ཨེ་མ་ཧོ།
ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
ངོ་བོ་ལྷན་སྐྱེས་ཆོས་སྐུ་ཀུན་ཏུ་བཟང་།།
རང་བཞིན་རང་རིག་ལྷུན་གྲུབ་རྡོ་རྗེ་འཆང་།།
ཐུགས་རྗེ་ཀུན་ཁྱབ་བརྒྱུད་གསུམ་བླ་མ་མཆོག།
ཀུན་འདུས་ཆོས་རྗེ་དམ་པས་དུས་ཀུན་སྐྱོང་།།
དེ་ཡང་བཀའ་དྲིན་དང་བྱམས་བརྩེ་བླ་ན་མེད་པར་མཆིས་པའི་ཨ་མ་ཨོ་རྒྱན་སྒྲོལ་མ་ནི་རབ་ཚེས་མེ་ཁྱི་རྒྱལ་ཟླའི་དུས་ཚེས་དགེ་བར་ཡབ་དགེ་རྩེ་རྒྱལ་ཐོབ་དང་ཡུམ་ཡ་བཟའ་བཞེས་བྷོ་གཉིས་སུ་སྐུ་འཁྲུངས། ཡབ་ཡུམ་དགྱེས་བཞིན་དུ་བུ་མོའི་མཚན་ལ་སྐྱབས་ཐོབ་ཅེས་གསོལ་ཞིང་ཁྱིམ་གྱི་གཡང་སྲས་གཅིག་པུར་གྱུར།ཆུང་ནས་དད་གུས་དང་དག་སྣང་ལྷན་སྐྱེས་སུ་མངའ་ཞིང་ཡིད་འོང་གི་ལང་ཚོ་གོང་དུ་འཕེལ། དགུང་གྲངས་བརྒྱད་ལ་སོན་པ་དང་སྐྱབས་རྗེ་དམ་པ་རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་དང་མཇལ་ནས་སྐྱབས་འགྲོའི་སྡོམ་པ་ཞུས་ནས་མཚན་ལ་ཨོ་རྒྱན་སྒྲོལ་མ་ཞེས་གསོལ།
དེ་ནས་བཟུང་སྐྱབས་འགྲོ་དང་སྒྲོལ་མ་ཞལ་འདོན་རྒྱུན་དུ་མཛད། མཐོ་སྒང་གི་རྩ་ཐང་ནས་ལང་ཚོ་བཞད་ཅིང་ཕྱུགས་རིགས་འཚོ་སྐྱོང་དང་དག་སྣང་གི་ཞིང་ཁམས་ཕེབས་པ་སོགས་གསང་བའི་ལོ་རྒྱུས་དུ་མ་མཆིས། མཛེས་མཛངས་དཔལ་ཡོན་གྱིས་ཕྱུག་པའི་གངས་རིའི་སྲས་མོ་དེ་ཡང་སྟག་དགོན་དབྲ་ཆེན་ཨ་མྱེ་ཞི་ཁྲོ་རབ་འབྱམས་ཀྱི་ཐབས་གྲོགས་གནང་ནས་ལྷ་སྲས་དཔལ་དགྱེས་པ་རྡོ་རྗེ་བལྟམས་ཞིང་རྣལ་འབྱོར་བརྒྱུད་པའི་སྲོལ་བཟང་ལེགས་པའི་རྒྱན་འཆར་སྐབས་སུ་ཏང་དང་ཁྱབ་སྲིད་ངན་པས་བཙན་གནོན་འོག་ཡབ་དམ་པ་དགོངས་པ་ཆོས་དབྱིངས་སུ་རྫོང་། རྐྱེན་ངན་གྲོགས་ཤར་དང་ལྟས་ངན་གཡང་འགུགས་ཀྱི་དཔེ་ལྟར་༧མཁན་ཆེན་འཇིགས་མེད་རྣམ་རྒྱལ་དང་། དགེ་མང་མཁན་ཆེན་པདྨ་དབང་རྒྱལ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་། དཔལ་ཡུལ་དར་ཐང་གི་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཁག་དང་། ༧ཨ་འཛོམས་པེ་ལོ་དང་། རྫོགས་ཆེན་སྐལ་བཟང་སོགས་དམ་པ་དུ་མར་བསྟེན་ནས་དབང་ཁྲིད་མན་ངག་ཚུལ་བཞིན་སྒོམ་པ་དང་། མཁན་ཆེན་དར་ཐང་རས་པ་ལས་ངག་དབང་ཆོས་སྒྲོན་ཁོང་རྣམ་པར་རབ་བྱུང་དང་བསྙེན་པར་རྫོགས། ཁྱད་པར་དགེ་མང་མཁན་ཆེན་པདྨ་དབང་རྒྱལ་རིགས་བདག་གི་བླ་མ་བཀུར་ནས་ཡང་གསང་རྫོགས་པ་ཆེན་པོའི་དགོངས་པ་བརྙེས།
རྨིང་གཞི་སྔོན་འགྲོ་ནས་ཡ་ཀི་རྫོགས་ཆེན་ཀ་དག་ལྷུན་གྲུབ་ཀྱི་ཁྲེགས་ཆོད་ཐོད་རྒལ་གྱི་ལམ་ལ་ཉིན་མཚན་བར་མེད་དུ་ཡུལ་གངས་ལྗོངས་ཀྱི་སྒྲུབ་གནས་ཁྱད་པར་ཅན་བསམ་ཡས་མཆིམས་ཕུ་དང་བྲག་ཡང་རྫོང་སོགས་དབུས་གཙང་གི་དབེན་ཁྲོད་བྲག་ཕུག་དང་ནགས་ཀློང་རྣམས་སུ་མི་ལོ་བཅུ་བཞིར་སྐུ་མཚམས་ཁོ་ན་བཞུགས་ནས་ཉམས་ལེན་མཛད་པའི་ཆོས་པ་ཡང་དག་གི་དམིགས་དཔེ་མཚན་ཉིད་ལྡན་པ་ཞིག་ཏུ་གྱུར། བལ་ཡུལ་ཡང་ལེ་ཤོད་ཀྱི་མཆོག་སྤྲུལ་སྒྲུབ་ཁང་དུ་ལོ་བརྒྱད་ཀྱི་རིང་བཅད་རྒྱ་དམ་མཚམས་སུ་བཞུགས། ནུབ་ཕྱོགས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་དུ་ཕེབས་ནས་སྐུ་མཚམས་ཁོ་ན་ལོ་ལྔའི་བར་དམ་དྲག་མཛད་ནས་ད་ལྟ་ཡང་དབྱིན་ཡུལ་ཀུན་བཟང་རི་ཁྲོད་དུ་ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་རྣལ་མའི་རང་བཞིན་བཅོས་མིན་དུ་བསྟན་འགྲོའི་དོན་དུ་སྐུ་འཚོ་ཞིང་བཞུགས་པ་འདིའོ།།
ཉམས་ལེན་ཡང་སྙིང་བླ་མ་སངས་རྒྱས་མཇལ།།
གདམས་ངག་དམ་པར་རང་སེམས་སངས་རྒྱས་རྟོགས།།
ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་མས།།
བཞེད་དོན་མཐའ་དག་བདེ་མྱུར་འགྲུབ་གྱུར་ཅིག།
ཅེས་པ་རབ་གནས་ཤིང་ལུག་མགོ་ཟླའི་ཟླ་ཚེས་དགེ་བར་འབྲུག་མཆོག་སྤྲུལ་འཇམ་དབྱངས་གྲགས་པ་དང་རྒྱའི་མཆོག་སྤྲུལ་བསྟན་འཛིན་རྡོ་རྗེ་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་རང་ལ་སྙིང་ཉེ་བ་འགས་སྐུལ་ངོར་དྲིན་ཆེན་ཨ་མའི་ཉེ་གནས་རྒན་པོ་ཤྲྰི་སྨྱོན་པས་ཀུན་བཟང་རི་ཁྲོད་ཀྱི་གང་ཚིགས་སྐབས་སུ་བགྱིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཨ་མའི་རྣམ་ཐར་བདེན་པ་རིན་པོ་ཆེ་ཞེས་བྱ་བ།
་་་་་་་་་་ ཨེ་མ་ཧོ། ་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་ལྷ་སྲས་དཔལ་དགྱེས་པ་རྡོ་རྗེ་བལྟམས་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་དྲིན་ཆེན་ཨ་མའི་ཉེ་གནས་རྒན་པོ་ཤྲྰི་སྨྱོན་པས་ཀུན་བཟང་རི་ཁྲོད་ཀྱི་གང་ཚིགས་སྐབས་སུ་བགྱིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།་་་་་་་་་་་་་་་་་་་
ཨ་མ་ཧོ་དང་གཅིག དཔལ་དགྱེས་དང་གཉིས། ཤྲི་སྨྱོན་པ་དང་གསུམ་པ་སྟེ། མིང་གསུམ་པོ་དེ་དག་གང་ཟག་མི་གཅིག་གི་ཡིན་ནམ། ཡང་ན་མི་གསུམ་གྱི་མཚན་རེད། ལགས།
མིང་འདི་གསུམ་འདོད་ཆགས་ལས་སྤྲུལ་བ་དཔལ་དགྱེས། ཞེ་སྡང་ལས་སྤྲུལ་བ་ཀྱེ་མ་ཧོ། གཏི་མུག་ལས་སྤྲུལ་བ་ཤི་སྨྱོན་མིན་འགྲོ་སྙམས། གང་ལྟར་མི་གཅིག རྩོམ་བསྐུལ་བ་པོ་སྤྲུལ་མིང་གཉིས་དང་མཁན་མིང་གཅིག་གསུམ་དེའང་མི་གཅིག་སྟེ་ལྷ་ཉིད་རང་ལ་རང་ཉིད་ལྷ་རང་རེད། གང་ལྟར་བསྟན་དག་འགྲོ་ལ་མགོ་མ་བསྐོར་བ་ཕན་ཐོག་སྨོན་ལམ་དང་། མཛད་འཕྲིན་དོན་དང་ལྡན་པའི་སྨོན་འདུན་ཞུ། ཨ་མ་རྒན་མོ་ཚེ་རིང་ལོ་བརྒྱ་ཐོབ་པ་དང་། ནད་མེད་བདེ་སྐྱིད་ཕུན་ཚོགས་ཡོང་བའི་སྨོན་འདུན་ཡོད་།
མི་ལ་ཁོམ་སྐབས་ཡོད་ན་ག་རེ་ཡིན་ཡང་དྲན་ངེས་རེད། དོན་ལ་རང་ཉིད་ཆེ་རབས་ཟེར། མ་ཡུམ་འགག་ཟ་ལྷ་མོ་དང་འདྲ་རབས་དང་། བུ་རྒྱུད་གེ་སར་རྒྱལ་པོ་ཡིན་རབས་ཟེར། ད་གང་ཤེས། ཧཧཧ།