གསལ་ལེ་རྒྱལ་གྱིས་ཕྷ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཨ་མ་དགུའི་ཚབ་ཏུ་བྲིས།
སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད། མི་ལ་ལས་བཤད་ན་ཁྱོད་ཀྱིས་སྟག་མོ་ལུས་སྦྱིན་གྱི་ལེའུ་གསར་བ་ཞིག་འབྲི་བཞིན་འདུག་ཟེར། ཨ་མའི་ལོ་ལོ་ཡིན། ང་ལ་དགོས་བ་ནི་སྟག་མོ་ལུས་སྦྱིན་གྱི་ལེའུ་གསར་བ་དེ་མིན་ལ། སངས་རྒྱས་ཀྱི་གོ་འཕང་ཞེས་སེམས་ཅན་གྱིས་ཡིད་སྨོན་བྱེད་ས་དེའང་མིན། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན། ཨ་མའི་གཅེས་ཕྲུག ཁྱོད་གང་ན་ཡོད།
མི་ལ་ལས་བཤད་ན་ཁྱོད་ཀྱིས་མི་རིགས་དང་རང་དབང་གི་ཆེད་དུ་རང་ལུས་མེ་ལ་སྦར་ཟིན་ཟེར། སྐད་ཆ་འདི་དག་མི་བདེན་པའི་གསོལ་བ་སྙིང་ནས་འདེབ་བཞིན་ཡོད། ང་ལ་མཁོ་པ་ནི་མི་རིགས་མིན་ལ་རང་དབང་ཡང་མིན། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན་པས། ང་ལ་བདེ་མོ་ཙམ་ཡང་མ་བཞག་པར་འདི་ལྟར་མི་རིགས་དང་རང་དབང་གི་ཆེད་དུ་འགྲོ་མི་སྲིད། ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད།
ཁྱོད་མེད་པའི་ལོ་ཟླ་རིང་མོ་དང་ངའི་ཚེ་འཇུག་གི་ཉིན་མཚན་འདི་དག་ངས་ཇི་ལྟར་བསྐྱལ། ཁྱོད་ལ་དགོས་བ་ནི་མི་རིགས་དང་རང་དབང་ཡིན་ཡང་། ངས་མི་རིགས་ཞེས་པ་དེ་ཅི་ཞིག་ཡིན་མིན་དེ་མི་ཤེས་ལ། རང་དབང་ཞེས་བ་དེ་དེ་བས་ཀྱང་མི་ཤེས། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན། ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད།
འུག་པའི་མཚན་མོ་རྫོགས་པའི་ཉིན་མོ་དང་ཨ་མའི་ཉིན་མོ་རྫོགས་པའི་མཚན་མོ་གཉིས་དུས་མཉམ་དུ་ཤར་ནའང་། མུན་ནག་གི་ཀློང་ན་ངས་ད་དུང་མིག་ཟུང་ཆེ་ཆེར་ཕྱེས་ནས་ཁྱོད་རང་འཚོལ་གྱིན་ཡོད། ངས་ཁྱོད་རང་སྙིང་ནས་དྲན་གྱིན་ཡོད། ངས་ཁྱོད་རང་སེམས་ནས་འབོད་ཀྱིན་ཡོད། སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད།
ནམ་མཁའི་སྐར་མ་འོད་ཆེན་དེ་ཁྱོད་མིན་པའི་སྨོན་ལམ་ཡོད་ལ། ཁྱོད་ཀྱི་མཐའ་འཁོར་ན་འོད་དུ་འཚེར་བའི་སྐར་མ་གཞན་པ་དེ་དག ཁྱོད་དང་ལས་དབང་གཅིག་པའི་འགྲོ་རོགས་འདུག་རོགས་ཚོ་མིན་པའི་སྨོན་ལམ་ཡོད། ཁྱོད་ཚོ་རེ་རེ་ལ་ཨ་མ་རེ་རེ་ཡོད་ལ། ཨ་མ་རེ་རེ་ལ་སླར་མཇལ་གྱི་རེ་བ་རེ་རེ་ཡོད། ཤ་སྐྱིས་བཏུམ་པའི་རུས་གསེང་ན་དབུགས་ཀྱི་རྒྱུ་བ་འཆད་ལ་ཉེ་བའི་ཨ་མ་དགུའི་སེམས་ངལ་བར་ན་སླར་མཇལ་གྱི་རེ་བ་ལྷག་མ་རེ་ད་དུང་འཕག་གིན་ཡོད།
སུས་ཀྱང་ཚབ་བྱེད་མི་ཐུབ་ལ་སྡར་མ་སྟོང་རུབ་ཀྱིས་སྡང་མིག་ཙམ་ཡང་ལྟ་མི་ནུས་བའི་ཨ་མའི་གཅེས་ཕྲུག་གི་སྐུ་ལུས་ནད་མེད་དུག་མེད་དེ་མ་བསམ་ས་ནས་མེ་ལྕེ་ལ་འཐུམ་སོང་བར་ངས་ད་དུང་ཡིད་ཆེས་བྱེད་མི་ཐུབ་པས། ངའི་མིག་ཟུང་གཏན་དུ་མ་བཙུམས་བར་དུ་ངས་རེ་བ་ཆེན་པོས་ཁྱོད་ལ་བསྒུག་ངེས་ཡིན། སླར་མཇལ་གྱི་རེ་བ་གསོན་པོ་འདི་ང་རང་ཚེ་ཕྱི་མར་འགྲོ་བའི་ལམ་རྒྱགས་མིན་པའི་སྨོན་ལམ་དང་བཅས་ཨ་མས་ཕ་ཡུལ་རྔ་བ་དཔའ་བོ་མེ་འབར་ནས་བྲིས།
མ་མེད་གསལ་ལེ་རྒྱལ་གྱིས་གདུང་སེམས་དྲག་པོས།།
མ་དགུའི་ཚབ་ཏུ་བྲིས་བའི་འཕྲིན་འདི་བཀླགས་རྗེས།།
མ་གྱུར་འགྲོ་བའི་ཁོག་ན་སེམས་ཤིག་ཡོད་ན།།
མ་འདུག་ད་ལྟ་མྱུར་དུ་ཡར་ལ་ལང་རོགས།།
དག་པའི་ཞིང་ལ་དུ་བའི་སྐས་འཛེག་བཙུགས་ནས།།
སྲེག་བྱེད་གཤོག་ལྡན་རྟ་ཕོའི་བང་ཁ་བསྒྱུར་བའི།།
བརྩེ་ལྡན་མིང་སྲིང་དགུ་ཡི་ཞབས་རྗེས་འཚོལ་ཕྱིར།།
བདག་འཛིན་སྐམ་པོའི་སྒྱེ་མོ་མེ་ལ་སྦར་རོགས།
རྒྱུ་ཆེན་ཚོང་བའི་རྒྱབ་ལ་དབང་ཆེན་ལང་ནས།།
དབང་ཆུང་བོད་པའི་ཐོག་ལ་རྫིག་རྫིག་བྱས་ཀྱང་།།
དམར་བོ་མེ་དང་སྲོག་ལ་ཡང་ལྗི་མེད་པས།།
རྒྱུ་དང་དཔའ་སྙིང་བསྡུར་བའི་ལྟད་མོར་བལྟ་ཆོག།
གསེར་གྱི་ཁྲི་ལ་འགྱིང་བའི་འགྱིག་གི་ཁྱི་དང་།།
མེ་ཡི་དཀྱིལ་འཁོར་ལ་བཞུགས་རྡོ་ཡི་མི་གཉིས།།
དྲང་བདེན་ལྕགས་རི་རིང་མོའི་ཐོག་ནས་མཆོང་སྟེ།།
བདེན་རྫུན་རྩ་བ་སྔོག་དུས་སུ་རྒྱལ་བལྟ་ཆོག།
༢༠༡༡ ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ཕ་རེ་སི་ནས།
དཔའ་བོ་དགུ་ཡི་རེ་སེམས།
མ་ཡི་གཅེས་ཕྲུག་དགུ་པོས། །
མ་རབས་རྒྱ་གཞུང་ཡ་ལན། །
མ་གྱུར་འགྲོ་བའི་དོན་དུ། །
མ་རྨད་མེ་ལམ་བདམས་སོང་། །
མ་གྱུར་འགྲོ་བའི་དོན་དུ། །
མ་ཎི་འདོན་མཁན་རྩམ་གཟན། །
མ་འདུག་ལྷོད་ལྷོད་མ་འདུག །
མ་དྲང་རྒྱ་གཞུང་སྲོངས་དགོས། །
ཆ་བརྒྱད་ཡ་དགུས་གྲོལ་སོང་། །
དྲ་རོགས་གསལ་ལེ་རྒྱལ་ལགས་བཀའ་དྲིན་ཆེ་ཡག་པོ་བྲིས་འདུག
…….. སྤྱན་ཆབ་ཀྱིས།
ཨ་མའི་ལོ་ལོ་ཚོའི་སྙིང་སྟོབས།
རྒྱ་ཆེ་འཛམ་གླིང་ན་གྲགས་ཀྱང།
བསམ་མེད་མི་བུ་འགའི་ཁ་ནས།
གང་འབྱུང་མི་བསྒྲོག་པའི་སྨོན་ལམ།
ཨ་མའི་སྙིང་གི་ཚིལ་ལུ།
ཚིལ་ལུ་ཁྱོད་ག་ན་ཡོད་དམ།
ང་ཡི་སྙིང་ཁ་ནས་
དགྲ་བོས་དུམ་བུར་བཏངས་ཏེ་ཁྱེར་སོང་ངམ།
མེ་ལ་བསྲེགས་ཏེ་བསུར་དུད་བཏང་སོང་ངམ།
དཀར་ཕྱོགས་དགེ་བའི་ལྷ་རྣམས་ཐུགས་དགྱེས་སོང་ངམ།
ཨ་མའི་སྙིང་གི་དུམ་བུ།
ང་ཡི་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུའང་ཁྱོད་ལས་མི་དྲན།
སྙིང་གི་ཚིལ་ལུ་ཁྱོད་ཀྱིས་ང་དོ་བོར་སྐྱུར་ཕོད་པ་འདུག་གམ།
ཨ་མའི་གཅེས་ཕྲུག་དགུ་ཕྲུག
ཨ་མའི་མིག་ཆུའི་ཁྲག་གི་ཐིག་པ་རེ་རེ་བྱས་ཏེ་བབས་པ་ཡིས་ས་གཞི་བརླན་པར་བྱེད་པར་ཁྱོད་ཀྱི་བཟོད་པ་འདུག་གམ།
ཨ་མས་ཟླ་དགུ་ངོ་བཅུ་གཅེས་པའི་ལུས་ཀྱི་སྒྲོམ་དུ་རྟེན་གསུམ་བཞིན་ཉར།
ཨོ་ད་ཨ་མས་ཁྱོད་ཀྱི་ཆོ་རབས་བཤད་ན་རྫོགས་མཐའ་མེད་ཅིང།
སྙིང་གི་ཚིལ་ལུ་ཁྱོད་ཀྱིས་གཅེས་པའི་ལུས་སྲོག་དམར་འགྱེད་བྱས་པར་གཡའ་དང་གངས་བྲག་མཚམས་ནས་གནམ་འཕང་གཅོད་པའི་ཐང་དཀར་རྒོད་པོ་སྟོང་ཕྲག་དུ་མས་ལེགས་པའི་བསྟོད་པའི་སྒྲ་ཡིས་འབྲུག་སྟོང་ལྡིར་སོང་བར།
ཁྱོད་ཀྱིས་གསན་སོང་ངམ།
ཨ་མའི་སྙིང་གི་ཚིལ་ལུ་ཁྱོད་ཀྱིས་ཨ་མ་ཚ་ན་ཚ་གོ་ཆོད་སོང།
ཨ་མའི་སྙིང་གི་གཅེས་ཕྲུག་་་་ཨ་མ་བསྐྱུར་ནས་འགྲོ་སོང་་་ཆོས་རྒྱལ་སྲོང་བཙན་སྒམ་པོས་་་་ཁྱེད་ལ་བསུ་མ་ལོས་ཡོད་
དྲ་གྲོགས་ལགས་ནས་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ།།
དྲ་གྲོགས་གསར་ལེ་རྒྱལ་གྱིས་བྲིས་པའི་རྩོམ་ཡིག་དེས་ངའི་ཟུང་མཆི་མས་བཀང་སོང་ལ། ལྷག་བསམ་དང་བྱམས་བརྩེ་ཡི་མེ་དཔུང་སྤར་བའི་ཨ་མ་རྒན་མོ་དེ་དག་གི་སྐྱོ་གདུང་གི་འག་སྐད་དེ་ངས་འདི་ནས་འཚོར་གྱིན་འདུག