ཚིག མུ་ལ།
ཟླ་དགུ་ཞག་བཅུ་རིང་ལ་མངལ་དུ་ཁུར། །
ན་ཟུག་མྱོང་བཞིན་བཙས་པའི་བུ་ཆུང་ང་། །
བཅོས་མིན་བརྩེ་བ་ཞིག་གིས་གཅེས་སྐྱོང་འོག །
བྱམས་ལྡན་ཨ་མའི་པང་ནས་འཚར་ལོངས་བྱུང་། །
བཅོས་མིན་བརྩེ་བ་ཞིག་གིས་བུ་ཆུང་ང་། །
འཇམ་པོའི་གོས་ཀྱིས་གཡོག་ནས་ནུ་ཞོ་བསྣུན། །
བྱམས་པའི་འཛུམ་གྱིས་ལྟ་བཞིན་མིང་ནས་བོས། །
ཀུན་སྤྱོད་བཟང་པོ་བསླབས་ནས་གཅེས་སྐྱོང་བྱས། །
དཀའ་སྡུག་མྱངས་ནས་བསགས་པའི་ནོར་རྫས་རྣམས།
བུ་ཡིས་བདེ་སྐྱིད་འཚོ་བ་རོལ་བའི་ཆེད། །
ཕངས་མེད་སྦྱིན་པའི་བརྩེ་ལྡན་མ་ལོ་ཡིས། །
ཉིན་མཚན་ཀུན་ཏུ་བསམ་རྒྱུ་བུ་ལས་མེད། །
བུ་ང་འཇིག་རྟེན་འདི་ལ་སྐྱེས་ནས་བཟུང་། །
གོམ་ཁ་ཡང་དག་ལམ་ལ་བསྒྱུར་བའི་མ། །
བུ་ཆུང་དོན་དུ་གང་ཡང་སྒྲུབ་ནུས་པས། །
བྱམས་ལྡན་ཨ་མའི་བཀའ་དྲིན་གླུ་ཡིས་བསྟོད། །