དོལ་སྨྱོན།
1—–ཨ་མ་འགྲེལ་བ།
ཨ་མ་ནི་གནམ་ཡིན།
ཨ་མ་ནི་ས་ཡིན།
གནམ་ས་གཉིས་ཀྱིས་ང་ཚོ་བསྐྱངས་ཡོད།
གནམ་ས་གཉིས་ཀྱིས་ང་ཚོ་བསྐྱོར་ཡོད།
ཨ་མ་ནི་འབྱུང་བ་བཞི་ཡིན།
འབྱུང་བ་བཞི་ལས་གྲུབ་པའི་གོ་ལ་ཟླུམ་པོ་འདི་ཡིན།
ད་དུང་འབྱུང་བ་བཞི་ལས་གྲུབ་པའི་རང་ཉིད་ཀྱི་ལུས་ཕུང་འདི་ཡིན།
དེ་བས་ཨ་མ་ཡོད་ན་ཅི་ཡང་ཡོད་པ་ཡིན་ལ།
ཨ་མ་མེད་ན་གང་ཡང་མེད་པར་འགྱུར་རོ།།
2—–ཨ་མའི་བཀའ་དྲིན་དྲན་པ།
ཟླ་དགུ་ཁོག་ཏུ་ཉར་བའི་བཀའ་དྲིན་དྲན་ཡོད།
ལོ་གསུམ་པང་དུ་ཁུར་བའི་བཀའ་དྲིན་དྲན་ཡོད།
ཞིམ་དགུའི་ཟས་ཀྱིས་གསོས་པའི་བཀའ་དྲིན་དྲན་ཡོད།
འཇམ་དགུའི་གོས་ཀྱིས་གཡོགས་པའི་བཀའ་དྲིན་དྲན་ཡོད།
བྱམས་དང་བརྩེ་བས་བསྐྱངས་པའི་བཀའ་དྲིན་དྲན་ཡོད།
3——-ཨ་མའི་དྲིན་ལན་འཇལ་བ།
ངའི་མིག་གིས་གཟུགས་མཐོང་བ་ཨ་མ་ཁྱོད་ཀྱི་བཀའ་དྲིན་ཡིན།
དེ་བས།
“མིག་གིས་སེམས་ཅན་ལྟ་ན་ཡང་།།
འདི་དག་ཉིད་ལ་བརྟེན་ནས་དག།
སངས་རྒྱས་ཉིད་དུ་གྱུར་རོ་ཞེས།།
དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ།”
ཞེས་པའི་དོན་ལ་ཅི་ནུས་ཀྱིས་འཇུག་པར་དམ་བཅས་པ་ཡིན།
ངའི་ངག་གིས་སྨྲ་ཤེས་པ་ཨ་མ་ཁྱོད་ཀྱི་བཀའ་དྲིན་ཡིན།
དེ་བས།
“སྨྲ་ན་ཡིད་ཕེབས་འབྲེལ་བ་དང་།།
དོན་གསལ་ཡིད་དུ་འོང་བ་དང་།།
ཆགས་དང་ཞེ་སྡང་སྤངས་པ་དང་།།
འཇམ་ཞིང་རན་པར་སྨྲ་བར་བྱ།།”
ཞེས་པའི་དོན་ལ་འབད་པས་འཇུག་པའི་དམ་བཅས་པ་ཡིན།
གཞན་ཡང་།
ངའི་ཨ་མ་བུད་མེད་ཅིག་ཡིན་པའི་ཆ་ནས།
ངས་གནམ་འོག་གི་བུད་མེད་ཀུན་ལ་བརྩི་བཀུར་བྱེད།
དགའ་བའི་མིག་གིས་བལྟ།
བརྩེ་བའི་འཛུམ་གྱིས་བསུ།
མཐུན་པའི་ལག་རྡང་སྦྲེལ།
4——ཞུ་མཆིད་ཚིག་གསུམ།
ཁྱོད་ཀྱིས་བརྩེ་བས་གནང་བའི་གཡུ་བྱུར་རྐང་གསུམ་དེ།
ད་ལྟ་ངའི་སྐེ་ལ་བཏགས་མེད།
ཁྱོད་ཀྱིས་རེ་བས་བྱིན་པའི་རས་ཡུག་དམར་ཁྲ་དེ།
ད་ལྟ་ངའི་ལུས་ལ་གྱོན་མེད།
འོན་ཀྱང་ད་སྐབས།
ངས་གཡུ་བྱུར་རྐང་གསུམ་དེ་ཤིན་ཏུ་དྲན་ཅིང་།
རས་ཡུག་དམར་ཁྲ་དེ་ལྷག་ཏུ་དྲན་འོང་།
ཁྱེད་ཀྱི་ཞལ་རས་དྲན་མི་ཐུབ་ནའང་།
ཁྱེད་ཀྱི་བརྩེ་དུང་རབ་ཏུ་དྲན་འོང་།
དུས་དང་རྣམ་པ་ཀུན་ཏུ།
ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་ལྷག་ཏུ་དྲན་འོང་།
འོ། ད་དུང་ཞུ་རྒྱུ་ཞིག་ལ།
ངས་ཁོ་མོ་བོར་སོང་།
ཨ་མའི་བརྩེ་དུང་གི་ཚབས་བྱེད་ཐུབ་པའི་ཁོ་མོ་བོར་སོང་།
ཨ་ཕའི་འཛུམ་མདངས་ཀྱི་ཚབས་མཚོན་ནུས་པའི་ཁོ་མོ་བོར་སོང་།
ཁོ་མོ་བོར་ཤུལ་དུ་ངས་ཁྱེད་རང་ལྷག་ཏུ་དྲན་ཡོད།
ཁོ་མོ་བོར་ཤུལ་དུ་ངས་ཁྱེད་རང་རབ་ཏུ་དྲན་ཡོད།
ཁོ་མོ་བོར་ཤུལ་དུ་ང་ནི་ནམ་ཡང་ཁེར་རྐྱང་ཡིན།
འོན་ཀྱང་ཁྱེད་ཀྱིས།
ང་རང་ཁེར་རྐྱང་གི་ཀློང་ན་སྐྱོ་བས་གཟིར་ཡོད་མ་སེམས་རོགས།
ཁེར་རྐྱང་གི་ཀློང་ནས།
ངས་ད་གཟོད་ཁོ་མོ་མཐོང་ཐུབ།
འཛུམ་མདངས་ཀྱིས་ཕྱུག་པའི་ཞལ་རས་སྒོར་སྒོར་དེ་མཐོང་ཐུབ།
བརྩེ་བས་གཏམས་པའི་སེམས་རྒྱུད་འཇམ་པོ་དེ་མཐོང་ཐུབ།
སྐབས་དེ་དུས་ནི།
ང་རང་ཆེས་སྐྱིད་པའི་སྐད་ཅིག་མའི་དུས་ཚོད་དེ་ཡིན།
5—–ས་སྟེང་གི་བུ་ཕྲུག་ཀུན་ལ་ཞུ་བ།
ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་སེམས་ལ་ཟུངས་རོགས།
ཨ་མ་རྒན་མོའི་སེམས་པ་དེ་ནམ་ཡང་དྲོན་མོར་འཇོག་རོགས།
ཨ་མ་ནི་ནམ་ཡང་ཨ་མ་ཡིན་དུས།
འཇིག་རྟེན་འདིར་ཨ་མའི་ཚབས་བྱེད་ཐུབ་མཁན་སུ་ཡང་མེད་པས།
ཁྱོད་ཀྱིས་ནམ་ཡང་རང་གི་མ་རྒན་དེ།
བརྩེ་བས་སྐྱོང་རོགས། དུང་བས་བཀུར་རོགས།
6——-དོན་དམ་པའི་ཨ་མར་ཕྱགའཚལ་བ།
“དང་པོ་ལུས་སེམས་བསྐྱེད་པའི་མ།།
བར་དུ་ཟང་ཟིང་བྱིན་པའི་མ།།
ཐ་མར་སྐྱེ་མེད་སྟོན་པའི་མ།།
མ་དྲིན་མོ་ཆེ་ལ་ཕྱག་འཚལ་ལོ།།”
8.5.2016 ཉིན་ལས་ཀའི་བར་སྟོང་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ།
དོལ་སྨྱོན་ལེགས་ཀྱི་ཨ་མ་དྲན་གླུ་སྙན།
མཐུན་པའི་ལག་རྡང་སྦྲེལ། འདིར། ལག་རྡང་། ཞེས་པའི་དོན་དག་གང་ཡིན་ནམ།
་
སེམས་རོགས། ཟུངས་རོགས། འཇོག་རོགས། འཇོག་རོགས། སྐྱོང་རོགས བཀུར་རོགས། འདི་དག་ལ་བོད་སྔོན་བྱོན་མཁས་པ་དག་གིས་གྲོགས་ཞེས་བྲིས། དིང་དུས་ཀྱི་ཁ་ནས་འཐོན་པ་ལྟར་འབྲི་བ་པོ་དག་གི་ལུགས་ལ་རོགས་སོ།
་
“དང་པོ་ལུས་སེམས་བསྐྱེད་པའི་མ།།
བར་དུ་ཟང་ཟིང་བྱིན་པའི་མ།།
ཐ་མར་སྐྱེ་མེད་སྟོན་པའི་མ།།
མ་དྲིན་མོ་ཆེ་ལ་ཕྱག་འཚལ་ལོ།།”
་
ཚིག་རྐང་དང་པོ་དང་གཉིས་པར་འདས་པ་དང་། གསུམ་པར་ད་ལྟ་བར་བྲིས་པ་ལ་རྒྱུ་མཚན་ཡང་དག་ཅིག་ཡོད་དམ།
་
དང་པེ་མི་ལུས་རིན་ཆེན་སྦྱིན་མཁན་གྱིས་ཕ་མ་གཉིས་།
བར་དུ་གསོ་སྐྱོང་བྱེད་མཁན་གྱིས་ཕ་མ་གཉིས་།
མཐའ་མར་མི་ཚེའི་མདུན་ལམ་སྟོན་མཁན་གྱི་ཕ་མ་གཉིས་།
དེའི་ནང་ནས་ཨ་མས་ཟླ་དགུ་བཞག་དགུ་ཁོག་ཏུ་སྲུང་།
ལོ་གཉིས་བར་དུ་སྤང་དང་རྒྱབ་ཏུ་སྦྱར་།
ཉིན་ལས་མཉམ་དུ་བུ་ཕྲུག་འཚོ་།
ཚན་གྱི་གཉིད་བཞག་ནས་བུ་ཕྲུག་འཚོ་།
མ་འགྱུར་སེམས་ཅན་དོན་དུ་མ་ཎི་བསོག་།།
ཕ་དང་མ་ཡིའི་དྲིན་ལན་དེ་ཡིའི་མཇལ་།
རྒན་ལ་དྭགས་པར་ཁམས་བདེ་ཞུ།
ང་རང་ཆུང་དུས་སྐབས་ཀྱི་དབྱར་ཁར་སྒོ་ཟོག་རྣམས་རི་ལ་དེད་ནས་གྲོང་ལ་འགྲོ་དགོས། དེ་དུས་སྔ་དགོང་འབྲི་མོར་འོ་མ་བཞོ་དུས་བེའུ་རྣམས་རྡང་ལ་བཏགས་ནས་གཅིག་རྗེས་གཅིག་མཐུད་ཀྱིས་འོ་མ་བཞོ་བ་ཡིན། དེ་ལྟར་བྱས་པས་འོ་མ་བཞོ་བའི་བྱ་བ་དེ་རྙོག་འཛིང་དང་དཀའ་ངལ་མེད་པར་ལེགས་འགྲུབ་ཡོང་བ་ཡིན།
བརྒྱུད་རིམ་དེས་”རྡང་”ཞེས་པའི་འཕྲེད་འཐེན་ཐག་རིང་དེ་དང་
“རྡང་”ཞེས་མིང་ཚིག་འདི་ངའི་སེམས་སུ་བག་ཆགས་ཟབ་མོ་ཞིག་བཞག་འདུག
དེར་རྟེན་དེ་རིང་གི་སྐབས་སུ་མཉམ་གནས་དང་མཐུན་ལམ་ལེགས་འགྲུག་སོགས་མཚོན་པའི་ཆེད་དུ་”ལག་རྡང་”ཞེས་པའི་ཚིག་འདི་བེད་སྤྱད་པ་ཡིན།
ཚིགས་བཅད་དེ་ནི་གཅོད་ཚོགས་རིན་ཆེན་འཕྲེང་བ་ནང་གི་མ་རྒྱུད་གསོལ་འདེབས་སྐབས་སུ་སྲས་ཐོས་སྨྱོན་བསམ་འགྲུབ་ཀྱིས་ཡུམ་ལ་བསྟོད་པ་ཞིག་ཡིན། འོན་ཀྱང་ད་ལྟ་འདོན་ཆ་དེ་ལག་ཏུ་མེད་པས་ཚིག་ཇི་བཞིན་དྲན་པ་ལས་ཡི་གེའི་དག་ཆ་ཇི་བཞིན་མི་དྲན།
འོན་ཀྱང་སྲས་ཀྱིས་ཡུམ་ལ་བསྟོད་པ་དེ་འབུལ་བའི་སྐབས་སུ་རང་ཉིད་ཀྱི་ལུས་སེམས་ནི་སྔོན་ནས་བསྐྱེད་ཟིན་པ་དང་། གསོ་སྐྱོང་སོགས་བར་དུ་ཟང་ཟིང་ཡང་བྱིན་ཟིན་པར་བརྟེན། དེ་གཉིས་འདས་པ་དང་། གསུམ་པར་ས་ལམ་གྱི་རྣམ་བཞག་དང་ཉམས་རྟོགས་ཀྱི་བོགས་འདོན་སོགས་ནི་ད་དུང་ཡང་རང་མགོ་ཐོན་མེད་པས། མུ་མཐུད་ཡུམ་ལ་རེ་དགོས་པར་བརྟེན་ད་ལྟ་བ་མིན་ནམ་སྙམ། རང་གི་རྨོངས་འཆར་ཙམ་ཡིན། བཀའ་དྲིན་ཆེ།
དོལ་སྨྱོན་ལེགས
བེའུ་རྣམས་རྡང་ལ་བཏགས། ཞེས་པར་བེའུ་རྣམས་གདང་ལ་བཏགས། ཞེས་པ་དག་པ་ཡིན་ནམ་སེམས། སྐས་ཀྱི་གདང་བུ་ཞེས་པ་ཡང་ཡོད། སྟེགས་ལ་ཡང་གདང་ཞེས་པ་ཡིན་ནམ་སྙམ། མ་ཎིའི་སྟེགས་ལ་མཎ་གདང་ཟེར།
རྡང་དང་གདང་གཉིས་སྐབས་རེར་འབྲི་ཚུལ་གཅིག་པ་མིན་ནམ་སྙམ།
ངས་ཚིག་མཛོད་ཀྱི་ཁུངས་ཙམ་ལས་དཔེ་རྙིང་སོགས་ཀྱི་ཁུངས་དམིགས་བསལ་གང་ཡང་ཞུ་ཐུབ་མ་སོང་།