རྔ་བཟའ་བདེ་པོ་འཚོ།
འཇིག་རྟེན་འདིར
ས་སྟེང་གི་འབུ་དང་ནམ་མཁའི་བྱ་བྱེའུ་ཚུན་ཆད
རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དག
ཁོག་གི་སྙིང་ལས་ཀྱང་གཅེས་ཤིང་དུངས་པས་ན
ཨ་མ་ངས་བུ་ཁྱེད་ལ་བཅང་བའི་བརྩེ་བ་ནི་གནམ་ས་གཅིག་ཏུ་སྤྲེལ་ན་ཡང་འགྲན་དུ་མེད་ལ
སུས་ཀྱང་ཚབ་བྱེད་མི་ཐུབ་པའི་བརྩེ་བ་རྣལ་མ་ཞིག་ཏེ
འཇིག་རྟེན་འདི་ནས་རྙེད་ཐབས་མེད་པའི་དྭངས་གཙང་གི་བརྩེ་བ་ཞིག་ཀྱང་ཅི་ལ་མིན
ཁྱེད་ཕྱིན་ཤུལ་གྱི་ལོ་ངོ་བཅུ་བདུན་གྱི་རིང་ལ
ཨ་མ་ངས་ཁེར་རྐྱང་གི་འཚོ་བ་དྲན་གདུང་གིས་མནར་བཞིན
ནམ་ཞིག་ལ་བུ་ཁྱེད་ཀྱིས་ཤེས་བྱའི་རྟ་ཕོ་བཞོན་ནས
རྒྱལ་ཁའི་རྒྱལ་མཚན་དགུང་ལ་བཏེགས་ཏེ
འཛུམ་མདངས་དང་སྤོབས་པ་ཡིས་ཁེངས་ནས
ཨ་མ་ངའི་གམ་ལ་ཡོང་བར་བསྒུགས་ཡོད
ཁ་པར་གྱི་སྐུད་ལམ་བརྒྱུད་ནས
བུ་ཁྱེད་ཀྱི་སྐད་ངག་ཐོས་ཐེངས་རེར
ཨ་མ་ངའི་སྐྱོ་ངལ་དག་གཏིང་ནས་ཡལ་འགྲོ་ལ
སེམས་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་ཀྱང་ངང་གིས་སླེབས་ཡོང
གནམ་ལོ་གསར་བ་སླེབས་ལ་ཉེ་དུས
ངས་དེ་རིང་དམིགས་བསལ་གྱིས
གཅེས་ཕྲུག་ཁྱེད་ཀྱི་ཁ་པར་ལས་ཨ་མ་ཞེས་པའི་འབོད་སྒྲ་དེ་བསྒུགས་ནས་བསྡད་ཡིན
གནམ་ས་མགོ་རྟིང་སློག་འདྲའི་ངས་ཆེས་ཐོས་ན་མི་འདོད་པའི་གཏམ་ངན་ཞིག་དེ
བསམ་ཤེས་མེད་པའི་རླུང་བས་འཁྱེར་ཡོང་དུས
ཁྱེད་ཉིད་གློ་བུར་དུ་འཇིག་རྟེན་འདི་ནས་གྱེས་ཟིན་ཟེར
དཀོན་མཆོག་གསུམ་པོ་མཁྱེན
འདི་མངོན་སུམ་མིན་པར་སྨོན
རྒན་མོ་ཁེར་རྐྱང་ངས་རེ་བ་བཅོལ་ས་ནི་བུ་ཁྱེད་ཡིན་ལ
འདི་ལྟར་འཚོ་བ་ཡང་ཁྱེད་ཀྱི་ཕྱིར་དུ་ཡིན
ལོ་ཟླ་དེ་དག་གི་རིང་ལ
ཨ་མ་ངས་ཚོང་ཁང་ཆུང་ཆུང་ཞིག་འཚོ་རྟེན་བྱས་ནས
རེ་བ་གསོན་པོ་ཞིག་རུམ་ལ་ཉར་ཏེ
ནམ་ཞིག་བུ་ཁྱེད་ཕྱིར་ལོག་པར་བསྒུགས་ནས
ཁྱིམ་གཞི་འདི་ཡང་ཁྱེད་ལ་གཏད་འདོད་པས
ཁང་པའི་ཀ་གདུང་རེ་རེར་གཅེས་སྤྲས་བྱས་པ་ཡང
མ་འོངས་པར་ཁྱེད་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་འདོད་ཡིན
གཅེས་ཕྲུག་ལགས
ཁྱེད་འདི་ལྟར་གློ་བུར་དུ་བུད་སོང་ཟེར་ན་ང་དངོས་གནས་ཡིད་ཆེས་ཀྱི་མི་འདུག
ཨ་མས་རྒྱུན་ཏུ་ཐོས་པ་ནི་ཁྱེད་ཀྱི་གཏམ་བཟང་རྐྱང་བ་སྟེ
སློབ་ལ་བརྩོན་པས་ལུས་ཀྱང་སྐམ་ཚུལ་ནས
སྣ་མང་བྱ་དགའི་གཟེངས་རྟགས་ཐོབ་ཚུལ
སློབ་མཐར་ཕྱིན་རྗེས་ཀྱི་བྱ་བར་བསྙེགས་པ་དག་ཡིན
རང་གི་ཡབ་མེས་ཀྱི་སྐད་ཡིག་དང་རིག་གཞུང
སྤྱི་ཚོགས་སོགས་ལ་ཕན་འདོགས་པའི་བྱ་གཞག་དུ་མ་ཞིག་སྒྲུབ་བཞིན་པ་ཐོས་དུས
ཨ་མ་ངའི་སེམས་ལ་བརྗོད་མི་ཤེས་པའི་དགའ་སྣང་ཞིག་དང
འགྲེལ་མི་ཤེས་ཀྱི་སྤོབས་པ་ཞིག་ཀྱང
རང་བཞིན་གྱིས་སླེབས་ཡོང་བ་ཁྱེད་ཀྱིས་ཤེས་གསལ་ཡིན
ཨ་མས་དེ་རིང་ཐོས་པ་ནི་ཁ་ནག་ཅིག་གི་གཏམ་ངན་ཏེ
ཨ་མ་ངར་ཁྱེད་མ་དབང་བའི་གཏམ་ངན་རེད
ས་མཐའི་ཡུལ་གྲུ་ཞིག་ནས
ཁྱེད་འདི་ལྟར་གྱེས་པས
ཁྱེད་ཀྱི་ཕུང་བོ་ཙམ་ཡང་མཐོང་རྒྱུ་མེད་ལ
ཐ་ན་ཕུང་པོ་བསྲེགས་པའི་དུ་བ་ཙམ་ཡང་མཐོང་མ་བྱུང
ངའི་གློ་སྙིང་མཆིན་གསུམ་ལ་གྲི་ཡིས་བསྣུན་པ་ལས་ཀྱང་ན་ཟུག་ཆེ་ཞིང
བུ་ཁྱེད་འཛུམ་པའི་གདོང་རིས་དྲན་ཐེངས་རེ་རེར
ཡིད་སེམས་སྨྲེང་ཞིང་མིག་མདུན་གྱི་ཡོད་ཚད་མག་མོག་དང་སྐྱ་ཐང་ཐང་རེད
ང་འཇིག་རྟེན་འདིར་འཚོ་བའི་རིན་ཐང་རྨང་ནས་ཆད་སོང
ཨ་མའི་གཅེས་ཕྲུག་ལགས
ཨ་མ་ཞིག་ལ་མཚོན་ན
རང་གི་བུ་ཕྲུག་ནི་གཞན་གྱི་ཚབ་བྱེདམི་ཐུབ་པའི་ཁྱད་འཕགས་ཀྱི་སྙིང་ནོར་ཞིག་སྟེ
བརྒྱ་ལ་ཨ་མ་ངའི་སྲོག་གིས་ཁྱེད་ཀྱི་སྲོག་ཚབ་བྱེད་ཐུབ་ན
ངས་དགའ་སྤྲོ་དང་བཅས་ཏེ་ཅིས་མི་འབུལ
སྐད་ཆ་དེ་ཐོས་དུས་ང་འཕྱི་འདུག
འགོར་འདུག
ཐམས་ཅད་འགྱོད་གདུང་དང་སྨྲེ་ངག་གིས་རྫོང་བ་བྱེད་པ་ལས
ཐབས་གཞན་མི་འདུག
གཅེས་ཕྲུག
ལས་རྒྱུ་འབྲས་དང་ཚེ་ཕྱི་མ་ཟེར་བ་ཞིག་ཡོད་ན
ངས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས
ཚེ་ཕྱི་མ་ཞིག་ལ་འུ་གཉིས་སླར་ཡང་མ་བུ་གྱུར་ཞིང
དགའ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ལ་མཉམ་འཛོམ་ཡོང་བའི་སྨོན་ལམ་འདེབས
ཨ་མའི་སྙིང་གི་ནོར་བུ
ཨ་མའི་གཅེས་ཕྲུག་ལོ་ལོ་་་
༢༠༡༥/༢/༥་་་་འདས་པོ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ཨ་མའི་ཚབ་བྱས་ནས་བྲིས།
བཀླགས་ཟིན། ཡག་པོ་བྲིས་འདུག མཐེ་བོང་བསྟེར།
ཡག་པོ་བྲིས་འདུག