ཆབ་ངོམས་ཨ་ཚོགས།
དྲིན་ཅན་ཨ་མ་ལགས།
ཁྱེད་ནི་ངའི་སྙིང་དབུས་ནས་ནམ་ཡང་བྲལ་ཐབས་མེད་པའི་སྐྱེད་མ་ཞིག་ཡིན།
ངའི་ཨ་མ་ལགས་ནི་ཉིན་གཅིག་སློབ་གྲྭར་འགྲོ་མྱོང་མེད་ལ།
སྦྱོང་བའི་སློབ་སྦྱོང་ཟེར་བ་ཅི་མེད་མོད།
རང་བཞིན་གྱིས་བརྩེ་སེམས་ཟབ་མོ་ཞིག་ཡོད།
ཨ་མས་བུ་ཕྲུག་ལག་པ་ནས་འཇུས་ཤིང་།
རྟག་ཏུ་བྱམས་བརྩེས་སྐྱོང་བ་མཛད།
ཨ་མ་ནི་བྱམས་བརྩེའི་བདག་ཉིད་ཅན་གྱི་སྟོན་པ་དེ་ཁོ་ནའོ།
དྲིན་ཅན་གྱི་ཨ་མ་ལགས།
ལུས་ལ་བོད་ཆས་གཙང་མ་གྱོན་ཞིང་།
ངག་ནས་བོད་སྐད་གཙང་མ་སྨྲ།
མི་ཚེའི་ནང་དུ་རྒྱ་ཆས་གྱོན་པ་གཏན་ནས་མཐོང་མྱོང་་མེད།
དེ་འདྲའི་གཟི་བརྗིད་ཅན་གྱི་ཨ་མ་ཞིག་མ་རེད་དམ།
དྲིན་ཅན་གྱི་ཨ་མ་ལགས།
ལོ་ཟླ་རིམ་སོང་ཨ་མ་ཁྱེད་ཧ་ཅང་དྲན་འོང་གི
ལོ་རྒྱུས་ཀྱི་སྐྱོ་གར་རི་མོ་ནང་།
ཁྱོད་ལ་དཀའ་སྡུག་ག་ཚད་མྱོང་དགོས་བྱུང་ཡང་།
ད་དུང་ཁྱེད་ཞུམ་མེད་ཀྱིས་བུ་ཕྲུག་བརྩེ་བས་སྐྱོང་།
དྲིན་ཅན་ཨ་མ་ལགས།
ཨ་མ་ཁྱེད་ལ་ལས་དབང་གིས་དཀའ་སྡུག་སྣང་མང་མྱོང་དགོས་བྱུང་རུང་།
ད་དུང་སུན་སྣང་སྤུ་ཙམ་མེད་པར་ཞལ་རས་འཛུམ་གྱིས་ཁེངས།
ཞུམ་མེད་ཀྱིས་མདུན་བསྐྱོད་གནང་།
དྲིན་ཅན་གྱི་ཨ་མ་ལགས།
ཁྱེད་ལ་ངས་སྨན་ཆུ་ཧུབ་གང་འབུལ་རྒྱུར་ཕན་ཐོགས་མ་སོང་།
དེ་འདྲའི་བུ་ང་ཐབས་སྡུག་ལས་ངན་ཞིག་མ་རེད་དམ།
ངས་མགོ་བོ་སར་བཏུད་དེ་དགོངས་དག་ཞུ་རྒྱུ་ལས་མ་འདས།
དྲིན་ཅན་ཨ་མ་ལགས་དགོངས་པ་མ་ཚོམས་རོགས་ཨ།
དྲིན་ཅན་གྱི་ཨ་མ་ལགས།
དེང་སྐབས་དྲིན་ཅན་ཨ་མ་ལགས་ཧ་ཅང་དྲན་འོང་གི།
གྲལ་རིམ་གྱི་ཞྭ་མོ་ནག་པོ་གཡོག་ནས།
ཁྱེད་ལ་བརྙས་བཅོས་དང་སྨད་ར་ག་ཚད་བཏང་བ་ད་སྐབས་ཡིད་ལ་འཁོར་འོང་།
ཚིག་ལ་མདའ་མོ་མེད་རུང་། མི་སྙིང་དུམ་བུར་གཤགས་ཟེར་བ་ཅི་མ་བདེན།
ད་དུང་ཞུམ་མེད་ངང་ནས་ཕྲུ་གུ་བརྩེ་བས་སྐྱོང་གནང་མཛད་ཅིང་།
ཐང་ཆད་པའི་རྣམ་འགྱུར་ཙམ་སྟོན་མྱོང་མེད།
ཨ་མ་ཁྱེད་ནི་དེ་འདྲའི་བཀའ་དྲིན་ཆེ་བ་ལ་ཨང་།
དྲིན་ཅན་གྱི་ཨ་མ་ལགས།
འདས་སོང་གི་ལོ་ཟླ་སྐྱུར་མོ་དེ་དག་ནི་ངས་ནམ་ཡང་སེམས་གཏིང་ནས་བརྗེད་མི་ཐུབ་ཀྱི།
སྐབས་རེར་འདས་ཟིན་ལོ་ཟླ་བསྐྱར་དྲན་བྱས་ན་ཅི་ཞིག་ཕན་སྙམ་ནས་བརྗེད་ཐབས་ལ་བརྩོན་རུང་།
གཏན་ནས་བརྗེད་ཐུབ་ཀྱི་མི་འདུག །
ཨ་ཕ་དང་རྨོ་མོ་བཅས་མི་ཚོགས་མང་པོ་དཀྱིལ་ལ།
ཉེས་ཅན་པ་ཞིག་ལྟར་མགོ་བོ་སྒུར་ཞིང་ལག་གཉིས་ཐག་པས་དཀྱིགས།
སྔོན་ཐོན་པ་ཚོས་ངར་ངར་ཤོར་ཤོར་གྱིས་གཡས་གཡོན་འཐེན་གྱིས་འཐབ་འཛིང་བཏང་།
སྐབས་དེ་དུས་ང་ལོ་ཆུང་ཞིང་མི་ཚོགས་དཀྱིལ་ལ་མགོ་བོ་སྒུར་ནས་སྡོད་རྒྱུ་ལས་ཅི།
སྐབས་དེ་དུས་ཀྱི་ལོ་ཟླ་བསྐྱར་དྲན་བྱེད་དུས་བྲང་ཁོག་ཟུག་གཟེར་གྱིས་ཁེངས་ཤིང་།
དབང་མེད་མིག་ཆུ་མཁུར་ཚོས་གཡས་གཡོན་ནས་བཞུར་ཡོང་གི།
དྲིན་ཅན་གྱི་ཨ་མ་ལགས།
ཁྱེད་ཞོགས་པ་སྔ་པོ་བཞེངས་ཏེ་ཞོགས་ཟས་གཡོས་སྦྱོར་བྱེད་དགོས་ལ།
དེ་ཙམ་མ་ཚད་འབྲི་དང་མཛོ་མོའི་འོ་མ་ཡང་འཇོ་དགོས།
ད་དུང་དེ་ལས་ག་ལ་ཚད།
བུ་ཕྲུག་ལ་ཡང་ལྟ་རྟོག་བྱེད་དགོས།
འཇིག་རྟེན་གྱི་ཁམས་འདིར་ཨ་མ་ལས་བཀའ་དྲིན་ཆེ་བ་སུ་ཞིག་ཡོད།
དངོས་གནས་སུ་ཞིག་མེད།
སྐར་མ་གཅིག་ཀྱང་དལ་ལྷོད་སྡོད་ཁོམ་མེད་ཅིང་།
དྲིན་ཅན་གྱི་ཨ་མ་ལགས།
བཞེས་ལག་བཞེས་ཞོར་ལས་ལ་བརྩོན།
ཕྲུ་གུ་ལ་ཆམ་པ་ཙམ་ཞིག་འཕོག་པ་ན།
མཚན་གང་གཉིད་གཏན་ནས་མི་ཁུག །
བཟའ་རྒྱུ་ཡག་པ་ཞིག་རག་ཚེ་བུ་ཕྲུག་ལ་སྟེར་པ་ལས་རང་ཉིད་བཟའ་མི་ནུས།
གྱོན་རྒྱུ་ཡག་པོ་ཞིག་རག་ཚེ་རང་ཉིད་ཀྱི་གྱོན་མི་ནུས་པར་བུ་ཕྲུག་ལ་གཡོག
ཨ་མ་ཁྱེད་ནི་དེ་འདྲའི་ཆོག་ཤེས་ལྡན་པ་ལ་ཨང་།
དྲིན་ཅན་གྱི་ཨ་མ་ལགས།
ངག་ནས་ཡིག་དྲུག་བགྲང་བཞིན་མདུན་བསྐྱོད་གནང་།
དེང་སྐབས་ཁྱེད་ཧ་ཅང་དྲན།
བཀའ་དྲིན་ཆེ་ཨ་མ་ལགས། ཁྱེད་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས།
སྨོན་ལམ་འདེབས།
ལྷག་པར་དེ་རིང་ནི་འཛམ་གླིང་གི་ཨ་མའི་ཉིན་མོ་ཡིན་ན། འཛམ་གླིང་གི་ཨ་མ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། ཚེ་རིང་ནད་མེད་ཡོང་བར་སྨོན།
ཞེས་པ་འདི་ནི་ཆབ་ངོམས་ཨ་ཚོགས་ཀྱིས་ཨ་མ་ཉིན་མོར་གང་དྲན་ཚུལ་དུ་བྲིས་པ་ཡིན། ༢༠༢༢/༥/༨