན་ཡང་འདྲ། ཤ་མོ་མོ་ཟེར་ན་ཡང་འདྲ། གང་ལྟར་མ་ལྟར་མིང་འདི་དག་ནི་བོད་རང་ནས་ཐོན་པ་ལས། དགྱ་སོགས་ཆ་ཁེ་གསུམ་ནས་ཡོང་བ་ཞིག་མིན་པ་གསལ་པོ་གསལ་རྐྱང་ཡིན།
མིང་འདིའི་ཆད་ཁུང་ནི། ཤ་མོ། ཤ་མོག། ཤ་མོང་ཡིན་པ་དང་། དེའི་དབྱིབས་མདོག་གཉིས་འདྲ་བ་རྒྱུ་མཚན་དུ་བཞག་ནས་ས་སོ་སོ་ན་འབོད་ཚུལ་མ་འདྲ་བ་རེ་ཡོད་པ་རེད། ཟས་འདི་བོད་ཕྱོགས་ཡུལ་ལུང་ལ་སླེབ་འགོ་ཚུགས་ནས་དུས་ཡིན་རིང་པོ་ཞིག་མ་རེད། དང་པོ་བླ་མ་དང་དགོན་པ་ནས། མཐར་ཕྱོགས་སོ་སོར་དར་པ་ཞིག་རེད། བོད་ལ་དར་ཕྱིན། མོ་མོ་འདི་ལ་ཁ་རྒྱན་རྣ་རྒྱན་སོགས་མང་པོ་ཞིག་གིས་དབྱིབས་དང་བྲོ་སྦྱོར་གྱི་ཆ་ལ། ལག་རྩལ་དང་ཁྱད་ཆས་འབུར་དུ་ཐོན་ཐུབ་པ་ཞིག་ད་ལྟ་མིག་མཐོང་དུ་ཡོད་པ་འདི་རེད།
མོ་མོའི་ལོ་རྒྱུས་འདི་བཀའ་འགྱུར་དང་བསྟན་འགྱུར་ལ་གཏུག་ནས་འཚོལ་དགོས་བ་ཞིག་མ་མཐོང་ཡང་། འབྲི་སྟངས་འདི་འདྲ་ལ་དགའ་བོ་ཡོད། ཧ་ཧ་ཧ།
མཁས་བ་བརྒྱ་ལ་ཀླད་རྡིབ་བྱུང་བ་ན།
བླུན་པ་ང་ལ་དགོད་རྒྱུ་རབ་ཏུ་འབར།། ཧ་ཧ་ཧ།
ངས་འདིར་གསལ་འདེབས་ཤིག་ཞུ། རྒྱ་སྐད་དང་སྒྲ་གདངས་འདྲ་བའི་བོད་སྐད་ཚང་མ་རྒྱ་སྐད་དུ་ཟུར་ཆགས་པར་འཛིན་པའི་བག་ཆགས་འདི་ཉེན་ཁ་ཅན་ཞིག་ཡིན་ལ་དོན་དངོས་ལ་ཡང་བསྐྱར་དུ་བསམ་གཞིག་དགོས་པའི་གལ་གནད་ཡོད་པ་ཞིག་ཡིན་པ་འདི་མ་བརྗེད་རོགས། གཞན་ཚོད་མ་ལ་ཁུ་བའི་དོན་ཡོད་པ་མ་རེད་སྙམས།
ད་མོག་མོག་ཟེར་བ་འདི་ཡར་ག་ཚོད་དེད་ནའང་སྲོང་བཙན་གོང་ལ་འདེད་ཐུབ་ཨེ་ཡོང་། དེའི་གོང་ལ་འདེད་མ་ཐུབ་ན་གང་ལྟར་ཨ་ཞང་ཚང་གི་ཁ་འོག་ལག་འོག་ནས་ཐར་ཁག་པོ་ཆགས་ས་རེད།
ཕྱི་ལོ་1275 སོག་རྒྱལ་ཧུ་པེ་ལལེའི་ཁན་གྱི་་སྐབས་བྱུང་བའི་མཱ་ཁེ་པཱོ་ལཱོའི་marco polo.《馬可·波羅遊記》ཡུལ་སྐོར་ཟིན་ཐོར་སོག་ཡུལ་གྲོ་བྱེའི་ནང་དུ་ཤ་འཚོད་པའི་ཟ་མ་ཞྀག་ཡོད་པའི་སྐོར་འཁོད་ཡོད། དེ་ལ་བོད་ཟས་ཟེར་བ་pizza ་ལ་འགྱུར་བ་མིན་ནམ་སྙམ་། ཐང་ཡིག་ཏུ་བོད་དུ་སྐྱོ་ར་ཟེར་བའི་གྲོ་བྱེའི་ནང་དུ་ཤ་བཅུག་པ་ཞིག་ཡོད་རབས་འཁོད། 馍馍་ཟེར་བ་རྒྱ་ནག་གི་ཚིག་མཛོད་རྙིང་པར་འགྲེལ་བཤད་གང་ཡང་མེད། ཕལ་ཆེར་ཕྱི་ལོག་གི་སྐད་ཞིག་སྒྲ་བསྒྱུར་བྱས་པ་ཡིན་འདུག་པས་གང་ནས་བྱུང་དཔྱོད་མཛོད། །བོད་ལ་ཡོད་མེད་བོན་པོ་རྣམས་ལ་དྲིས་ཤིག །
ཐུག་པ་དང་། མོག་མོགཅེས་པའི་མོག་མོག་ནི། བོད་རང་གི་བརྡ་སྐད་དང་། བོད་རང་ནས་མཆེད་པ་ཞིག་རེད། ངའི་ཕ་ཡུལ་མོག་མོག་ཟེར་དུས་དེང་སང་གི་མོག་མོག་ལྡབ་གསུམ་བཞིའི་ཆེ་བ་ཞིག་བཟོས་པ་ཞིག་བོད་རང་རང་གི་འབྲོག་སྡེ་ཁག་ཏུ་སྲོང་བཙན་སྔོན་ནས་དར་ཡོད་བཟོ་འདུག མོག་མོག་ཞེས་པའི་ཚིག་གི་གོ་དོན་ནི་ངས་ཀྱང་མི་ཤེས།
༡)
འཚོ་བྱེད་བུ་ལགས་ནས་ལན་གནང་བར་བཀྲིན་ཆེ། གནད་དོན་ཇེ་གསལ་དུ་བཏང་སོང་།
༢)
དྲི་མེད་ལྷག་བསམ་ལགས་ནས་ཐང་ཡིག་ཏུ་བོད་དུ་སྐྱོ་ར་ཟེར་བའི་གྲོ་བྱེའི་ནང་དུ་ཤ་བཅུག་པ་ཞིག་ཡོད་རབས་འཁོད་ཟེར་བའི་སྐོར་གྱི་ཡིག་ཆ་རེ་ངོ་སྤྲོད་གནང་རོགས། བརྗོད་གཞི་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་འདུག
རིག་འབྱུང་ལེགས། ཕྲན་ལ་ནོར་བ་བྱུང་འདུག བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ། ཆང་འཁྱོར་བར་བླུགས་ནས་འཐུང་། ཟེར་བ་དེ་དྲན་ནས་གོ་ནོར་བྱུང་འདུག འོན་ཀྱང་དེ་རྒྱ་ཡིག་ཏུ། 疑麨为盌实羹酪并食之手捧酒浆以饮。盌,碗,盘།སོགས་དོན་གཅིག་པ་དང་། སྐབས་རེར་ཡི་གེ་གོང་མ་རྒྱུ་ངེས་མེད་ཀྱི་སྣོད་དུ་འཇུག་པའང་ཡོད་དོ། །ཉིད་ཀྱིསམཁྱེན་གསལ་ལྟར། 羹 ཞེས་པ་སྐྱོ་མའམ་ལྡེ་གུ་དང་།肉羹ཤ་ཁུ་དང་ཤ་ཞིབ་ལ་སོགས་ཚིག་གྲོགས་ལ་ལྟོས་དགོས། ཤ་མོག་མིན་པའི་ངེས་པ་མི་འདུག 酪ཞེས་པ་ཕལ་ཆེ་བ་ཞོ་ལ་འཇུག་ཅིང་སྐབས་རེར་འོ་མ་བསྲེས་པའི་ཟས་ལའང་གོ། གོང་དུ་རྟིང་སོར་ཞེས་པ་རྒྱ་ཡིག་ཏུ་མེད། ལྷན་དུ་ཟ་བ་ལ་གོ། 手捧酒浆ལག་ཏུ་ཆང་ཐོགས་ཏེ་མཐོན་པོར་བཏེགས་པ་ལས་འཁྱོར་བར་བླུགས་པའི་དོན་མ་ཡིན། དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀས་འཁྱོར་བར་བླུགས་ཞེས་དོན་བསྒྱུར་བྱས་འདུག །ཆང་ལྟ་ཚུལ་ལ་ཟས་ཁམ་རེ་དང་ཆང་ཧུབ་རེ་བྱས་ཏེ་བཟའ་བའི་ཚོར་བ་སྟེར། ཐང་ཡིག་བོད་འགྱུར་སྤྱིར་འགྱུར་ལེགས་མོད། ཞིབ་ཆ་དེ་ཙམ་མེད་པའི་སྐབས་མང་། དེ་བཞིན་མི་ཡི་མིང་ཡང་ཚོད་དཔག་བྱས་པ་རེད་སྙམ་པ་དུ་མ་མཆིས་སོ། །
བོད་ཀྱི་ཟ་མ་མཆོག་ཏུ་གྱུར་པ་དེ་སྐྱུ་ཞེས་པ་ལ་དྭགས་ལ་ད་ལྟ་ཡང་ཡོངས་་གྲགས་ཆེ། ཁམས་པ་ཡིན་པ་རྒན་དགེ་བཤེས་ཡེ་ཤེས་ཐུབ་བསྟན་མཆོག་ལ་དྭགས་ལ་བོད་ཀྱི་རིག་གཞུང་འཆད་ཉན་གྱི་བཤད་གྲྭ་འཛུགས་པར་རྒྱུན་རིང་ལོ་མངས་དེར་བཞུགས། ལ་དྭགས་ཀྱི་ཟན་སྐྱུ་ཞེས་པ་སྦག་ས་ཆོས་སྡེར་ངོ་སྤྲོད་མཛད། དེ་ལ་སྦག་སའི་གྲྭ་པ་ཀུན་གྱིས་ལ་དྭགས་ཞེས་མིང་བཏགས་པ་ཐོས།
ཆ་གསུམ་གཏོར་མ་འཕེན་སྐབས་སུ་གདོན་འདྲེར་མགྲོན་ཟས་སུ་ཐེབ་སྐྱུ་གཏོར་མ་ལ་བསྐོར་ནས། མགྲོན་གཏོང་། ཆ་གསུམ་ཞེས་པ་ཡང་། གཏོར་མ་གསུམ་དང་། མར་མེ་གསུམ་དང་། ཐེབ་སྐྱུ་སོགས་ངས་བྱིས་པའི་སྐབས་སུ་མཐོང་། དེར་མོག་མོག་བོད་ཟས་ཡིན་པའི་མིང་ཙམ་མེད། དིང་སང་བོད་དུ་མོག་མོག་སྐད་གྲགས་ཆེ་བས་གདོན་ལ་མགྲོན་མོག་མོག་གཏོང་བ་ཐག་ཆོད། འོན་ཀྱང་བོད་མི་འགའ་རེས་མོག་མོག་ལས་སྐྱུ་འདམས་པར་ཡང་ཐོས།
ངག་སྒྲོན་དྱ་ཡང་།
་
སྐྱུ་རུམ་སྐྱུ་གང་སྐྱུགས་པས་སྐྱེངས།
་
ཞེས་པ་ཡོད། བཅུ་ཚོད་བཅུ་པ་ཞེས་གློག་ཀླད་ཀྱིས་སྒྲ་སྒྲོགས་པས་གཉིད་ལོག་པ་དགའོ།
གཉེ་ཤངས་སྐད་དུ་ཀྱུ་ཟེར་ན་ཆུ་དང་། ཀྱེན་ཟེར་ན་གཟན་གོང་ལ་གོ ཐེབ་སྐྱུ་ནི། ལག་གཡས་པའི་ཐེབ་བོང་དང་། མཛུབ་མོས་བསྣན་ནས་བཟོས་པས་ན། ཐེབ་སྐྱུ་ཞེས་གྲགས་པ་འདྲ།
ཐེབ་སྐྱུ་དང་། འཐེན་ཐུག་གཉིས་མིང་ཐོགས་སྟངས་འདྲ་པོ་མི་འདུག་གམ། ལགས།
དོལ་པོ་བ་ཚོས་ཞོ་གོག་གམ་རྒྱ་བལ་སྐད་དུ་ཨ་ལུ་ཟེར་བ་དེ་ལ་་་པིན་ཀྲཱ་་་ཞེས་སུ་བརྗོད་སྲོལ་ཡོད་པར་གོ ། དེ་བདེན་པ་ཡིན་ནམ།
གཙང་པའི་སྐད་དུ་ཆང་ལ་་་དབྱི་་་ཞེས་སུ་བརྗོད་སྲོལ་ཡོད་པར་གོ ། དེ་བདེན་པ་ཡིན་ནམ།
ཨིན་སྐད་པོ་ཊ་ཊོ་ལ། བོད་པས་ཞོག་ཁོག རྒྱ་གར་བས། ཨ་ལུ་དང་། དོལ་པོས་མི་ཤེས། མུ་ཁུམ་པས། པིན་ཀྲལ་ཟེར་བགྱིན་འདུག
ཐང་ཡིག་ཏུ། 羹ཟེར་བ་རྒྱ་ནག་གི་ཡུལ་སྤྱི་ལ་གོ་བ་ལྡེ་གུ་དང་། སྤྱིར་འབྱར་རྩི་ཡོད་པར་གོ་བ་ཡང་ཡོད། རིགས་མི་འདྲ་བ་ཤར་ལྷོ་ནུབ་བྱང་བྱང་ཀུན་ཏུ་ཡོད། དཔེར་ན་ལུག་ཤ་དང་གྲོ་བྱེ་སྦྱར་བའི་ཤ་ལྡོག་ཆུ་ལ་བསྐོལ་བར།羊羹。ལུག་ཤ་སྲབ་མོ་གྲོ་ཕྱེར་སྦྱར་བ།羊羹ཟེར་བའི་ས་ཁུལ་ཡང་ཡོད། 酪ཟེར་བ་འོ་མས་བཟོས་པའི་ཟས་རིགས་ཕལ་མོ་ཆེར་འཇུག སྐབས་རེར་ཆུར་བ་ལ་གོ་བའི་སྐབས་ཡང་ཡོད། དེས་ན།གོང་གསལ་བག་ཕྱེའི་སྣོད་དུ་ཆུར་ཞིབ་བླུགས་པར་གོ་ཡང་ཆོག བག་ཕྱེ་ལེབ་མོའི་ནང་དུ་ཤ་དང་ཆུར་བ་བསྲེས་པ་pizza་ལྟ་བུ་འགྲེལ་ཡང་རུང་། ཡང་ན་ཨ་མདོའི་བག་ལེབ་ཤ་མར་གྱི་ནང་རྫོང་ཅན་དུ་གོ་ཡང་རུང་ངོ་། །
ཞོག་ཁོག་ལ་གཙང་གཞིས་ཀ་རྩེ་པས། རྒྱ་གྲོ། ཟེར་འདི་ལ་སྒྲ་བཤད་རྒྱབ་ན་ལེགས་པ་ཞིག་ཏུ་གོ་བ་ཡོད་པ་ཞིག་གོ
ཚང་མས་བགྲོ་གླེང་ཡག་པོ་གནང་འདུག
དེ་འདྲ་བྱས་ན་མཁས་པའི་ཉམས་འདུག
དྲྭ་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ།
ཞོག་གོག་ལ། རྒྱ་ཡི་གྲོ་མ་ཟེར་མཁན་ཐོག་མ་དེ་སུ་ཡིན་ནམ་ཨ། སྙམ་ནས་བསྡད་ཡོད།
འབྲོག་པ་དགྱ་སྐད་མི་ཤེས་ནི་ཚོས། དགྱ་གྲོ་ཟེར། དགྱ་ཁ་རོང་ཁའི་མིས་འདི་ལ་༼ཡང་ཡས༽་ཡིན་ན་ཅིག་ཟེར།
རྒྱ་གྲོ་མ་་་ཟེར་བ་དེ་ནི་ཞོ་གོག?་དང་འདྲ་པོ་མེད། རྒྱ་གྲོ་མའི་ལོ་མ་དང་སྡོང་བུ་ནི། ཉི་མ་མེ་ཏོག་གི་ལོ་མ་དང་སྡོང་བུ་འདྲ་པོ་ཡོད། རྒྱ་གྲོ་མའི་སྡོང་བུ་ནི་མི་གཟུགས་ལས་ཀྱང་རིང་བ་འཚར། རྒྱ་གྲོ་མའི་རྩ་བ་ནི་གཏོས་ཆེ་ཙམ་ལ་སྒ་སྐྱ་དང་སྒ་སྨུག་གི་བཟོ་འདྲ་པོ་ཡོད་རེད། རོ་ནི་མངར་ཆ་ཆེ་བ་ཞིག་ཡིན། །
བོན་པོས་རྫུན་བཤད་སོང་། ཁྱེད་ཀྱིས་བཤད་པ་དེ་ལ། sweet potato ཟེར་བ་དེ་རེད། བོད་ནང་ལ་དེ་འདྲ་ཞིག་ཡོད་པ་མྱིག་གིས་མ་རིག། དགྱ་གྲོ་མང་པོ་བཟས་ཡིན། sweet potato བཙན་བྱོལ་ནས་མ་གཏོགས་ཟ་མ་མྱོང་།
དྲ་གྲོགས་ཚོས་བདེན་པ་མཛོད་ཅིག།
གནམ་ལགས།
ཞོ་གོག་གི་བཟོ་ལྟ་ནི་རིལ་ཙམ་དང་ནར་ཙམ་ལ་མིག་གཟུགས་མང་པོས་བརྒྱན་པ་ཞིག་དང་། sweet potato་ཞོ་གོག་མངར་མོ་ནི་སྒྱུ་ལོང་གི་བཟོ་འདྲ་བ་ལ་དབྱིབས་གཟུགས་ཆེ་ཆུང་སྣ་ཚོགས་ཡོད། །
རྒྱ་གྲོ་མའི་རྩ་བ་ནི་གཏོས་ཆེ་ཙམ་ལ་སྒ་སྐྱ་དང་སྒ་སྨུག་གི་བཟོ་འདྲ་པོ་ཡོད་རེད། །
རྒྱ་གྲོ་མ་ནི་ཧ་ཅང་འཕེལ་རྒྱས་མྱུར་བའི་སྐྱེ་དངོས་ཅིག་ཡིན་པ་རེད། ལྟ་རྟོགས་དང་གསོ་སྐྱོང་ཆེར་མ་བྱས་ཀྱང་ཞིང་ནང་དུ་སོན་རྩ་ཡོད་ན་དབྱར་དུས་སུ་ཧ་ཆང་ཕོན་ཆེན་པོ་སྐྱེ་ཡོང་བས་ན་རྒྱ་གྲོ་མ་ཞེས་སུ་མིང་གིས་བརྙས། །
ཞོ་གོག་དེ་ལྟར་མ་རེད། ཞོ་གོག་ལ་ལྟ་རྟོགས་དང་གསོ་སྐྱོང་ཡག་པོ་མ་བྱས་ན་སྐྱེ་འཕེལ་ཆེན་པོ་མི་ཐུབ། །
ཞོ་གོག་ཡིན་ནམ། ཞོ་ཁོག་ཡིན། མཁྱེན་ལྡན་རྣམས་ཀྱིས་ཐག་གཅོད་ཞུ། །
ཞོ་གོག་གམ་ཞོག་གོག་ཅེས་མིང་ཚིག་ཇི་ལྟར་བྱུང་སྒྲ་བཤད་དུ་ཡོད་པ་ཞིག་མ་ཡིན་པར་འདོད་རྒྱལ་ལྟ་བུ་ཞིག་ཏུ་མཆིས། རྒྱ་གྲོ་ཞེས་པ་རྗེས་སྒྲུབ་ཏུ་སྣང་ངོ་།
བོན་པོ་ལགས།
དེ་འདྲ་ཞིག་ཡིན་ན། ངེད་ཀྱིས་ངོ་འཛིན་བྱེད་ས་དེ་ཁ་ཁ་ཡིན་པས། ཁ་ངན་ནང་གི་ཚིག་ངན་ལ་དགོངས་དག་ཞུ། རྩི་ཤིང་། ཚལ་ཚོད་མ། རྡོ་རྡོ་རིགས་སོགས་གླེང་བའི་སྐབས་ལ་པར་དང་ལྡན་པའི་གཏམ་གླེང་ངོ་སྤྲོད་བྱེད་སའི་སྡངས་ཆ་ཞིག་ཡོད་ན་ཨང་ཡང་ཡང་བསམ། ཆོལ་གསུམ་ས་ཁུལ་དང་རི་བོ་ཧི་མ་ལའི་རི་རྒྱུད་དུ་ཡོད་པ་ཚོ་ལ། རྒྱུ་དང་དངོས་པོ་གཅིག་ལ་ངོ་འཛིན་དང་མིང་འདེགས་ཁ་ཁ་ཡོད་པ་རྣམས་ཕན་ཚུན་ངོ་སྤྲོད་ཀྱི་དག་ཡིག་ཞིག་བཟོ་ཐུབ་ན་ཁྱད་ལས་དོན་ཉེར་བའི་མ་འོང་གི་མཚན་རིག་པ་ཚོ་ལ་ཕན་པ་བརྗོད་དུ་མི་ཤེས་བ་ཞིག་ཡོད་འདོད།
བོད་ཁམས་ནང་ནས་སྐད་ཀྱི་སྒྲ་གདངས་ལེགས་ཤོས་དེ་གྲོགས་ཅོ་རིས་གསུངས་པ་ལྟར་སྟོད་པའི་སྐད་དེ་རེད་བསམ་གྱི་ཡོད། བོད་ཀྱི་ཡིག་སྐད་དུ་ཡོད་པ་ཕལ་ཆེར་སྟོད་སྐད་དང་ཉེ་བ་ཡིན། གནས་སུ་འགྲོ་བ་ལ་འགྲོ་དང། སྒོ་ཕྱུག་གཡག་ལ་གཡག་ཅེས་འབོད་ཀྱིན་ཡོད། དེ་མིན་ཨ་མདོ་བས་འགྲོ་ལ། འགྱོའམ་རྒྱོ་ཞེས་འབོད། ཁམས་པས་གཡག་ཅེས་པ་ནི་སྟུག་དྲི་ལ་འབོད། དེ་བཞིན་བརྡ་དག་གི་སྟེང་ནས་ཡིན་ནའང། སྟོད་པའི་སྐད་དེ་བོད་ཀྱི་བརྡ་བརྡ་དག་དང་ཤིན་ཏུ་ནས་ཉེ་བ་སྟེ། ང་ན་ཡི་འདུག་ཅེས་ཟེར་བ་ལས། ཨ་མདོ་དང་ཁམས་པ་ལྟ་བུ་ང་ན་གི་འདུག་ཅེས་མི་ཟེར། དེ་བཞིན་ཕྱོགས་གང་ནས་ལྟས་ཀྱང་སྟོད་པའི་སྐད་དེ་བོད་སྐད་དག་ཤོས་དེ་མཐོང་གི་ཡོད།