ཨ་འདུས་སྐལ་བཟང་རྒྱ་མཚོས།
མི་རུ་སྐྱེས་ཀྱང་མི་ལུགས་མི་ཤེས་པའི། །
གཅེས་པའི་བུ་ཕྲུག་ཟས་གོས་གང་འབྱོར་གྱིས། །
སྐྱེས་ནས་མ་ཤི་བར་དུ་སྐྱོང་མཛད་པའི། །
དྲིན་ཅན་ཨ་མ་རྣམས་ལ་ཕྱག་འཚལ་ལོ། །
རང་གི་མིག་གིས་རང་ལམ་མི་མཐོང་ཡང་། །
སེམས་ཀྱིས་བརྩེ་བས་བུ་ཆུང་སྐྱོར་བ་ཡི། །
དྲིན་ཅན་ཨ་མའི་ལྷག་བསམ་འདི་བསམ་ན། །
སངས་རྒྱས་གསོན་པོ་གཞན་ནས་འཚོལ་དགོས་མེད། །
ཉིན་གཅིག་མ་ཡིན་ཟླ་དགུ་ཞགས་བཅུའི་བར། །
རང་གི་ལུས་སུ་གཅེས་པར་བསྐྱངས་པའི་བུར། །
བྱམས་བརྩེའི་གཟིགས་པ་ནམ་ཡང་མི་སློད་པའི། །
ཨ་མ་དག་ནི་བྱང་ཆུབ་སེམས་མར་སྣང་། །
རང་གི་ཆེད་དུ་ཁ་ཟས་ངན་ངོན་བསྟེན། །
བུ་ཡི་ཆེད་དུ་གང་མཛེས་གང་ཞིམ་བྱིན། །
བུ་ཡི་སྐྱིད་སྡུག་མིག་གིས་འཚོ་བ་ཡི། །
ཨ་མའི་བྱམས་བརྩེར་དཔེ་གཞན་ཡོད་མ་ཡིན། །
བརྩེ་བའི་སློབ་ཁྲིད་ཐོག་མ་ཨ་མས་མཛད། །
སྦྱིན་པའི་མན་ངག་དང་པོ་ཨ་མས་གནང་། །
བཟོད་པ་ལ་སོགས་ཕྱིན་དྲུག་ནོར་བུ་ཆེ། །
ཨ་མས་མ་སྩལ་བ་དེ་གང་ཞིག་ཡིན། །
སྒྲོལ་མ་འདོན་བཞིན་འཇིགས་སྐྱོབ་ཐུགས་ཀྱིས་གཟིགས། །
མ་ཎི་བགྲང་བཞིན་འཇམ་པོའི་ཚིག་གིས་འབོད། །
རྩམ་པ་མཆོད་བཞིན་བརྩེ་བའི་འཛུམ་གྱིས་བསུ། །
གངས་རིའི་ཨ་མ་རྣམས་ལ་ཕྱག་འཚལ་ལོ། །
བུ་ལ་ཕན་ན་རང་གི་ཤ་ཡང་སྦྱིན། །
བུ་སྐྱོབས་སླད་དུ་རང་གི་སྲོག་ཀྱང་འདོར། །
བུ་ཡི་ཕན་གནོད་ཁོ་ནར་ཅེར་བ་ཡི། །
དྲིན་ཅན་ཨ་མ་གནམ་གྱི་ཕྱེད་ཀ་ཡིན། །
ཁོག་ན་ཡོད་དུས་ཟས་བཅུད་གཙང་མས་གསོས། །
སྐྱེས་མ་ཐག་ནས་འོ་བཅུད་ཞིམ་པོས་བསྐྱངས། །
དར་མའི་ཚེར་ཡང་ཟས་གཡོ་གོས་བསྐོན་བྱེད། །
ཨ་མའི་བརྩེ་བ་བསམ་ན་གནམ་ཡང་ཆུང་། །
དེས་ན་འགྲོ་ཀུན་མ་རུ་ལྟ་བ་ཡི། །
སེམས་བསྐྱེད་པ་དང་བདག་གཞན་བརྗེ་བ་སོགས། །
སངས་རྒྱས་པ་ཡི་ཆོས་ཚུལ་ཟབ་མོ་དག །
བསམ་ན་ཨ་མ་ལ་དད་པ་ལྷག་ཏུ་སྐྱེ། །
རིགས་པའི་དབང་ཕྱུག་དཔལ་ལྡན་ཟླ་བ་ཡིས། །
སྲིད་ཞིའི་རྩ་བ་སྙིང་རྗེར་བསྔགས་པ་བཞིན། །
དུས་རབས་གསར་པའི་གངས་ཅན་གཞོན་ནུ་ཚོས། །
སྙིང་རྗེའི་བདག་མོའི་དྲིན་ལན་བསམ་པར་རིགས། །
ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༧ ཉིན་ཨ་མ་ལོངས་པ་ཞིག་གིས་རང་གི་ཕྲུ་གུ་ཆུང་ཆུང་དེ་ཁྲིད་ནས་འགྲོ་བཞིན་པའི་པ་མཐོང་མ་ཐག་ཡིད་ཤིན་ཏུ་སྐྱོ་སྟེ་ཨ་འདུས་སྐལ་བཟང་རྒྱ་མཚོས་ཡུམ་བུའི་གྲོང་གི་རང་སྦྱིལ་ནས་ཤར་མར་བྲིས་སོ། །
སེམས་ཀྱི་ཉི་མ།
མི་ཡི་ཤ་ཚུགས་ཟིན་པ་ནས། །
ཡུལ་གྱར་འཚོ་བ་མ་འགྲིམ་བར། །
བདག་གི་སེམས་ཀྱི་གངས་རི་ནི། །
ནམ་ཡང་དགུན་ཟླ་ཇི་བཞིན་འཁྱག །
འོན་ཀྱང་སྔོན་ལས་བཙན་པོ་ཡིས། །
ཧི་མ་ལ་ཡ་བརྒལ་ཉིན་ནས། །
མཚན་མཆོག་གསུམ་གྱི་དྲོད་ལྡན་པའི། །
སེམས་ཀྱི་ཉི་མ་ཁྱོད་དང་མཇལ། །
ལོ་དང་ཟླ་བའི་འཁོར་འགྲོས་ནི། །
གཙང་པོའི་རྒྱུན་ལས་མགྱོག་པ་སྟེ། །
སང་ཉིན་ཁྱོད་དང་མཇལ་ནས་ནི། །
བགྲང་བྱ་ཉི་ཤུ་ཟིན་པ་ཚོར། །
སྐྱེ་རྒ་ན་འཆིའི་ཆོས་ཉིད་ལ། །
གྲུབ་ཆེན་དག་ཀྱང་མི་རྒོལ་མོད། །
དགུང་ལོ་བརྒྱ་ལྷག་བཞུགས་དགོས་ཏེ། །
གཞིས་བྱེས་མཉམ་འཛོམས་དགོས་པས་སོ། །
དགྱེས་ཞལ་ཐུབ་པའི་འཛུམ་ཆུང་ལ། །
ཞི་བའི་ཟེར་བརྒྱ་རྟག་སྤྲོ་བ། །
ཁྱོད་ནི་གངས་རིའི་ཉི་མ་སྟེ། །
སྐྱེ་རྒུའི་མཁའ་ལ་ལྷག་ཏུ་མཛེས། །
མཐའ་བྲལ་མན་ངག་ཟབ་མོའི་དྲོད། །
ཁྱོད་ཐུགས་ཉི་མའི་དཀྱིལ་འཁོར་ནས། །
སྲིད་ཞིའི་ཕང་བར་བརྡལ་བའི་གཏམ། །
མཁས་མང་བྱེ་བའི་ངག་ན་འཁྱིལ། །
མཁའ་ལ་འོད་ལྡན་མང་ནའང་། །
ཉི་མ་ལྟ་བུ་ཡོད་མ་གྱུར། །
བོད་ལ་བླ་མ་མང་མོད་ཀྱང་། །
ས་ཆེན་གོང་མར་འགྲན་འདོད་སུ། །
ཁྱེད་ཀྱི་འཁྲུངས་སྟོན་བསུ་བའི་དབྱངས། །
སྟོང་གསུམ་ཁྱོན་དུ་འཐེན་པ་ན། །
ངལ་བས་དུབ་པའི་འགྲོ་རྣམས་ཀྱང་། །
སྤྲོ་དགའི་དཔལ་ལ་ངང་གིས་རོལ། །
མདོར་ན་སྐུ་ཚེ་བརྟན་པར་ཤོག །
ཆོས་འཁོར་རྒྱུན་ཆད་མེད་པར་ཤོག །
གངས་རིའི་འདོད་དོན་འགྲུབ་པར་ཤོག །
སྐྱེ་རྒུའི་ཞི་བས་འཚོ་བར་ཤོག །
ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ས་སྐྱ་པ་ཆེན་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྟོན་ལ་དམིགས་ཏེ་དམ་པ་གང་གི་ཞལ་སློབ་འབུམ་ཕྲག་གི་གྲལ་མཐའ་བ་ཨ་འདུས་སྐལ་བཟང་རྒྱ་མཚོ་ཞེས་པའི་རྒྱལ་ཁམས་པ་དེས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༢༨ ཉིན་མཆོད་རྟེན་བྱ་རུང་ཁ་ཤོར་དང་འདབས་འབྲེལ་བའི་རང་ཤག་ཏུ་ཤར་མར་བྲིས་སོ། །
ཁྲ་དང་གླག་དང་སྤྱང་ཀིའི་ཨ་མ་ཡིས།།
ཕྲུག་གུའི་གསོ་སྐྱོང་མཐོང་ན་ཅི་སྐད་སྨྲ།།
དེ་ཡང་སངས་རྒྱས་གསོན་པོ་ཡིན་ནམ་ལགས།།
ཨ་ཅང་ཀུ་རེ་ཡིན་ནོ་བཞད་དགད་མཛོད།།