ཨེ་མ་ཧོ།
ན་མོ་གུ་རུ་པྲ་ཛྙྰ་པ་ར་མི་ཏ་ཡེ།
རྒྱལ་ཀུན་ཡུམ་ཆེན་འཕགས་བཞི་བསྐྱེད་པའི་མ།།
མ་ལུས་འགྲོ་བ་བརྩེ་བའི་རྗེ་བཙུན་མ།།
མ་མས་གསང་གསུམ་བྱམས་པའི་དྲིན་ཆེན་མ།།
མ་རིག་གཉིད་ལས་སངས་མཛད་མཆོག་ཀུན་རྒྱལ།།
གང་འགྲོ་དབང་མེད་བར་དོ་འཁྱམས་པའི་ཚེ།།
དཀར་དམར་ཁང་ཁྱིམ་གནང་བའི་དྲིན་ཆེན་མ།།
བྱིས་པ་བསམ་མེད་རང་གཡོག་མི་ཐུབ་དུས།།
གཅིན་སྐྱག་གཙང་སྦྲ་གནང་མཛད་དྲིན་ཆེན་མ།།
ལྟོགས་སྐོམ་ཟུགས་ཟེར་སྙིང་ལ་རྒྱག་པའི་ཚེ།།
ངོ་འབོད་ཙམ་ལས་ཅི་ཡང་མི་ཤེས་དུས།།
གང་འདོད་བྱམས་བརྩེ་བུ་ལ་གང་དགོས་སྒྲུབ།།
དཀར་མངར་འོ་ཞིམ་སྟེར་བའི་དྲིན་ཆེན་མ།།
དྲོ་འཇམ་ལུས་ཟུངས་གསོ་བའི་དྲིན་ཆེན་མ།།
དབྱངས་གསལ་སྐད་ཡིག་སློབ་པའི་དྲིན་ཆེན་མ།།
བླང་དོར་ཚུལ་བཞིན་གནང་བའི་དྲིན་ཆེན་མ།།
དམ་པའི་ཆོས་ལ་བསྐུལ་བའི་དྲིན་ཆེན་མ།།
རང་ལས་བདག་གཅེས་གནང་བའི་དྲིན་ཆེན་མ།།
ཐམས་ཅད་བུ་ལ་སྦྱིན་པའི་དྲིན་ཆེན་མ།།
ལུགས་གཉིས་ལམ་བཟང་བསྟན་པའི་དྲིན་ཆེན་མ།།
ཨ་མ་དྲིན་ཆེན་སྙིང་གི་ནོར་བུ་ལགས།།
བུ་ངས་དྲན་ལན་ཞུས་པ་ཉུང་ཉུང་མིན།།
འཇིག་རྟེན་ཁམས་སུ་ཨ་མ་དྲིན་ཆེན་ལས།།
བསམ་རྒྱུ་གཞན་ལ་མེད་པའི་བུ་གཅེས་ཡིན།།
ལས་ཀའི་ཨང་གྲངས་བསགས་པའི་རྒྱ་སྒོར་དང་།།
ཕྱུགས་བདག་གཟེགས་རྟགས་ཐོབ་པའི་བྱ་དགའ་ཀུན།།
ཡོད་ཚད་མ་ལ་ཕུལ་ནས་དྲིན་ལན་ཞུས།།
ཨ་མ་དཀོར་ལ་མི་དགྱེས་ངས་ཤེས་པས།།
ཞིང་འབྲོག་སློང་མོ་ཞུས་པའི་མར་རྩམ་གྲོ།།
རྒྱ་དངུལ་གྲོགས་ཀྱིས་གནང་བའི་ཡང་སྒོ་རིགས།།
གང་བཟང་མ་ལ་བྱིན་ནས་ཐུགས་དམ་བསྐང་།།
ཨ་མ་ཉིད་ལ་དགེ་ཚུལ་སྒྲུབ་མཛད་ནས།།
རྩ་ཆེན་གནས་ཡུལ་མདོ་དབུས་ཁམས་གནས་སྐོར།།
མི་ལོར་བཅུ་བཞིར་བསམ་ཡས་མཆིམས་ཕུར་རུ།།
དབེན་པར་མཚམས་ཆས་བར་མ་ཆད་པར་ཕུལ།།
གཞན་ཡང་སྙིང་གྲོགས་དམ་པའི་བཀའ་དྲིན་ལས།།
བལ་ཡུལ་ཡང་ལེ་ཤོད་ཀྱི་རི་ཁྲོད་དུ།།
ལོ་བརྒྱད་སྐུ་མཚམས་བཞུགས་པའི་བྱམས་སྐྱོང་རིགས།།
རང་ལས་མ་ཉིད་ལྷག་པའི་འཚོ་བ་སྦྱར།།
སྒྲུབ་པའི་རྒྱལ་མཚན་སྒྲེང་པའི་ཨ་མ་ལ།།
བཀའ་དྲིན་གསོ་ཕྱིར་ནུབ་གླིང་རྒྱལ་ཁབ་ཏུ།།
གདན་འདྲེན་ཞུས་ནས་ཕྱག་གཡོག་བདག་གིས་བྱས།།
ཛྙྰ་ན་གུ་རུའི་ལྷ་ཁང་གསར་དུ་བཞེངས།།
ཆོས་བཞིན་སྤྱོད་པས་བདག་ཀྱང་གློ་བ་དགའ།།
བཤད་པའི་ཆོས་སྦྱིན་གསེར་མདོག་ལྕང་ལོས་འཛིན།།
སྒྲུབ་པའི་བསྟན་པ་ཉིན་མཚན་བར་མེད་སྐྱོང་།།
རྒྱལ་བསྟན་དར་རྒྱས་སྙིང་པོའི་ཕྲིན་ལས་སྤེལ།།
མ་རྣམས་དྲིན་ལན་ཞུས་པ་དེ་འདྲ་ལགས།།
ད་དུང་ནམ་མཁའ་མ་ཞིག་བར་དུ་ཡང་།།
རིན་ཆེན་བྱང་ཆུབ་སེམས་ལ་རྟག་འགྲོགས་ནས།།
མ་རྒན་འགྲོ་ལ་ཕན་བདེའི་གཏེར་སྦྱིན་དང་།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དཔལ་དུ་སྨོན།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཟླ་ཚེས་ལ་ངེད་མ་བུའི་འཚོ་བ་རོལ་ཚུལ་མདོར་ཙམ་གང་དྲན་དུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་ཆར་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་བྲིས་པར་དགེའོ།། །།
སྙན་པོ་བྱུང་སོང་།