རྣམ་རྒྱལ་ཆོས་སྒྲོན། དཔེ་སྟོན་སློབ་གྲྭ འཛིན་རིམ ༨ རང་ལོ ༡༣
རི་བོ་བརྒྱ་ཕྲག་མང་པོའི་གངས་ལྗོངས་ན་བཞུགས་པའི།།
བྱམས་བརྩེ་ལྡན་པའི་ང་ཡི་ཨ་མ་ཡི་དྲུང་དུ།།
ཁྱེད་རང་མེད་པའི་ཡིད་སེམས་སྐྱིད་པོ་རང་མིན་འདུག།།
འཇོལ་མོ་གསུངས་སྐད་འདྲ་བའི་སྙིང་གཏམ་འདི་འབུལ་ལོ།།
མཚན་མོ་མུན་ནག་ཁྲོད་དུ་སྒྲོན་མེ་ཞིག་སྦར་ནས།།
ང་ཡི་བརྩེ་བའི་སྐྱེ་མར་ཡི་གེ་ཞིག་བྲིས་འདོད།།
དགའ་དགའ་སྤྲོ་སྤྲོ་ཁེངས་པའི་མི་ཚེ་འདི་ནང་དུ།།
ཁྱེད་རང་མེད་པའི་བུ་མོ་སེམས་པ་འདི་སྐྱོ་བྱུང།།
མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་འདིའི་ནང་དུ།།
མ་བུ་གཉིས་ཀྱི་ཁྲོམ་རྭའི་མཐའ་སྐོར་ན་བསྐོར་སྐབས།།
བྱམས་བརྩེ་ཁེངས་པའི་རང་ཉིད་ཨ་མ་ལགས་དྲན་བས།།
རང་ཉིད་འཁྲིས་སུ་ཡོད་པའི་འདྲ་དཔར་ལ་བལྟས་ཡིན།།
ནང་མི་རྒན་གཞོན་ཚང་མ་ཁྱིམ་ནང་ལ་འཛོམས་ནས།།
དྲི་ཞིམ་ཐུལ་བའི་ཟ་མ་སྡེར་མའི་ནང་ཡོད་ཀྱང།།
ལྟོ་བ་རྒྱགས་ཚེ་ཟ་རྒྱུ་འདོད་པ་ཞིག་མེད་པས།།
ཨུ་ཚུགས་ངང་ནས་སྤྲད་མཁན་ཨ་མ་དེ་དྲན་བྱུང།།
དགུན་དུས་ང་རང་སྐྱིད་པོས་མལ་ཆས་ནང་ཉལ་སྐབས།།
ཨ་མས་ཟས་སྣོད་ཚང་མ་ཆུ་གྲང་གིས་བཀྲུས་ནས།།
ནང་གི་ཞལ་ལའི་སྟེང་དུ་འོད་ཐིང་ངེར་བཟོས་མཁན།།
དཀའ་ངལ་ཐེངས་་མང་མྱོང་བས་ཨ་མ་ལགས་དྲན་བྱུང།།
ཨ་མ་ཁྱེད་ལ་དྲིན་ལན་བཟང་པོ་ཞིག་འཇལ་འདོད།།
ཁྱེད་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་འདི་བརྗེད་མེད།།
ག་དུས་ཡིན་ཡང་བསྐྱར་དུ་ཕྱིར་དྲན་ཞིག་བྱས་ཡོད།།
སེམས་ཁོང་རུས་བའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད།།
ང་གཉིས་བར་ལ་རྒྱང་ཐག་རིང་པོ་ཞིག་ཡོད་ཡང།།
ཁྱེད་ཀྱི་ང་ལ་གནང་བའི་རྩེ་སེམས་འདི་དྲན་ཡོད།།
ག་པར་ཕྱིན་ཡང་ཁྱེད་ཀྱིས་བཀའ་དྲིན་འདི་དྲན་ཡོད།།
ག་པར་ཕྱིན་ཡང་ཁྱེད་ཀྱི་ཞལ་ལས་འདི་དྲན་ཡོང།།
ཁྱེད་ཀྱི་གནང་བའི་བསླབ་བྱ་ཡིད་སེམས་ལ་བཅངས་ཡོད།།
ཁྱེད་རང་མེད་པའི་གདུང་བ་ངས་གཅིག་པུས་ཤེས་བྱུང།།
རིན་གོང་མེད་པའི་བརྩེ་སེམས་ཁྱེད་གཅིག་པུས་གནང་ཡོད།།
ཨ་མའི་དུས་བཟང་འདི་ལ་བཀའ་དྲིན་ཆེ་བཞུ་རྒྱུ།།
ཧ་ཅང་ཡག་པོ་བྲིས་འདུག། དཔེ་སྟོན་མིང་དོན་མཚུངས་པའི་ཕྲུ་གུ་ཞིག་རེད་འདུག།
ཡག་པོ་བྲིས་འདུག།
དངོས་གནས་མིག་ཆུ་ཤོར་ཡ་འབྲི་འདུག་ག།་ང་ནི་སེམས་སྐྱོ་ནས་མིག་གཉིས་ནས་མིག་ཆུ་སྔོན་པོ་འདོན་གྱི་འདུག།།