ཡོང་ཁུངས། དམངས་ཁྲོད།
ཆུ་གཙང་བོའི་རླབས་ཕྲེང་བར་ན།།
ཉ་གསེར་ལོའི་འཁྱུག་འགྲོས་མང་གི།
ངའི་བརྒྱ་ཚོགས་ཉ་མོའི་ནང་གི།
མིག་གཏད་ས་གསེར་མིག་ཁྱེད་རེད།།
སྡེ་ཚོ་དྲུག་རྩེད་རའི་ནང་ན།།
སྨན་བུ་མོའི་འཛུམ་ཆུང་མང་གི།
ངའི་སྟོང་ཚོགས་ལྷ་མོའི་ནང་གི།
མིག་གཏད་ས་རོགས་ལོ་ཁྱེད་རེད།།
ཞེ་སྣང་བའི་ཁ་ཕྱོགས་མཐུན་ཡོད།
ངའི་མེ་ཏོག་འདབ་མའི་སྟེང་གི།
ཁྱེད་གཤོག་ཡག་རྐང་དྲུག་གཞོན་ནུ།།
ཞེ་སྣང་བའི་ཁ་ཕྱོགས་མཐུན་ན།།
ཚེ་གང་གི་སྐྱ་ཡ་ངས་བྱེད།།
ངའི་ལང་ཚོ་གོས་དཀར་སྟེང་གི།།
ཁྱེད་གསར་བུ་སྙིང་རུས་ཅན་པོ།།
ཞེ་སྣང་བའི་ཁ་ཕྱོགས་མཐུན་ན།།
ཚེ་གང་གི་སྐྱ་ཡ་ངས་བྱེད།།
དགའ་དང་ནོ་སྔོན་གྱི་ལས་རེད།
འདིའི་ས་སྐྱེས་མེ་ཏོག་ཀུ་མུད།།
དགུང་ཟླ་བའི་འོད་དཀར་འཕྲོས་ཚེ།།
ཁྱེད་མདོག་ཡག་གང་བུའི་ལང་ཚོ།།
གྲོལ་དང་ནོ་སྔོན་གྱི་ལས་རེད།།
འདིའི་སྡེ་ཆེན་ར་བའི་ནང་གི།
མ་གཤིས་བཟང་དོན་འགྲུབ་སྒྲོལ་མ།།
ཤ་མཆིན་པའི་བར་གསེང་ཞིག་ནས།།
དགའ་དང་ནོ་སྔོན་གྱི་ལས་རེད།།
འདང་བརྒྱབ་ན་སོ་སོར་གནས་ཡོད།
རྫ་ཁྲ་ཡག་འབྲོང་གི་གནས་རེད།།
རྩ་རམ་དཀར་འབྲུ་ཡི་སྐལ་རེད།།
འདང་བརྒྱབ་ན་སོ་སོར་གནས་ཡང་།།
ཞེ་སྣང་བའི་སེམས་པ་མཐུན་ཡོད།།
སྟག་ཤ་ར་རླུང་ཁའི་མེ་རེད།།
སྨན་བུ་མོ་ཆུ་ཁའི་དར་རེད།།
འདང་བརྒྱབ་ན་སོ་སོར་གནས་ཡང་།།
ཞེ་སྣང་བའི་སེམས་པ་མཐུན་ཡོད།།
སེམས་དམར་པོས་ཚིག་ཅིག་བཤད་དང་ན།
བྱ་རྨ་བྱ་གསེར་གྱི་སྒྲོ་གུར་ཅན།།
དབྱར་དྲུག་པའི་འབྲུག་སྒྲ་ཐོས་དང་ན།།
སེམས་དུང་བའི་དབྱངས་ཤིག་གོ་སོང་ན།།
ཚེ་འདི་ཡི་རྩེ་རོགས་ཉན་ནི་རེད།།
སྨན་བུ་མོ་དངུལ་གྱི་རྣ་ལོང་ཅན།།
སྟག་ཤ་རས་རྟ་ཁར་འཇུས་དང་ན།།
སེམས་དམར་པོས་ཚིག་ཅིག་བཤད་དང་ན།།
ཚེ་འདི་ཡི་རྩེ་རོགས་ཉན་ནི་རེད།།
མིག་གཉོམ་པོ་གཏད་ས་ཁྱེད་ཡིན།
རྫ་ཁྲ་ཡག་སྨུག་པའི་ནང་གི།
ངའི་འདུག་རོགས་འབྲོང་གཡག་དར་མ།།
སེམས་དམར་པོ་ཁེན་ས་ཁྱེད་རེད།།
གློ་སྙི་མོ་རེག་ས་ཁྱེད་རེད།།
ཆུ་རྨ་ཆུའི་གསེར་ཀློང་ཐང་གི།
ངའི་འཚོ་རོགས་སྐལ་བཟང་ཟླ་བ།།
མིག་གཉོམ་པོ་གཏད་ས་ཁྱེད་རེད།།
གླུ་ཕྲ་མོ་ལེན་ས་ཁྱེད་རེད།།
མཐུན་སོང་ན་འགྱོད་པ་མེད་ནི་བྱེད།
ཆུ་རྨ་ཆུ་གཡི་ཡི་མཚོ་མོ་རེད།།
བྱ་ངང་བ་མཚོ་ཁའི་ནོར་བུ་རེད།།
འདིས་ལྟོ་དཀར་ཉ་མོ་ཚེ་རིང་མར།།
མཐུན་སོང་ན་འགྱོད་པ་མེད་ནི་བྱེད།།
སྡེ་ཆེན་པོ་དངུལ་རྭ་ལྷ་སྡེ་རེད།།
སྟག་ཤ་ར་ལྷ་སྡེའི་གཅེས་ལོ་རེད།།
འདིས་སྨན་ཤར་དོན་དག་འགྲུབ་རྒྱུ་མར།།
མཐུན་སོང་ན་འགྱོད་པ་མེད་ནི་བྱེད།།
འདང་མི་འགྱུར་སེམས་ཐག་གོར་མོ་ཡིན།
རྟ་འདོ་བ་སེམས་ཀྱི་རྟེན་ས་རེད།།
འབྲུ་ཐུལ་མ་ལྷས་ཀྱི་གཡང་ཟོག་རེད།།
མར་ཆུར་བ་ཁྱིམ་གྱི་དྲོད་ཁོལ་རེད།།
འདང་མི་འགྱུར་སེམས་ཐག་གོར་མོ་ཡིན།།
སྟག་ཤ་ར་སྙིང་གི་འོད་ཐིག་རེད།།
ལུས་དཔའ་རྩལ་ཡིད་ཀྱི་མཆོད་མེ་རེད།།
སེམས་བརྩེ་བ་རྡོ་རྗེ་དགུ་མདུད་རེད།།
འདང་མི་འགྱུར་སེམས་ཐག་གོར་མོ་ཡིན།།
ངས་འདང་ཅན་ནང་གི་སྲོག་ཐོ་མ།
ནགས་རྒྱ་རྫོང་ལོ་མའི་སྟེང་གི།
ཁྱེད་གསུང་ཡག་ཁུ་བྱུག་བུ་མོ།།
ང་འདང་ཅན་མེད་ནི་མིན་ར།།
ངས་འདང་ཅན་ཁུ་བྱུག་ཁྱེད་རེད།།
སྦྲ་མཐིང་སྨུག་གོ་ཁའི་འགྲམ་གི།
མ་མདངས་ཡག་དོན་འགྲུབ་སྒྲོལ་མ།།
ང་འདང་ཅན་མེད་ནི་མིན་ར།།
ངས་འདང་ཅན་བུ་མོ་ཁྱེད་རེད།།
དྲན་དང་ན་དྲན་རྒྱོ་ཁྱེད་རེད།
གངས་དཀར་པོ་ཁ་བའི་ཕོ་བྲང་རེད།།
སེང་དཀར་མོ་རྒོད་པོ་མཐུར་མེད་རེད།།
འདིའིེ་སེང་ཕྲུག་སྙིང་ལ་རྗེ་བོ་དེས།།
དྲན་དང་ན་དྲན་རྒྱོ་ཁྱེད་རེད།།
སྡེ་ཆེན་པོ་དངུལ་དཀར་རྩྭ་ཐང་རེད།།
ཕོ་གསར་བུ་སྐལ་བཟང་ཟླ་བ་རེད།།
འདིའི་སྨན་ཤར་སྙིང་ལ་རྗེ་བོ་དེས།།
དྲན་དང་ན་དྲན་རྒྱོ་ཁྱེད་རེད།།
རྫ་ཟུར་ཁ་ཅན་པོ་རིག་ན།།
འབྲོང་རྭ་ཁ་ཅན་པོ་དྲན་ཀི།
འབྲོང་སྒོ་ཟོག་མིན་ནོ་བསམ་ན།།
ཞེ་སྡུག་ག་དུང་མཐའ་མེད་ཀི།
སྡེ་ཁ་ཞེང་ཅན་པོ་རིག་ན།།
རོགས་ཞེ་འདང་ཅན་པོ་དྲན་ཀི།
རོགས་རང་མྱི་མིན་ནོ་བསམ་ན།།
ཞེ་སྡུག་ག་དུང་མཐའ་མེད་ཀི།།