གསལ་ལེ་རྒྱལ།
ལོ་རེའི་སྣ་ཡི་ཁ་ཡག་ལན་གཅིག་དེར་ཉན་ནས།།
ཁ་སང་བསྟོད་པ་སྟོང་གི་ལས་མཚམས་ལ་བཞུགས་རྗེས།།
ད་ནིང་སྔ་སེ་ལོངས་ཞེས་ཁ་སང་གི་ལས་ཀ།
ནམ་ལང་ཉི་མས་དེད་པའི་ཨ་མ་ལགས་བདེ་འམ།།
དྲ་རྒྱའི་རྒྱུད་ལམ་ཚང་མ་འགུལ་སྟངས་ལ་བལྟས་ན།།
ཁ་སང་ཁེར་མོར་ཁ་སྐྱིད་ཡ་མཚན་ཞིག་བརྒྱབ་འདུག།
རྒྱས་ཟ་རྒྱས་འཐུང་བྱེད་ལ་མ་གོམས་པའི་ཨ་མར།།
རྒྱགས་གཟེར་ལྟོགས་གཟེར་གཉིས་ལ་ཁྱད་པར་འདྲ་འདུག་གམ།།
རྗེ་བཙུན་སྒྲོལ་མའི་གོང་ནས་འདུག་ས་ཞིག་ལས་ཏེ།།
ཨ་མ་བཞུགས་དང་བཞེས་ཞེས་སྐྱག་ཕྲུག་ཚོ་ཡོང་ནས།།
ཉི་མ་གཅིག་ལ་སངས་རྒྱས་གོ་འཕང་དེ་གཡར་དུས།།
ཡ་མཚན་སྐྱིད་ཐལ་བསམ་པའི་སྣང་བ་འདྲ་བྱུང་ངམ།།
ཁ་སང་སོ་མ་སད་པའི་མུག་ཕྲུག་ཚོ་རིག་ན།།
དེ་རིང་ཡང་བསྐྱར་གཉིད་པའི་སྐྱག་ཕྲུག་ཚོ་མཐོང་ན།།
ཁ་སང་བཤད་པའི་སྐད་ཆ་འཇའ་མཚོན་ལྟར་ཡལ་རྗེས།།
ཨ་མའི་དུས་ཆེན་རྗེས་མར་རེ་སྒུག་འདྲ་ཡོད་དམ།།
ཁ་སང་དག་པའི་ཞིང་ནས་ལྷོད་ལྷོད་བྱས་བསྡད་ཀྱང་།།
དེ་རིང་མ་དག་ལས་ཀྱིས་གཉའ་ལྟག་ནས་བཙུར་ན།།
གཡོག་མོའི་སེམས་ཤུགས་སྤར་བའི་འཁྲབ་སྟོན་འདིའི་རྗེས་ནས།།
བུ་ངོ་མ་ཡིས་མ་ཤེས་དཀའ་ངལ་འདྲ་བྱུང་ངམ།།
ཚིག་གི་མེ་ཏོག་འཐུ་བའི་སྒྱུ་རྩལ་བ་ཞིག་གིས།།
ཨ་མ་སྙིང་ནས་དྲན་པའི་རྣམ་འགྱུར་ཞིག་སྟོན་ཆེད།།
ཨེ་མ་ཨ་མ་རྗེ་བཙུན་སྒྲོལ་མ་ཞེས་བོས་ནས།།
ས་ལྡིང་གནམ་ལྡིང་བྱེད་པ་དྲ་ཐོག་ནས་མཐོང་ངམ།།
ཨ་མ་གྲོངས་རྗེས་ཨ་མ་གཉོར་སྟངས་ཤིས་བྲིས་འདུག།
ཨ་མའི་མདུན་ནས་ཨ་མ་དྲན་སྟངས་ཀྱང་བཤད་འདུག།
མ་དྲན་དྲན་ཁུལ་བྱེད་པའི་འཁྲབ་སྟོན་དག་རིག་ན།།
མགོ་སྐོར་མགོ་གཡོགས་འདི་ལ་སུན་སྣང་འདྲ་འདུག་གམ།།
གྲྭ་ལོག་མ་ལོག་ཚོ་ལ་ཡིད་ཆེས་ཅང་མི་འདུག།
མར་གྱུར་སེམས་ཅན་ཞེས་པའི་ཐ་སྙད་དེའི་འཕྲོ་ནས།།
མ་སྐྱེས་ཨ་མ་ཞེས་པའི་མིང་ཞིག་ཀྱང་བཟོས་འདུག།
ཨ་མ་མ་ལོས་རིག་པ་སྐྲ་རྩེ་ལ་འཛིན་རོགས།།
༡༡/༠༥/༢༠༢༡ ཕ་རེ་སི་ནས།