དཔྱིད་འགོའི་མེ་ཏོག
ནུབ་ཁའི་མཚམས་སྤྲིན་གྱི་ཕྱིར་མིག།
གཙང་བོའི་རླབས་ངོགས་སུ་འཕྱོ་དུས།།
རྒྱང་རིང་རྒྱང་རིང་གི་མ་ལོ།།
དྲན་གདུང་གཙང་བོ་ལ་འདྲེས་སོང་།།
བྱམས་བརྩེ་དར་དཀར་གྱི་རི་མོ།།
སེམས་པའི་ཟབ་ས་རུ་བརྐོས་ཏེ།།
དུང་སེམས་རླུང་བུ་ཡི་ལག་པས།།
ཡིད་ཀྱི་མཚོ་མོ་དེ་བསྐྱོམས་སོང་།།
ལང་ཚོའི་འཁྲི་ཤིང་གི་འདབ་གཤོག།
བརྩེ་བའི་ཕྱག་ཟུང་གིས་བསྐྱངས་ནས།།
སྤམ་པའི་ཟིལ་མངར་གྱིས་འཁྱུད་པ།།
བསམ་ན་དྲན་གདུང་གི་སྣོན་མ།།
ལྷགས་རླུང་གདུག་རྩུབ་ཀྱིས་མྱོས་ཤིང་།།
སྡོང་ལོ་མྱ་ངན་གྱིས་འཐོར་དུས།།
སྟོན་ཟླའི་ཁེར་རྐྱང་གི་སེམས་པ།།
ཨ་མའི་པང་ཁུགས་ལ་ཆས་འགྲོ།།
ཡུན་ཐུང་མཇལ་འཛོམས་ཀྱི་སྤྲོ་སྣང་།།
གྱེས་ཁའི་མིག་ཆུ་ལ་འཐིམ་འགྲོ།།
སྐྱོ་སྣང་སྐྱི་བསེར་གྱི་རླུང་བུ།།
མ་ཁོགས་རྒྱང་རིང་ལ་ཕྱིན་སོང་།།
ས་མཐའི་བུ་ཆུང་གི་འཕྲིན་པ།།
དྲན་གདུང་བསྣོན་མ་ཡི་འགྱུར་ཁུགས།།
སེམས་པའི་འཕྲེང་ཐག་ལ་བརྒྱུས་ཏེ།།
ཐག་རིང་ཨ་མ་ལ་བསྐུར་ཡོད།།
དུང་ཞེན་ཟབ་མོ་ཡི་ཚོར་བས།།
རང་སེམས་ལྷིང་འཇག་དེ་སྐུལ་ནས།།
རྒྱང་རིང་ཨ་མ་ཡི་ཕྱོགས་སུ།།
བརྩེ་མདངས་དྭངས་མ་དེ་འཕྱུར་འདུག །
ད་ནི་མ་ལོ་ལ་བརྩེ་ན།།
མཇལ་འཛོམས་བདེ་སྐྱིད་ཀྱི་ཉི་མ།།
བསུ་བྱེད་བོད་དོན་ལ་འབད་ན།།
འདི་ཕྱིར་འབྲལ་མེད་ངང་གནས་ངེས།།
ཕ་ལ་ཕ་འདང་ཡོད་པ་མི་གཞི་བྱོས།།
མ་ལ་མ་འདང་ཡོད་པ་ཁྲེལ་གཞུང་བྱོས།།
ཕུ་ནུར་བརྩེ་འདང་ཡོད་པ་ཕྱི་ཐག་བྱོས།།
འདི་གསུམ་ང་ལ་མཚོན་ནོར་བུ་ཡིན།།
*འདི་རུ་མེད་པ་གསུམ་ཡང་འདི་ཉིད་དོ།།
དེ་བས་ཁྱོད་ཉིད་སྟོད་པའི་སྐད་འདི་བཞག།
*བཙན་བྱོལ་སྤྱི་ཚོགས་ལ་གོའོ།།
བསྟོད་་་་
ཨ་མ་སྙན་ངག་པ་ཞིག་མ་ཡིན་དུས།།
གོ་རྒྱུ་མེད་པའི་ཚིག་གི་འཕྲེང་བ་ཞིག།
ཨ་མས་གོ་ན་མ་བུའི་བརྩེ་དུངས་འདི།།
ཀློག་འདོད་ཡོད་པའི་རྒྱང་འཕྲིན་ཐུང་ཐུང་ཞིག།
སྙན་ངག་པ་ཡི་སྨྱུག་ཁ་ན།།
དུས་བཞི་འདི་ལ་ཁྱད་པར་ཞིག།
དབྱར་དུས་སྙན་ངག་ཉུང་ཉུང་རེད།།
དགུན་དཔྱིད་གཉིས་ཀ་དེ་བཞིན་རེད།།
སྟོན་ཁ་སྡོང་ལོ་འཐོར་བ་དང་།།
ཤོག་བུ་ཡོད་ཚད་ལྟེབ་ཁུགས་ན།།
སྡོང་ལོ་ལྷུང་བའི་སྡུག་གཏམ་ཞིག།
གནའ་ནས་ད་བར་རྫོགས་མཐའ་བྲལ།།
དྲིན་ཕ་མ་མ་མཇལ་ལོ་མང་འགོར།།
དྲིན་འཇལ་གིན་བསམ་ནས་ད་བར་ལུས།།
དྲིན་ཆེ་བའི་དྲིན་ལན་མ་སྲོབ་ཀྱང་།།
དྲིན་ལོག་འཇལ་བྱེད་པ་ག་ནས་ཕོད།།
སྙན་ངག་འདིའི་རྒྱན་ངོས་བཟུང་ན་འདི་ལྟ་སྟེ།
ཚིག་བཅད་དང་པོ། སེམས་མེད་རབ་རྟོག་དང་སྐྱེད་བྱེད་འགྲུབ་པའི་རྒྱུ་གཉིས་འདྲེས་མ།
ཚིག་བཅད་གཉིས་པ། མི་མཉམ་པའི་གཟུགས་ཅན།
ཚིག་བཅད་གསུམ་པ། མི་མཉམ་པའི་གཟུགས་ཅན་ལ་སྐྱེད་བྱེད་འགྲུབ་པའི་རྒྱུ་ཅུང་འདྲེས་འདུག
ཚིག་བཅད་བཞི་བ། ཆ་ཤས་གཟུགས་ཅན།
ཚིག་བཅད་ལྔ་བ། ཆ་ཤས་གཟུགས་ཅན་དང་བྱ་བའི་རང་བཞིན་བརྗོད་པ།
ཡག་ཀི་ཡ
རྒྱུ་མཚན་གང་ཡང་མེད་པར་ཡག་གི་ལབ་ན་ག་རེ་ཟེར་གིན་ཡོད་རེད
རྒྱང་རིང་ཨ་མའི་ཞལ་རས།།
་ཡིད་ལ་ཝ་ལེར་ཤར་ཚེ།།
དྲན་པ་སྟོང་གི་བཟི་འགྲོ།།
དེ་ལྟར་ཡིད་ཀྱི་དྲན་ཤིང་།།
ནམ་ཡང་བསུབ་ཐབས་མེད་པ།།
དྲན་གདུང་སེམས་ཀྱི་སྣོན་མ།།
དཔྱིད་དུས་མེ་ཏོག་ཞལ་ཁ།
ཨ་མའི་འཛུམས་དངས་ཡིན་འགྲོ།
ཨ་མ་དྲན་པའི་མིག་ཆུ།
རྒྱུགས་ཆུ་ལས་ཀྱང་རིང་སོང།